གླེང་སློང་།

མ་གཞི་རང་ཉིད་འདུ་བའི་ད་ལྟའི་བོད་ཀྱི་ཡི་གེ་པའི་སྡེ་དང་བཅས་པ་ནི།བོད་པ་རང་གི་ཡུལ་སྲོལ་དང་གོམས་གཤིས།སྐད་ཡིག་དང་རིག་གཞུང་བཅས་ལ་ཡིད་ཆེས་མེད་པར་ཕྱིའི་གོམས་གཤིས་དང་སྐད་ཡིག རིག་གཞུང་བཅས་ལ་རྔམ་པ་ཆེ་བའི་དུས་ཤིག་རེད།དེ་ནི་ལོ་ངོ་འདི་དག་གི་བྲིས་རྩོམ་གྱི་དེབ་གང་ཞིག་ལ་དཔེ་ཚོང་ཁང་ནས་སྟེང་ལ་རྡུལ་ལྷུང་སྟེ་རྩོམ་པོ་དག་ལ་མ་རྩ་རྡུབས་མིན་གྱི་མཚམས་སུ་ལྷུང་ཡོད་པ་དང་།འགྱུར་རྩོམ་ཞེས་པའི་དེབ་དག་ཇི་ལྟར་དཔེ་ཚོང་ཁང་དག་གིས་ལག་སྔ་གཞུག་བརྩད་དེ་སྡེབ་ཉོ་བྱེད་ཀྱིན་ཡོད་མེད།བྲིས་རྩོམ་དང་འགྱུར་རྩོམ་གཉི་གའི་དྲྭ་ཐོག་གི་རྡེག་གྲངས་དང་གདེང་འཇོག་བྱེད་སྟངས་ཙམ་ལ་བལྟས་པས་ཀྱང་ཤེས་ཡོང་པ་མིན་ནམ།དེ་བས།འདི་རུ་རང་རེའི་སྐད་ཡིག་གི་ཡིད་ཆེས་ཉམས་པ་དང་དེ་ལ་བོད་རང་ས་ནས་ཀྱང་གཞུང་འབྲེལ་དུ་བཀོལ་བའི་རིན་ཐང་དང་ཁོར་ཡུག་མེད་པའི་དཔེ་མཚོན་གསོན་པོ་ཁག་ཅིག་དྲངས་ཏེ།སྐད་ཡིག་ཕྱོགས་ལ་ནུས་པ་ཆེར་བསྐྱེད་ཀྱིས་ཤུགས་རྒྱག་མཁན་ཚོས་མ་ཤེས་པ་མིན་ཡང་ཤེས་ཀྱང་དོ་སྣང་མ་བྱས་པའི་སྐད་ཡིག་ཕྱོགས་ནས་ལས་ཀྱི་གོ་རིམ་མི་ནོར་བར་སངས་རྒྱས་དྲུང་དུ་ཀ་ཁ་ཙམ་ཞིག་ནན་སྐུལ་གྱིས་ཞུ་བའི་བསམ་འདུན་བྱུང་སོང་།ཡང་གཅིག་སྨྲས་ན།རང་གི་སྐད་དང་ཡི་གེ་ལ་རེ་བ་དང་ཡིད་ཆེས་མེད་པའི་མི་རིགས་ཤིག་ལ་རེ་བ་ག་ཙམ་ཡོད་སྲིད་དམ།

ཀ དོ་ནུབ་ངེད་ལ་གྲྭ་ས་ན་ཡོད་པའི་གྲྭ་པ་ཞིག་འགྲུལ་བར་ཡོང་ཞིང་།ངེད་གཉིས་ཀྱིས་སོ་སོའི་སློབ་སྦྱོང་གི་བརྒྱུད་རིམ་དག་ཕན་ཚུན་ལ་བཤད་པ་ན།ང་ལ་”ཁྱོད་ཀྱིས་རྒྱ་ཡིག་ཡག་པོ་ཤེས་ཀཱ་”ཟེར།ངས་”ད་རུང་ངོ་མས་རྒྱ་ཡིག་ཅང་མི་ཤེས་ཀི་”ཞེས་ལན་བཏབ་པ་ན།ཁོས་”རྒྱ་ཡིག་མ་ཤེས་དུས་དངོས་གནས་དཀའ་མོ་འདུག་”ཟེར།ད་རུང་མུ་མཐུད་དུ་བཤད་རྒྱུར་”ཆུང་དུས་སློབ་གྲྭ་ནས་རྒྱ་ཡིག་སོགས་མ་བསླབ་པས་བརྫད་འདུག་”ཟེར།

ཁ། ཉིན་ཤས་སྔོན་དུ་ངེད་ཀྱི་གཉེན་ཉེ་ཞིག་སྨོན་ལམ་ལ་མཇལ་དུ་ཡོང་སྟེ་ངེད་ལ་བསྡད།ནུབ་མོ་དེར་ངེད་ཚོས་བཟའ་ཚང་ཁ་བརྡ་མང་པོ་བྱས་ཤིང་།དེའི་ཁྲོད་ནས་བུ་ཕྲུག་སློབ་གྲྭ་ལ་མངགས་དགོས་པའི་སྐོར་ཞིག་ལས་འཕྲོས་ཏེ།ཁོས་བཤད་རྒྱུར་”ད་སྐབས་རྒྱ་ཡིག་རྒྱ་སྐད་མ་ཤེས་ན་མི་གྲབས་མི་ཆོད་ཀི་”ཟེར།ད་རུང་རྒྱ་ཡིག་ནི་བོད་ཡིག་ལས་གལ་ཆེ་རབས་དང་རྒྱ་ཡིག་ནི་གཏིང་ཟབ་པས་ཤེས་དཀའ་བར་བཤད།

ག ད་ལོའི་རྒྱ་ལོའི་ལོ་སར་གྱི་ཚེས་བརྒྱད་དགུ་ཡས་མས་ཤིག་ལ་གྲོགས་པོ་ཞིག་དང་ངེད་གཉིས་དངུལ་ཁང་དུ་སྒོར་མོ་རེ་བཅོལ་ལེན་བྱེད་དུ་སོང་ཞིང་།རང་འགུལ་དངུལ་བཅོལ་ལེན་འཕྲུལ་ཆས་སྟབས་བདེ་པས་དེ་བཀོལ་པ་ཡིན།ན་ནིང་ཞིག་ནས་བསྐལ་བ་ཡག་པོ་འདྲ་བྱུང་སྟེ།རྫོང་མཁར་འདིའི་ཞིང་ལས་དངུལ་ཁང་དུ་བོད་ཡིག་ཙམ་རེ་རིག་རྒྱུ་ཡོད་པར་གྱུར་པས།གྲོགས་པོ་ངེད་གཉིས་ཀྱིས་བོད་ཡིག་བཀོལ་ནས་དངུལ་བཅོལ་ལེན་བྱས་པ་ཡིན།བོད་ཡིག་སྟེང་ནས་དངུལ་བཅོལ་ལེན་བྱས་ཚེ་དུས་ཚོད་འགོར་ན་ཡང་དེ་བཀོལ་པ་ཡིན་མོད།བོད་ཡིག་བཀོལ་ཚེ་སྐབས་མང་པོར་ཐེངས་འགར་ཚོད་ལྟ་མ་བྱས་ན་དངུལ་བཅོལ་ལེན་མི་ཐུབ་ཁར་འཕྲུལ་ཆས་ཀྱི་བྱེད་ནུས་ཀྱང་ཉམས་ཏེ་དུས་ཚོད་སྐར་མ་ཁ་ཤས་ལ་བསྒུག་དགོས་ཐུག དེ་ལྟར་ཡང་ངེད་གཉིས་ཀྱིས་ཨུ་ཚུགས་ཀྱིས་ཐེངས་འགར་ཚོད་ལྟ་བྱས་མོད།མཐར་ངེད་གཉིས་ཀྱི་གཞུག་ཏུ་ཕྲེང་ལ་བསྒྲིགས་པའི་མི་རྣམས་ཀྱི་དུས་ཚོད་བསམ་སྟེ་དངུལ་བསྐུར་ཐེངས་གཞུག་མ་དག་ཏུ་རྒྱ་ཡིག་མི་བཀོལ་ཐབས་མེད་བྱུང་།

ང་། ད་ལོའི་རྒྱ་ལོའི་ལོ་སར་སྐབས་སུ་ངའི་དགའ་རོགས་མ་མོ་རང་གི་གྲོགས་མོ་ཚང་ལ་ལོ་ཉུལ་དུ་སོང་ཞིང་།གྲོགས་མོའི་ཁྱིམ་མི་དང་སྡེ་དེའི་མགྲོན་པོ་དག་གིས་རྒྱ་སྐད་བོད་སྐད་བསྲེས་ཏེ་བུ་ཕྲུག་སློབ་གྲྭར་འཇོག་སྐོར་གླེང་བྱུང་ཟེར།སྐབས་དེར་ཨ་མ་ལོ་ལོན་ཞིག་གིས་”ངས་བུ་མོར་བོད་ཡིག་རེ་སྦྱང་ན་ཞེས་བཤད་མོད།བུ་མོས་ང་ལ་བོད་ཡིག་སྦྱང་ནས་ཅི་བྱ།རྒྱ་ཡིག་མ་ཤེས་ན་ས་ཆོད་མེད་ཀི་ཟེར་”ཞེས་བཤད་བྱུང་ཟེར།

ཅ། ད་ལོའི་རྒྱ་ལོའི་ལོ་སར་མ་ཚེས་པའི་ཉིན་ཁ་ཤས་སྔོན་ལ་ངོས་ཀྱི་ཨ་ཕ་ཁང་ཡིག་ཅིག་གསར་བཟོ་བྱེད་དུ་སོང་ཞིང་།ཁང་ཡིག་གསར་བཟོ་ལ་རེ་ཞུའི་ཡི་གེ་ཞིག་ཀྱང་འབྲི་དགོས་འདུག་ལ།དེ་ནི་རྒྱ་ཡིག་གིས་འབྲི་དགོས་པ་ཞིག་རེད།ཨ་ཕས་བོད་ཡིག་གི་ཀ་ངོ་ཡིག་རེ་ཙམ་རེ་ཆོད་པའི་ཕན་དུ་རྒྱ་ཡིག་ཡིག་རྡོག་གཅིག་ཀྱང་ཧ་ལམ་མི་ཤེས།དེ་བས།ཕ་ལགས་ཁྱིམ་དུ་ལོག་ནས་རྒྱ་ཡིག་མ་ཤེས་ན་དཀའ་རབས་དང་།”རེ་ཞུའི་ཡི་གེ་ལ་བོད་ཡིག་ཅིག་འབྲི་ཆོག་ན་བདེ་པ་ལ་”ཞེས་བཤད།

ཆ། ལོ་ངོ་གཉིས་ཙམ་གྱི་སྔོན་ཞིག་ལ་ཨ་ནེ་ཞིག་ལ་རོགས་བྱས་ནས་རྫོང་གི་དངུལ་ཁང་དུ་སོང་པ་ཡིན།ངེད་ཀྱིས་ཨ་ནེའི་ཚབ་ཏུ་དངུལ་བཅོལ་ལེན་བྱས་ཏེ།འཛིན་ཡིག་སྟེང་དུ་བསམ་བཞིན་དུ་མིང་རྟགས་བོད་ཡིག་གིས་བཀོད་པ་ན།ངེད་ལ་མིང་རྟགས་སྟེང་དུ་མཛུབ་ཐེལ་ནོན་ཟེར།དེ་བས།ངས་རྒྱ་ཡིག་གིས་མིང་རྟགས་འགོད་མཁན་རྣམས་ཀྱིས་མིང་སྟེང་དུ་མཛུབ་ཐེལ་རྒྱག་མི་དགོས་ན།བོད་ཡིག་གིས་བྲིས་ཚེ་ཅིའི་ཕྱིར་དུ་མཛུབ་ཐེལ་རྒྱག་དགོས་པ་རེད་ཅེས་རྩོད་པ་བྱ་སྐབས་དགོན་པ་ག་གེ་མོའི་ཕྱག་མཛོད་ཡིན་པའི་གྲྭ་རྒན་ཞིག་གིས་”ཞི་ལི་སྒོར་མོ་བསྐུར་བསམ་ན་མཛུབ་ཐེལ་རྒྱག་དགོས་པ་རེད་”ཅེས་མི་འདོད་པའི་རྣམ་འགྱུར་དང་བཅས་བདག་ལ་བཤད་བྱུང་།

ཇ། ཡང་ངེད་ཀྱི་གྲོགས་པོ་རྒན་པ་ཞིག་གིས་དངུལ་ཁང་ནས་རྒྱའི་སྐད་ཡིག་མི་ཤེས་པའི་སྒོར་མོ་བསྐུར་མཁན་ཞིག་ལ་རོགས་བྱས་པ་ཡིན་ཟེར།ཁོས་མི་དེར་རོགས་ཚར་རྗེས་སུ་མི་དེས་བཤད་རྒྱུར་”ཁྱེད་ལ་བཀའ་དྲིན་ཆེ།ངེད་ཚོ་ཟོག་རེད།རྒྱ་ཡིག་རྒྱ་སྐད་མི་ཤེས་ཀི་”ཞེས་བཤད་བྱུང་ཟེར།

ཉ། ངེད་ཚོའི་རྔ་པ་རྫོང་མི་དམངས་སྨན་ཁང་ནི་རྔ་པའི་མི་དམངས་ཏེ་རྒྱ་ཡིག་རྒྱ་སྐད་མི་ཤེས་པའི་བོད་པ་དག་གིས་རྒྱུན་དུ་ནད་ལ་བསྟན་སའི་རྫོང་མཁར་འདིའི་སྨན་ཁང་ཆེ་ཤོས་དེ་ཡིན།དེར་ཡོད་པའི་ནད་གཡོགས་ཕལ་ཆེར་བ་ཡང་བོད་པ་ཡིན་པ་སྨོས་མ་དགོས་པ་ཞིག་རེད།འོན་ཏེ།ཁོ་ཚོའམ་ཁོ་མོ་ཚོས་བོད་སྐད་མ་གཏོགས་རྒྱ་སྐད་མི་ཤེས་པའི་བོད་མི་ནད་པ་དེ་ཚོར་ནད་ཀྱི་གནས་ཚུལ་སོགས་ཁ་བརྡ་མཐའ་དག་རྟག་ཏུ་རྒྱ་སྐད་ཀྱིས་བྱས་ཏེ་བོད་སྐད་མི་བཤད་པར་མ་ཟད།བོད་སྐད་བཤད་ཚེ་མི་གོ་པའི་ཟོལ་སྟོན།

ཏ། ངེད་ཀྱི་སྤུན་ཆུང་ཞིག་སློབ་ཆུང་འགྲིམས་བཞིན་ཡོད་ལ་ཁོའི་བོད་ཡིག་གི་ཆུ་ཚད་ནི་སློབ་ཆུང་སློབ་མ་ཞིག་གི་ཆུ་ཚད་ནས་བལྟས་ན་ཆེས་བཟང་པའི་གྲས་ཡིན་པར་བཤད་ཆོག ཡིན་ཡང་།ཁོའི་རྒྱ་ཡིག་ཡག་པོ་མི་ཤེས་པས་རྟག་ཏུ་སློབ་མཇུག་གི་ཡིག་རྒྱུགས་བླངས་ནས་སློབ་གྲྭ་གཞུང་གིས་ཁྱོན་སྐར་བསྡོམས་ཏེ་གཟེངས་རྟགས་ཕུལ་སྐབས་སྤུན་ཆུང་ཁོའི་རྒྱ་ཡིག་གི་ཆུ་ཚད་ཀྱི་དབང་གིས་ཨང་རིམ་གཉིས་པ་དང་གསུམ་པར་ལྷུང་འགྲོ དེ་བས།ཨ་ཕ་སོགས་ཀྱིས་རྟག་ཏུ་ཁོ་ལ་རྒྱ་ཡིག་ལ་ལྟོས་ཞེས་སྐུལ་ཞིང་།ངས་ཀྱང་ཁོ་ལ་གང་ཞིག་ཧ་གོ་མདོགས་ཁ་བོས་”རྒྱ་ཡིག་ལ་རེམས་”ཞེས་ཡང་ཡང་སྐུལ་མྱོང་།

རེད་དེ།འདི་ལྟར་བོད་པ་རང་ལ་བོད་ཡིག་གི་རིན་ཐང་དང་བཀོལ་སྤྱོད་ཀྱི་རིན་ཐང་ལ་ཡིད་རྟོན་མེད་པའི་དཔེ་ནི་ད་རུང་བདག་དང་དངོས་འབྲེལ་ཡོད་པའི་སྟེང་ནས་དྲངས་ན་བགྲང་གིས་མི་ལང་།ཡིན་ཡང་།ཡིག་ཚོགས་སྤང་ཕྱིར་དུ་གོང་སྨོས་ཀྱི་དཔེ་མཚོན་དག་གིས་ཆོག་པར་བྱ།དེ་ཡང་།བདག་གིས་འདིར་རང་དང་དངོས་འབྲེལ་ཡོད་པའི་རང་ཉིད་ཐེ་བའི་དཔེ་མཚོན་དག་ལ་སྒྲོ་སྐུར་ཅི་ཡང་མ་བྱས་པར་འབྲི་དོན་ནི་གཅིག་སྟེ།ད་ནི་འུ་ཚོས་ཆེན་པོ་ཆེན་པོ་ཞིག་གླེང་པའམ་ཕ་སྐད་ཕ་ཡིག་ཅེས་ཀི་བཏབ་ཀྱང་”བོད་པ་རྣལ་མ་”ཚོའི་སེམས་ལ་ཡང་བོད་སྐད་བོད་ཡིག་གི་རིན་ཐང་དང་དེ་ལ་ཡིད་ཆེས་ཙམ་འཇོག་མི་ཐུབ་པའི་རྩ་བ་གང་ཡིན་བཙལ་ན་འགྲིག་པའི་མི་ཆུང་ཆུང་ཞིག་གི་རེ་འབོད་གཉོམ་དུང་ངེ་ཞིག་བཏང་པ་ཡིན།ཡང་ན།འུ་ཚོའི་ཕ་སྐད་ཀྱི་རྒྱུགས་སྤྲོད་དང་ཕ་སྐད་གཙང་མ་དག་ནི་འཚོ་བ་དང་འཚོ་གནས་དངོས་ལ་འབྲེལ་བ་སྟེ།སྨན་ཁང་དང་སྦྲགས་ཁང་། དངུལ་ཁང་སོགས་ལས་ཁུངས་དག་ལ་འབྲེལ་བ་མེད་པའི་ཁྱིམ་ཚང་བར་གྱི་ཕ་སྐད་གཙང་མ་བཤད་པའི་སྲོལ་དང་དགོས་པ་ཙམ་དུ་མི་འགྱུར་བར་བོད་སྐད་བོད་ཡིག་ནི་འཚོ་གནས་ལ་ཕན་ཞིང་འཚོ་བ་དང་འགྲོགས་པའི་སྐད་ཡིག་ཅིག་ཏུ་འགྱུར་བར་རེམས་དགོས་པ་མིན་ནམ།འཚོ་གནས་དང་འཚོ་བ་ལ་མ་འབྲེལ་བར་ཕ་སྐད་གཙང་མ་ཞེས་ཀི་ཅི་ཙམ་བཏབ་ཀྱང་བོད་སྐད་བོད་ཡིག་ནི་ཕྱི་ཡི་རོ་ཤུན་ཙམ་ལས་མེད་པར་འགྱུར་པ་སྟེ། དངུལ་ཁང་དུ་བོད་ཡིག་གི་གཟུགས་ཙམ་ཡོད་ཀྱང་དེ་ལ་བཀོལ་སྤྱོད་ཀྱི་ནུས་པ་མེད་ཚེ་བོད་ཡིག་གི་གཟུགས་བརྙན་ཙམ་དེས་ཅི་ཞིག་བྱ་དགོས་པ་རེད།ཁྱིམ་ཚང་ནང་དུ་བཟའ་མི་ཕན་ཚུན་བར་ལ་བོད་སྐད་གཙང་མ་ཙམ་ཞིག་བཤད་དུ་ཆུགས་ཀྱང་།བོད་སྐད་བོད་ཡིག་ལ་ཡིད་ཆེས་མེད་པར་གྱུར་ཚེ་འུ་ཚོའི་སྐད་ཡིག་གི་སྲོག་རྒྱུན་ཅི་ཙམ་བསྲིང་ཐུབ་ཨང་།

ཡང་གཅིག་བཤད་ན། དཔེ་མཚོན་ཀ་བའི་སྐབས་ཀྱི་གྲྭ་པ་དེ་ནི་རྒྱ་གྲོང་དང་ཁ་ཐག་རིང་དུ་བྲལ་བའི་གྲྭ་སའི་དབེན་དགོན་ནས་རྟག་ཏུ་སློབ་གཉེར་ལ་བརྩོན་པའི་གྲྭ་པ་ཞིག་ཡིན།ཨ་ཙི།ཁོས་ཇི་ལྟར་གྲྭ་ས་ནས་རྒྱ་ཡིག་མ་ཤེས་ན་དཀའ་མོ་ཡིན་པ་ཚོར་བ་ཡིན་ནམ། དཔེ་མཚོན་གཞན་དག་ཀྱང་དེ་དེ་བཞིན་ཏེ།གོང་སྨོས་ཀྱི་དཔེ་མཚོན་རེ་རེའི་སྟེང་ནས་འུ་ཚོས་བསམ་བློ་བཏང་སྟེ།བོད་པ་རང་ཉིད་རང་གི་སྐད་ཡིག་ལ་ཡིད་ཆེས་ཡོད་པར་བྱ་བར་འབད་པ་ནི་ཀུན་ལས་གལ་ཆེ་ཞིང་། མི་རིགས་ཞེས་པ་ཡང་སྐད་ཡིག་ཡིན་པ་འུ་ཚོས་ཤེས་གལ་ཆེ་ལ།མི་རིགས་གང་དེའི་སྐད་ཡིག་ཉམས་ཚེ་མི་རིགས་ཉམས་པ་ཡང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གི་<>ཞེས་པར་རགས་ཙམ་བལྟས་པས་ཀྱང་ཧ་གོ་ཡོང་།

གང་ལྟར། འདི་ནི་སྐད་ཡིག་ཕྱོགས་ལ་ཐུགས་ཁུར་ཡོད་པ་དང་སྐད་ཡིག་ཕྱོགས་ལ་ཆེད་དམིགས་ཀྱིས་ཕྱག་ལས་གནང་མཁན་དང་དེར་མོས་མཁན་དག་ལ་དོགས་སློང་བྱེད་པའི་དོགས་གཞིའམ་དཔྱད་གཞི་ཙམ་དུ་ཕུལ་བ་ཡིན་ཞེས་ན་ཡང་ཆོག་གོ།

༢༠༡༧ ༢ ༡༦གི་ནམ་ལངས་ཁར་ཤར་མར་བྲིས་པས་རྗོད་བྱེད་ལ་ཆད་ལྷག་མང་ངེས་པས་དགོངས་དག་ཞུའོ།།