ལིག་ཅོན་ཉིང་། བཅར་འདྲི་མཁན། ཞོའུ་ཕིན་ཡེང་། བསྒྱུར་མཁན། གུ་རུ་འོད་གསལ།

རེབ་འདིར་ཨ་རིའི་འདེམས་བསྐོ་ཆེན་མོའི་ཁྲོད་དུ་གླེང་རི་བའི་དོན་དག་གཉིས་ཡོད་པ་ནི་འོས་འདེམས་མི་སྣ་གཉིས་ཀ་སྐྱོན་བརྗོད་མྱོང་མཁན་ཏེ། ལྡོག་ཕྱོགས་ཀྱི་སྐད་སྒྲ་དེ་ཁྲོམ་ཕུའི་ཕྱོགས་སུ་འཁོར་བ་དང་ཤིས་ལ་རེས་ཀྱི་ཕྱོགས་སུའང་འཁོར་ཡོད། མ་ཟད། ཤིས་ལ་རེས་ཀྱི་ཉེས་སྐྱོན་ཞུ་གཏུག་གི་ཚད་གཞི་དེ་ཁྲོམ་ཕུ་ལས་བརྒལ་འདུག །དེའང་ཤིས་ལ་རེས་ཀྱིས་དབང་ཆ་བདག་ཏུ་འཛིན་མྱོང་ཞིང་དབང་ཆ་གང་འདོད་སྤྱོད་མྱོང་ཡོད་ལ། ཁྲོམ་ཕུས་དབང་ཆ་འཛིན་མ་མྱོང་ཞིང་ཁོ་ལ་འཕྲད་པའི་གནད་དོན་རྣམས་ཀྱང་མི་སྒེར་གྱི་གནད་དོན་ཡིན་པ་ལས་ཐུན་མོང་གི་ལས་དོན་ལ་འབྲེལ་བ་ཅི་ཡང་མེད།

ཁྲོམ་ཕུ་ལྟ་བུ་ཞིག་སྲིད་འཛིན་དུ་བསྡད་པ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད། གཅིག་ནས་ཨ་རིའི་ཁྲིམས་སྲིད་ལམ་ལུགས་ཧ་ཅང་བདེ་ཐང་ཡིན་པ་གསལ་བཤད་བྱས་ཡོད་ལ། གཉིས་སུ་སྲིད་འཛིན་ཟེར་བ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་མི་ཞིག་མིན་པ་ལྟ་ཞོག །ཐ་ན་སྐྱོན་ཆ་ཅན་གྱི་མི་ཞིག་སྲིད་འཛིན་བྱས་ཀྱང་དོན་སྙིང་སྔར་ལས་ལྡན་པ་གསལ་བཤད་བྱས་ཡོད། སྲིད་འཛིན་འདེམ་པ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་མི་ཕུལ་དུ་བྱུང་བ་ཞིག་གཏན་ནས་མིན་པར། མི་སྐྱོན་ཅན་ཞིག་སྲིད་འཛིན་དུ་འདེམས་པ་ནི་མི་རྣམས་ཀྱིས་དབང་ཤུགས་ལ་སྔར་ལས་ཀྱང་དོགས་སློང་བྱེད་དགོས་པའི་གསལ་འདེབས་བྱས་ཡོད། བརྒྱ་ལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མི་ཞིག་ཡིན་ན། ཁོ་བོ་སྒེར་ངོས་ནས་ཀུན་གྱི་ཡིད་དབང་འཕྲོག་སྲིད་པས་ན། དེ་ལྟར་བྱས་ཚེ་མང་ཚོགས་ལ་བསླུ་བྲིད་མང་པོ་ཐེབས་སྲིད་ཀྱི་རེད་ལ། དབང་ཆ་གང་འདོད་སྤྱོད་པའི་གོ་སྐབས་ཀྱང་སྔར་ལས་མང་དུ་གྱུར་བ་རེད། ཡིན་ཙང་། ངས་བལྟས་ན། ཁྲོམ་ཕུ་དང་ཤིས་ལ་རེས་སུ་ལ་མཚོན་ཡང་། མི་དེ་འདྲ་བཟང་རྒྱུ་མེད་པ་ཞིག་གིས་ཆེས་མཐོའི་དབང་ཆ་འཛིན་པ་ནི་དགའ་འོས་པའི་བྱ་བ་ཞིག་རེད།

 ཨ་རིའི་སྲིད་ལུགས་དང་ཨུ་རུ་སུའི་སྲིད་ལུགས་གཉིས་རྩ་བ་ནས་འདྲ་ཡི་མེད་དེ། དེར་སྐྱོན་མེད་ཀུན་བཟང་གི་སྲིད་འཛིན་ཞིག་བྱུང་ན་ཆོག་གི་མེད། ཁྲོམ་ཕུའི་སྟོབས་ཤུགས་དེའང་ཚད་ཡོད་ཀྱི་སྟོབས་ཤུགས་ཤིག་ཡིན་པས་ན། ཨ་རི་བ་ཚང་མས་ངའི་ཉེ་འཁོར་དུ་མཐུན་སྒྲིལ་བྱོས་ཟེར་བའི་སྤོབས་པ་ཁོ་ལའང་མེད། མ་ཟད། གལ་ཏེ་ཁོ་བོ་ཆབ་སྲིད་སྟོབས་ཅན་པ་ཞིག་ཡིན་པར་སྔོན་དཔག་ཐུབ་ན་ཁོ་བོ་རྒྱལ་སྤྱིའི་སྒང་དུའང་སྟོབས་ཤུགས་ཆེན་པོ་ཡོད་སྲིད་པ་རེད། འོན་ཀྱང་དེ་ལྟར་བྱས་ན་ཁོས་ཨ་རི་ཁེར་གནས་རིང་ལུགས(孤立主义)ཀྱི་གནས་སུ་ཁྲིད་པའི་དྲན་ཚུལ་ལ་འགལ་ཟླ་བྱུང་བ་མ་ཡིན་ནམ།

 ཁྲོམ་ཕུ་དང་བྷོ་ཧྲི་ཆུང་བ་གཉིས་འདྲ་ས་ཞིག་ཡོད་པ་ནི། བྷོ་ཧྲི་ཆུང་བ་སྲིད་སྟེགས་སུ་འབུད་པའི་སྐབས་སུ་རྒྱལ་སྤྱིའི་ལས་དོན་གྱི་ཁྲོད་ནས་ཨ་རི་ཕྱིར་འཐེན་བྱེད་རྒྱུའི་བསམ་ཚུལ་བརྗོད་ཡོད་ལ། དེའང་ཨ་རིའི་ཕྱི་འབྲེལ་ལ་ཁེར་གནས་རིང་ལུགས་ཀྱི་སྲོལ་རྒྱུན་ཞིག་ཡོད་པས་ཡིན། ཡིན་ནའང་། བྷོ་ཧྲི་ཆུང་བ་སྲིད་སྟེགས་ལ་བསྡད་ནས་རྒྱལ་སྤྱིའི་སྒང་གི་འགྲན་རྩོད་ལ་འཕྲད་པའི་སྐབས་སུ། ཡང་བསྐྱར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཞུགས། དེ་བས། ཁྲོམ་ཕུས་རྣམ་འགྱུར་ཅི་ལྟ་བུ་ཞིག་བསྟན་པ་ལས་ཀྱང་གལ་ཆེ་བ་ནི་རྒྱལ་སྤྱིའི་འགྲན་རྩོད་ལ་འཕྲད་པའི་སྐབས་སུ་ཁོས་རྣམ་འགྱུར་ཅི་ལྟ་བུ་ཞིག་འཛིན་པ་དེ་རེད། ད་ལྟ་ཁ་ཚོན་བཅད་ནས་སྨྲས་ན། ཁྲོམ་ཕུས་ཨ་རི་ཁེར་གནས་རིང་ལུགས་ཀྱི་གནས་སུ་ཁྲིད་པའི་དུས་ཚོད་སྔ་ཆེ་ཞིང་རེ་བ་ཆུང་དྲགས་པ་སྟེ། དེའི་རྒྱུ་མཚན་ཀྱང་མིག་སྔར་གྱི་ཨ་རི་རྒྱལ་ཁབ་ནི་དུས་རབས་བཅུ་དགུ་དང་དུས་རབས་ཉི་ཤུ་བའི་སྐབས་དང་གཏན་ནས་འདྲ་བ་མ་རེད།

ཨ་རི་བས་བཤད་པའི་རང་དབང་རིང་ལུགས་དང་ཀྲུང་གོ་བས་བཤད་པའི་རང་དབང་རིང་ལུགས་གཉིས་མི་འདྲ་སྟེ། ཨ་རིའི་རང་དབང་རིང་ལུགས་ནི་གཡོན་ཕྱོགས་པར་བསྟུན་ཞིང་རྒྱལ་ཁབ་དང་ཕན་བདེ་ནན་ཏུ་བརྗོད་པ་ཡིན། དེ་བས། ཁྲོམ་ཕུའི་རྒྱལ་ཁའང་དོན་དངོས་སུ་གཡོན་ཕྱོགས་ཀྱི་ཕམ་ཁ་ཡིན་པ་ལས་རང་དབང་གི་ཕམ་ཁ་མིན། ཐ་ན་རང་དབང་ལ་སྔར་ལས་ཀྱང་རྒྱལ་ཁ་ཐོབ་ཡོད་ཅེས་བརྗོད་ཆོག

ཁྲོམ་ཕུས་མང་ཚོགས་རིང་ལུགས་མཚོན་ཡོད་ཟེར་བའང་འོས་ཤིང་འཚམ་པ་ཞིག་མིན། ཀྲུང་གོའི་ཆབ་སྲིད་བསླབ་དེབ་ཀྱི་ཁྲོད་ནས་སྤྱི་མཐུན་ཏང་གིས་བལྟས་ན་ས་བདག་དང་མ་རྩ་གྲལ་རིམ་གྱི་ཁེ་ཕན་མཚོན་ཡོད་པར་འདོད་མོད། ཨ་རིའི་དངོས་ཡོད་སྤྱི་ཚོགས་ཀྱི་ཁྲོད་དུ་དེ་ལས་ལྡོག་ཡོད་དེ། ལྟོས་བཅོས་སུ་སྤྱི་ཚོགས་གོ་བབ་ཅུང་དམའ་བའི་མི་རྣམས་ཀྱིས་སྤྱི་མཐུན་ཏང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཀྱང་། སྤྱི་མཐུན་ཏང་གི་མཐོ་རིམ་མི་སྣ་མང་པོས་ཁྲོམ་ཕུ་ལ་ངོ་རྒོལ་བྱེད་ཀྱིན་ཡོད། མཁྲེགས་འཛིན་རིང་ལུགས་པའི་ཁྲོད་དུ་ཁོ་ལ་ངོ་རྒོལ་བྱེད་མཁན་འདུག་ལ། གཡོན་ཕྱོགས་པའི་ཁྲོད་ན་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཀྱང་ཡོད། འོན་ཀྱང་། འདི་ཙམ་ནས་བཟུང་སྟེ་ཨ་རི་ནི་ཕུ་རོ་མི་མང(འབངས་ཕལ་བ།)གི་ཆབ་སྲིད་དུ་འདོད་མི་རུང་སྟེ། དེང་ཐོག་བྷོ་ཧྲི་ཆུང་བ་དང་རེ་གྷེན་སུ་ཡིན་ཡང་ཁོ་ཚོར་རྒྱབ་སྐྱོར་བྱེད་མཁན་ནི་སྤྱི་ཚོགས་གོ་བབ་ཅུང་དམའ་བའི་འདེམ་དམངས་ཡིན་ལ། དོན་དག་འདི་ལྟ་བུ་ཨ་རི་ནས་ཐེངས་མང་པོར་བྱུང་མྱོང་བ་རེད། དེ་ལྟ་ནའང་ཨ་རི་རྒྱལ་ཁབ་མང་ཚོགས་ཀྱི་ལམ་ཁར་སོང་མེད། ཁྲོམ་ཕུ་འདེམས་ཐོན་བྱུང་བ་ལས་ཨ་རི་བས་ལོ་ངོ་བརྒྱད་ལ་གཡོན་ཕྱོགས་སྐྱེས་ཆེན་ཚོས་ཆབ་སྲིད་ཚོད་འཛིན་བྱས་པ་དེར་ཁོང་ཁྲོ་ལང་བ་མཚོན་ཞིང་། དེ་ནི་གཡོན་ཕྱོགས་ཀྱི་སྐྱེས་ཆེན་ཚོ་ཕམ་པ་ལས་ཨ་རིའི་སྐྱེས་ཆེན་ཡོངས་སུ་ཕམ་པ་མིན།

 ཁྲོམ་ཕུ་འདེམས་ཐོན་བྱུང་བ་དེས་ཁ་མི་གྲག་མཁན་མང་པོ་ཞིག་སྣང་མེད་དུ་འཇོག་མི་རུང་བ་བདེན་དཔང་བྱས་ཤིང་། ཨ་རིའི་འཕྲིན་སྦྱོར་གྱིས་སྐྱེས་ཆེན་ཚོའི་སྐད་ཆར་དོ་སྣང་བྱས་པའམ་སྐད་ཆ་བཤད་འདོད་པ་དེ་དག་ལ་དོ་སྣང་བྱས་པ་ལས་སྐད་ཆ་མ་བཤད་མཁན་མང་པོ་ཞིག་ལ་དོ་སྣང་མ་བྱས། དེ་བས་ད་ཐེངས་ཀྱི་འདེམ་བསྐོས་ཆབ་སྲིད་བརྟག་དཔྱད་པ་རྣམས་ལ་སློབ་ཁྲིད་ལེགས་པོ་ཞིག་བྱས། སྐྱེས་ཆེན་རིང་ལུགས་པ་ཧ་ཅང་གལ་ཆེན་ཡིན་ནའང་ཁོ་ཚོ་སྐད་གདངས་ཆེས་མཐོ་བ་དེ་ཡིན་པའི་ངེས་པ་མེད་ལ། འཕྲིན་སྦྱོར་ལ་ཚོད་འཛིན་བྱས་པ་ཙམ་གྱིས་དོན་དག་གི་འཕེལ་རིམ་ཐག་གཅོད་ཐུབ་པའི་ངེས་པ་ཁྱོན་ནས་མེད།

ཁྲོམ་ཕུ་ནི་ཁེ་ལས་པ་ཞིག་གི་ཁྱིམ་དུ་སྐྱེས་པས་ན། མཐར་ཐུག་ཁོས་ཨ་རི་དངོས་དོན་གྱི་ལམ་ཁ་ཞིག་ཏུ་འཁྲིད་ངེས་ཏེ། ཡུན་རིང་བོར་བལྟས་ན་མ་རྩ་ཁྲོམ་རས་ཁྲོམ་ཕུ་ལ་རེ་བ་བཟུང་ཡོད་དེ། ད་ལྟའི་མ་རྩ་ལ་གཡོ་སྐྱོམ་ཆེ་ཞིང་། ཐ་ན་མར་འགྲིབ་པའང་ཡོད་པའི་རྒྱུ་མཚན་ནི་ཁྲོམ་ཕུས་ངེས་གཏན་མ་ཡིན་པའི་རང་བཞིན་མཚོན་ཞིང་དེའང་རྒྱུན་ལྡན་ཞིག་ཏུ་སྣང་། ཨ་རིའི་རྨང་གཞིའི་ཚོང་རའི་ངེས་གཏན་མ་ཡིན་པ་མེད་པར་གྱུར་བའི་རྗེས་སུ་མ་རྩ་ཚོང་རའང་གཏན་འཇགས་སུ་འགྲོ་ཐུབ་པ་ཡིན།

ཁྲོམ་ཕུ་ལ་རྒྱུས་ལོན་བྱས་པ་མང་ཆེ་བ་ནོར་འཛོལ་བྱུང་ཡོད་དེ། ཁོས་བརྗོད་ཀྱིན་པ་ནི་རྒྱལ་སྤྱིའི་སྟེང་གི་ཉོ་ཚོང་སྒྲིག་གཞིའམ་རྒྱལ་བརྒལ་རྩ་འཛུགས་ཀྱི་དོགས་སློང་ཙམ་ལས། རང་དབང་ཉོ་ཚོང་ལམ་ལུགས་ལ་དོགས་སློང་བྱས་པ་མིན་ལ། རང་དབང་ཁེ་ལས་ལམ་ལུགས་ལ་དོགས་སློང་བྱས་པའང་མིན། སྤྱི་མཐུན་ཏང་ནི་མཁྲེགས་འཛིན་རིང་ལུགས་པའི་སྲིད་ཏང་ཞིག་རེད་ལ་ཁྲོམ་ཕུའང་དེའི་མཁྲེགས་འཛིན་གྱི་ཕྱོགས་སུ་འགྲོ་བ་རེད། ཡིན་ཡང་མཁྲེགས་འཛིན་གྱི་བརྗོད་དོན་ནང་དུ་མཁྲེགས་འཛིན་རང་དབང་ཚོང་ལས་ཀྱང་འདུ་བ་ཡིན། དེ་བས། ཨ་རིའི་རང་དབང་ཚོང་ལས་ཁྲོད་ཀྱི་དཔལ་འབྱོར་བཀའ་མོལ་ལ་འགྱུར་བ་ཅི་ཡང་འབྱུང་མི་སྲིད། དེ་རུ་ཀྲུང་གོའི་འབྲེལ་བའང་འདུ་བ་ཡིན། སྤྱིར་ན་ཁྲོམ་ཕུས་ཀྲུང་གོར་ཡང་དམིགས་བསལ་གྱི་བྱེད་ཐབས་ཤིག་འདོན་རྒྱུ་ཡིན་ཟེར་མོད། ཀྲུང་གོ་ལ་སྲིད་ཇུས་ཅི་ལྟ་བུ་ཞིག་འཛིན་རྒྱུ་ཡིན་པ་ཁོའི་ཚོགས་པ་གྲུབ་རེག་བར་དུ་བསྒུག་དགོས་པ་རེད། ད་ལྟའི་རྣམ་འགྱུར་མང་ཆེ་བ་ནི་འདེམས་ཤོག་གི་དགོས་མཁོ་ཡིན་པ་ལས་བྱ་བའི་དགོས་མཁོ་མིན།

ཡེ་ལོ༢༠༡༧ལོའི་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་མདོ་སྨད་བོང་སྟག་ཏུ་བསྒྱུར།

ལིག་ཅོན་ཉིང་། ཀྲུང་གོའི་ན་གཞོན་ཆབ་སྲིད་པའི་སྣེ་ཁྲིད་པ། ཀྲུང་གོའི་རིག་གནས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། རང་དབང་རིང་ལུགས་དང་མཁྲེགས་འཛིན་རིང་ལུགས་ཕྱོགས་སུ་ལྟ་སྟངས་དམིགས་བསལ་བ་བཟུང་ཡོད། བརྩམས་ཆོས་ལ།<<དབང་ཆའི་སྣང་ཚུལ།>>དང<<མཁྲེགས་འཛིན་རིང་ལུགས།>>སོགས་དེབ་མང་པོ་མཆིས།

ཡོངས་ཁོངས། རྒྱ་བྱ་རིག་གནས།(凤凰文化)