——ཨ་རིར་གནས་བཞུགས་ཁྲིམས་གླེང་དྲ་ཚིགས་ཀྱི་གཙོ་གཉེར་བ་སྒྲོལ་མ་སྐྱབས་ལ་མོལ་བ།

 

༢༠༡༧ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། ངས་བཙན་པོའི་དྲ་བའི་སྟེང་དུ་རྗེ་མི་ལའི་རྣམ་ཐར་གྱི་རྐུན་མ་དབུས་ལྷ་ལྡན་ཞིང་གི་མགོ་ཁྲིད་མཐོན་པོ་གཉིས་རེད་ཅེས་པའི་རྩོམ་ཡིག་ཅིག་བྲིས་པ་ཡིན། ད་ལྟའི་བར་ཀློག་པ་པོ་སྟོང་ཕྲག་དྲུག་ལ་ཉེ་བས་ཁ་ཕྱེས་འདུག་པའི་གྲས་ཀྱི་གཅིག་ནི་ཁྲིམས་ལུགས་ཆེད་མཁས་པར་གྲགས་པའི་སྒྲོལ་མ་སྐྱབས་སམ་ཁྲིམས་གླིང་དྲ་ཚིགས་ཀྱི་གཙོ་གཉེར་བ་དང་ཁྲིམས་གླེང་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ལགས་རེད། སྤྱིར་ན་མི་སྙན་པའི་གཏམ་ཐོས་ཚད་ལ་ལན་འབུལ་བ་ནི་དུས་ཚོད་འཕྲོ་བརླག་ལས་མི་འདུག་ན་ཡང་། ད་ཐེངས་ཀྱི་འདི་འབྲི་བ་བོ་ནི་ཁྲིམས་ཤེས་པ་ཙམ་མིན་པར་གཞན་ལ་ཁྲིམས་ལུགས་ཀྱི་དགོངས་དོན་བཤད་མཁན་གྱི་མི་ཞིག་ཡིན་སྟབས་རང་འགར་བཞག་ན་ཁོའི་བཤད་པ་མཐའ་དག་བདེན་པར་འཛིན་མཁན་གྱི་མི་མང་པོ་བྱུང་ནས་ནས་རྨོངས་པ་ནས་རྨོངས་པར་འགྱུར་མཁན་ཇེ་མང་ལ་འགྲོ་བར་སྐྲག་ནས་གསལ་བཤད་ཐུང་ངུ་ཞིག་འབྲི་འདོད་སྐྱེས་སོང་།

ཁྱེད་ཀྱིས “ངས་བལྟས་ན་ལི་བྱིན་དང་ཉི་མ་ཚེ་རིང་། བོད་ལྗོངས་མི་དམངས་དཔར་སྐྲུན་ཁང་བཅས་ལ་དཔར་དབང་གནོད་གཙེས་ཐད་ཀྱི་ནོར་འཁྲུལ་མེད་པ་མ་ཟད། བོད་ཀྱི་རྩོམ་རིག་དར་སྤེལ་ལ་བྱས་རྗེས་བཞག་ཡོད་པས་གཏང་རག་འབུལ་དགོས་པ་ཞིག་ཡིན་པར་སྙམ”ཟེར། ཁྱེད་རང་ནི་བོད་ནང་ནས་ཁྲིམས་ལུགས་སྦྱངས་ཤིང་ད་ལྟ་ཕྱི་ཡུལ་ནའང་དེའི་སྐོར་གྱི་ཆེད་མཁས་པའི་མིང་འཛིན་གྱིན་པ་ནི་ཁྲིམས་གླེངས་དྲ་ཚིགས་དང་སྐད་འཕྲིན་ཚོགས་པ་བཙུགས་འདུག་པ་སོགས་ཀྱིས་ཤེས་པ་མ་ཟད། ངེད་ཀྱི་གྲོགས་པོ་རེ་འགས་ཀྱང་ཁྱེད་རང་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་རབས་ཟེར། ཁྲིམས་ལུགས་ཆེད་མཁས་པ་ཞིག་གིས་འདི་ལྟར་རྐུན་མར་དཔའ་དར་དང་སྤྱང་ཀིར་ཚེ་ཐར་གྱི་ཚུལ་གྱིས་གོང་གི་དཔར་སྐྲུན་ཁང་དང་མི་ལའི་རྣམ་ཐར་བརྐུ་འབྲི་བྱེད་པ་པོ་དག་ལ་ནོར་འཁྲུལ་མེད། ཁོང་ཚོས་བོད་ཀྱི་རྩོམ་རིག་དར་སྤེལ་ལ་བྱས་རྗེས་བཞག་ཡོད་ཟེར་ན་ག་རེ་ལབ་ཀྱི་ཡོད་པ་རེད་དམ། བོད་ཀྱི་རྩོམ་རིག་ནི་འདི་ལྟར་ལུག་པགས་གྱོན་པའི་སྤྱང་ཀི་དག་ལ་བརྟེན་ནས་ཡར་རྒྱས་འགྲོ་དགོས་པ་ཞིག་རེད་དམ། ཁྱེད་ཅག་གིས་ཁྲིམས་གླེང་དྲ་ཚིགས་ཀྱི་མགོར་༼ཐོབ་ཐང་། འདྲ་མཉམ། སྲུང་སྐྱོབ།༽ཅེས་བཤད་པའི་ལྟ་བ་ནི་འདི་ལ་ཐུག་ཡོད་དམ།

རྩོམ་རིག་ནི་གནས་ལུགས་ཡང་དག་དང་ཀུན་སློང་རྣམ་དག་ཅིག་ལ་བརྟེན་ནས་མིའི་རིགས་དྲང་བདེན་དང་ཞི་བདེའི་ལམ་ཁར་འཁྲིད་མཁན་གྱི་རིག་ཚན་རླབས་པོ་ཆེ་ཞིག་ཡིན་པ་ལས་ཁྱེད་ཅག་གི་རྐུན་རྒྱབ་ཇག་ལངས་ལ་བརྟེན་ནས་ཡུན་གནས་ཐུབ་པའི་འཇིགས་སྐུལ་རིང་ལུགས་པའི་བསམ་བློ་ཉི་ཚེ་བ་དེར་བརྟེན་ནས་ཡར་རྒྱས་དང་ཡུན་གནས་འགྲོ་དགོས་པ་ཞིག་གཏན་ནས་མ་རེད། ད་རུང་ཁྱེད་ཀྱིས་ “དཔར་དབང་གི་ཁེ་ཉེན་ལ་མ་བལྟོས་པར་བྱུང་རྒྱལ་དུ་དཔར་དབང་གི་སྟ་མོ་གཡུགས་ནས་རྩོམ་པ་པོ་ལ་ཉེས་འཛུགས་བྱས་ཏེ་གསར་རྩོམ་གྱི་སྐྱེས་ལམ་བཅད་ན། དེས་བོད་ཀྱི་རྩོམ་རིག་དར་སྤེལ་ལ་མི་ཕན་པ་མ་ཟད་རྩོམ་རིག་གི་མེ་རོ་གསོད་པའི་ཉེན་ཁ་ཡང་ཡོད།” ཟེར། དཔར་དབང་ལ་སྟ་མོ་གཡུག་ཆོག་པ་ཁྱེད་ཀྱིས་ཤེས་ན་གནད་དོན་གསལ་བོ་ཡོད་སླད་ངེད་ཀྱི་གྲོགས་པོ་འཇིགས་མེད་ནུབ་པས་རྩོམ་པ་པོས་དེ་ལ་ཆོག་མཆན་སྤྲད་ཡོད་མེད་གསལ་བོ་བྱེད་འདོད་ལྟར་རྩོམ་པ་པོར་དྲིས་པའི་འཕྲིན་ལན་དུ། ཁོང་གཉིས་ལ་ཆོག་མཆན་སྤྲད་མེད་ཅེས་ལན་གསལ་བོ་གནངས་པ་ནི་འདི་རེད། “I did not give them permission to make a translation. There is a Tibetan translation of my book printed in India for which i gave permission about 18years ago done by a Drigung kagyu monk from Dehra Dun. I am not happy to hear this.” འདི་ལ་ཁྱེད་ཀྱིས་ཅི་ཟེར་རྩིས་ཡོད་དམ། བདག་གྲོགས་འཇིགས་མེད་ནུབ་པ་ནི་ཁྱེད་ལ་ཡང་རྒྱུས་ཡོད་རྒྱུ་རེད། ང་ཚོ་བོད་ལ་དཔར་དབང་ཟེར་བ་མེད། དཔར་དབང་གླེང་ནས་ཁྲིམས་གཏུགས་བྱས་ན་ང་ཚོའི་རྩོམ་རིག་གི་མེ་རོ་གསོད་ངེས་རེད་ཟེར་རྒྱུ་ཡིན་ནམ། བོད་ཀྱི་རྩོམ་རིག་གི་མེ་རོ་ནི་འདི་འདྲའི་གསོད་སླ་བོ་ཞིག་ཏུ་སྙམ་པ་ནི་ཁྱེད་ཅག་རྐུན་རྒྱབ་ཇག་ལངས་དང་རང་དབང་ལུང་པ་ན་སྒེར་གཅོད་དང་འཐེན་འཁྱེར་གྱི་བསམ་བློའི་སྙིགས་རོ་འདོར་མ་ཐུབ་པ་དག་གི་བྱེད་ལས་ཤིག་ལས་དོན་དམ་གནས་ལུགས་ཡང་དག་པ་ཞིག་རེད་བསམ་མཁན་གྱི་བོད་ཀྱི་རྩོམ་པ་པོ་ཞིག་གང་ན་ཡོད།

ད་རུང་ཁྱེད་ཀྱིས་“རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལྟ་བུར་མཚོན་ནའང་སྤྱོད་འཇུག་ཆེན་མོའི་རྩ་བ་ཕལ་ཆེ་བ་བཀོལ་སྤྱོད་གནང་འདུག དེས་ཕྱིར་བོད་ལ་མཁས་པ་ཐམས་ཅད་ལད་མོ་ཡིན། ལད་མོ་ནང་གི་གང་མཁས་ཡིན་ཟེར་བའི་དཔེ་བྱུང་། བརྩམས་ཆོས་ཀྱི་ཚོང་ར་སྲ་ཐག་ཐག་ཅིག་མ་བྱུང་གི་བར་དུ་བརྩམས་དབང་དང་མི་མཐུན་པའི་སྣང་ཚུལ་ལུ་གུ་རྒྱུད་བཞིན་ཡོང་ངེས། དེ་ནི་ཡ་མཚན་ཞིང་ཧ་ལས་དགོས་བའི་གནད་དོན་ཞིག་མིན་ལ་དགྲ་ལྟར་སྡང་དགོས་པའི་གནས་ཤིག་ཀྱང་ག་ལ་ཡིན། དཔར་དབང་གི་རྒྱུ་འབྱོར་བའི་ཁེ་དབང་ལ་མི་བལྟ་བར་མཚན་སྙན་གྲགས་ཀྱི་ཁེ་དབང་ལ་གཞིགས་པའི་རྩོམ་པ་པོ་མང་ཤོས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་གཞན་གྱིས་གང་འདོད་ལྟར་བེད་སྤྱོད་བྱེད་དུ་འཇུག་པར་གུ་ཡངས་དང་རམ་འདེགས་བྱེད་གིན་ཡོད། དེའི་སྐབས་སུ་འདི་འདྲའི་བྱ་སྤྱོད་ནི་གཉིས་སྨན་གྱི་ལས་ཤིག་ཀྱང་ཡིན་སྲིད་པ་དང་། ཨེ་བ་བན་དམ་དང་ཤམྦྷལའི་དཔར་སྐྲུན་ཁང་གིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་འབྲེལ་ཐོགས་མི་སྣ་ལ་དགག་བྱ་མ་སྤེལ་བའི་རྒྱུ་མཚན་ཡང་ཡིན་སྲིད་ཟེར།” འདིར་ཚིག་འདེད་ཀྱིས་རེ་རེ་བཞིན་ལན་འདེབས་རན་ཅང་མ་མཆིས་མོད། རོབ་ཙམ་བཤད་ན། རྗེའི་ལམ་རིམ་ཆེན་མོ་ནི་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པའི་གསུངས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་ཚད་མེད་ཀྱི་དགོངས་གཞི་ལ་གཏུགས་ནས་བྲིས་གནངས་པ་ལྟར་སྤྱོད་འཇུག་ཆེན་མོ་ཡང་རྒྱལ་སྲས་ཆེན་མོ་ཞི་བ་ལྟ་དཔལ་ན་ལན་ཊ་དང་ཁ་འབྲལ་ཁར་གསུངས་པའི་ནང་བ་སངས་རྒྱས་པའི་ལྟ་དགོངས་སྤྱོད་གསུམ་གཙོ་བོར་བྱས་ནས་བརྩམས་གནངས་པ་རེད། གཉིས་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་པ་ལས་རྗེ་ཙོང་ཁ་བས་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོའི་དགོངས་དོན་གཅིག་པའི་བརྩམས་ཆོས་བརྩམས་པ་ལས་སྤྱོད་འཇུག་ཆེན་མོ་ལད་འབྲི་དང་བརྐུ་འབྲི་བྱས་ཡོད་ཅེས་ད་ལྟའི་བར་བྱུང་བའི་མཁས་པ་རི་འདྲ་བྲག་འདྲ་སུས་ཀྱང་གསུངས་མེད། ད་ལྟའི་བར་དུ་ལམ་རིམ་རྒྱས་བསྡུས་མང་པོ་བྱུང་ཡོད་པས་དེ་དག་ལ་ཅི་ཟེར་རྒྱུ་ཡིན་ནམ། མཁས་པ་ཐམས་ཅད་ལད་མོ་ཡིན། ལད་མོ་ནང་གི་གང་མཁས་ཡིན་ཞེས་པ་སྐབས་དེ་ནས་བྱུང་བའི་ཁུངས་དང་ལུང་གང་ཡོད་དམ། གསལ་བོར་གསུངས་རོགས།

ཤན་ཤུགས་མ་ཐེབས་པའི་བརྩམས་ཆོས་ཡོད་མི་སྲིད་པས་ལི་ཤིན་དང་ཉི་མ་ཚེ་རིང་གཉིས་ཀྱི་དེ་ཡང་འགྲིག་མདོག་སྟོན་པའི་ཀུན་སློང་གང་ནས་ཡོང་བ་དང་། གཞན་གྱིས་བརྩམས་པའི་ཚིག་བརྐུས། བྲིས་པའི་རི་མོ་བཤུས་པའི་ཇག་ལས་འདི་ལ་ཁྱེད་ཀྱིས་ཤན་ཤུགས་ཟེར་རྒྱུ་ཡིན་ནམ། ཁྱེད་ཀྱིས་ཤན་ཤུགས་ཟེར་བ་ལ་གོ་བ་ཟབ་མོ་མི་ལོན་ན་རྒྱ་ནང་གི་ཁྲིམས་ལ་སྦྱངས་པ་དང་ཁྲིམས་ལུགས་ལག་བསྟར་བྱེད་པའི་ལག་ལེན་ཡན་གར་བ་དེའི་ཤན་ཤུགས་ནི་ཁྱེད་ལ་ཡོད་པའི་གནས་ལུགས་ལ་མི་རྟོན་པར་ཞེན་ཕྱོགས་ལ་རྟོན་པ་དེ་རེད། དེ་ནི་ཤན་ཤུགས་རེད། ཤེས་ཨེ་བྱུང་།

ཁྱེད་ཀྱང་ཁྲིམས་ལ་མཁས་མདོག་སྟོན་གྱིན་པ་དང་རང་ཉིད་ཁྲིམས་ལ་ཅི་ཙམ་མཁས་པ་སེམས་ལ་ཁྲ་ཆིལ་ལེར་ཡོད་རྒྱུ་རེད་མོད། ཁྱེད་ཀྱིས་བཤད་བཞིན་པའི་ཁྲིམས་ཀྱི་དགོངས་པ་དེ་ཡང་དང་པོ་ཁྲིམས་ལུགས་གསར་དུ་གཏོད་མཁན་གྱི་མཁས་པ་དག་ལ་ལད་བཟློས་ཀྱིས་བཤད་ཀྱིན་ཡོད་དམ། རྩ་ཁྲིམས་གླེང་མཁན་གྱི་གང་ཟག་དེས་རྩ་ཁྲིམས་ལ་ལད་མོ་བྱེད་ཀྱིན་འདུག་ཟེར་པའི་ལུགས་ཤིག་གང་ན་འདུག ཡང་ན་གལ་ལ་ཐུག་ན་ཁྲིམས་ལས་ཕྱོགས་ཞེན་གཙོ་བོར་བྱས་ཏེ་བཤད་ཀྱིན་ཞྭ་དཔེ་ལྷམ་འགེབས་ཀྱི་སྐད་ཆ་འདི་འདྲ་ནི་ཁྲིམས་ལ་རྨོངས་པའི་ཁྲིམས་ལུགས་ཆེད་མཁས་པ་ཁྱེད་ལས་སུ་ཞིག་གི་ངག་ན་ཡོད་དམ། བོད་ནང་ནས་སྙན་ངག་མི་ཤེས་པ་དག་ཧི་མ་ལ་ཡའི་ཕར་ཕྱོགས་སུ་གོམ་པ་སྤོས་ཉིན་ནས་སྙན་ངག་པར་གྱུར་འགྲོ་ལ། ཆབ་སྲིད་པ་དང་ཆབ་སྲིད་བཙོན་མར་འགྱུར་འགྲོ་བ་བཞིན། ཁྱེད་ཀྱང་དེའི་ཕྱོགས་གཏོགས་ཤིག་ལོས་ཡིན་སྙམ་པ་ཞིག་རེད་མོད། དེར་ང་ལ་ཁུངས་ལུང་གསལ་བོ་མེད་པས་ཨོལ་ཚོད་དང་ཞེན་ཕྱོགས་ཀྱི་སྐད་ཆ་བཤད་པའི་གཤིས་ཀ་དང་ཡི་ག་ང་ལ་མེད།

བརྩམས་ཆོས་ཀྱི་ཚོང་ར་སྲ་ཐག་ཐག་ཟེར་བ་ནི་ཇི་ལྟར་ཆགས་དགོས་པ་ཞིག་ཡིན་ནམ། དེ་ནི་ཁྲིམས་མཐུན་གྱིས་ཆགས་དགོས་པ་ཞིག་རེད་དམ་ཁྲིམས་འགལ་གྱིས་ཆགས་དགོས་པ་ཞིག་རེད་དམ། འདི་དྲི་བ་ཡིན། ཁྲིམས་དཔོན་ལགས། ང་ལ་རིག་འཕྲུལ་གྱིས་མགོ་སྐོར་མ་གཏོང་རོགས།

ད་རུང་མུ་མཐུད་ན། ཁ་སང་དེ་རིང་བོད་ནང་དུ་དཔེ་དེབ་ལེགས་པོ་རེ་ཡོང་ནས་བྲིན་པོ་བྱུང་ན་ཟི་ལིང་གཙོས་པའི་ཚོང་བ་དང་དཔེ་སྐྲུན་ཁང་འགའ་རེས་རྩོམ་པ་པོའི་ཆོག་མཆན་མེད་པར་དཔར་ལོག་རྒྱབ་ནས་ཚོང་གིན་ཡོད་པས་རྩོམ་པ་པོ་མང་པོ་ཞིག་ལ་གྱོང་གུད་རེག་གི་ཡོད་པ་འདི་ཡང་ཁྱེད་ལྟར་ན་རྩོམ་རིག་ཡར་རྒྱས་ཀྱི་བཀག་རྡོ་ཞིག་རེད་དམ། འདི་ནི་ཁྲིམས་མེད་ལུགས་མེད་ཀྱི་ས་ཁུལ་ན་འབྱུང་གིན་པའི་དོན་དག་ཅིག་ཡིན་པས་དེ་གའི་ཁྲིམས་ཡོད་ལུགས་ཡོད་ཀྱི་སྤྱི་ཚོགས་ཁྲོད་སྣང་མེད་འཇོག་སྲིད་པའི་དོན་དག་ཅིག་རེད་དམ།

དེབ་བདག་ཨེ་བ་བན་ཊམ་དང་ཤམྦྷ་ལ་དཔེ་སྐྲུན་ཁང་གིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་འབྲེལ་ཐོགས་མི་སྣ་ལ་དགག་བྱ་མ་སྤེལ་བའི་རྒྱུ་མཚན་ཡང་མཚན་སྙན་གྲགས་ལ་གཞིགས་པའི་རྩོམ་པ་པོ་མང་པོ་ཞིག་གིས་བརྩམས་ཆོས་གང་འདོད་དུ་བེད་སྤྱོད་བྱེད་དུ་འཇུག་པ་དང་མཐུན་ཚུལ་བཤད་འདུག་ཀྱང་། རྩོམ་པ་པོའི་དགོངས་པར་དེ་མེད་པ་ནི་གོང་དུ་བཀོད་པའི་རྩོམ་པ་པོ་ངོ་མས་བསྐུར་ཡོང་བའི་ཡི་གེ་དེར་གཟིགས། དེ་ནས་ཤམྦྷ་ལ་དཔེ་སྐྲུན་ཁང་གིས་གྱོད་རྒྱབ་ཆོག་མིན་ནི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་གཉིས་ཀྱི་གན་རྒྱར་རགས་ལས་པ་ལས་ང་ཚོས་ཁ་ཚོན་གཅོད་ཆོག་པ་ཞིག་མ་རེད།

“བརྩམས་ཆོས་དང་འབྲེལ་བའི་དཔར་དབང་ཡོད་ཚད་ལ་ངོ་བོ་གཞན་ཞིག་གི་སྒོ་ནས་བཤད་ན་མི་རིགས་ཤིག་སྟེ། ལྷག་པར་དུ་མི་རིགས་ཉམས་ཐག་ཅིག་གི་རྩོམ་རིག་དར་རྒྱས་ཐད་ལ་གནོད་པ་བྱེད་པའི་གེགས་དང་གནོད་བྱེད་ཅིག་ཏུ་འགྱུར་སྲིད། སྟོབས་ལྡན་ཨ་རི་རྒྱལ་ཁབ་ལ་མཚོན་ནའང་། ཆེས་མཐོ་ཁྲིམས་ཁང་གིས་ནམ་ནམ་ཞར་ཞར་ཁྲིམས་ཀྱིས་བྱ་ར་བྱས་ཏེ་སྨྲ་བརྗོད་རང་དབང་དང་དཔར་དབང་གི་དབར་གྱི་འགལ་བ་ཁག་དོ་སྙོམས་བྱས་དང་བྱེད་བཞིན་ཡོད།” མི་རིགས་ཉམས་ཐག་ཡིན་ན་ཁྲིམས་མེད་ལུགས་མེད་བྱས་ཆོག་པའི་རྩ་ཁྲིམས་ཤིག་གང་ན་ཡོད་དམ། མི་རིགས་གང་ཞིག་ཉམས་ཐག་ཡིན་དུས་ནས་ཁྱི་ལས་སྐྱག་ལས་བྱས་ནས་ཡར་རྒྱས་སོང་བ་ཡིན་ནམ། ད་ལྟའི་ཁྲིམས་སྐྱོང་རྒྱལ་ཁབ་དག་གིས་ཀྱང་ཁྲིམས་མེད་ལུགས་མེད་ཀྱི་ཁུངས་མ་འཁྱོལ་བར་ཁྲིམས་ཡོད་ལུགས་ཡོད་བྱས་པ་མ་ཡིན་ནམ། ཁྱེད་ཀྱིས་བཤད་པ་ལྟར་ཨ་རིས་སྨྲ་བརྗོད་རང་དབང་དང་དཔར་དབང་བར་གྱི་འགལ་བ་དོ་སྙོམ་བྱེད་དགོས་དོན་གྱི་རྩ་བ་ཡང་ཁྲིམས་ལ་མ་ཐུག་པར་གང་ལ་གཏུགས་ཡོད་དམ། ལོ་ཤས་སྔོན་བྱ་གཞུང་དབྱངས་བྷ་སོགས་ཀྱིས་རྩོམ་རྐུན་ཐེར་འདོན་བྱས་པ་དག་ཀྱང་ང་ཚོའི་མི་རིགས་ཀྱི་རྩོམ་རིག་དར་རྒྱས་ལ་གནོད་ཡོད་དམ། ཁྱེད་ནས་དཔེ་མཚོན་དང་གནས་ལུགས་གསལ་བོར་བཤད་ན་ཁས་ལེན་རྒྱུ་ལས་ཕྱོགས་ཞེན་དང་མཁྲེགས་འཛིན་གྱི་སྐད་ཆ་དེ་དག་ནི་སུས་ཁས་ལེན་ནམ། ང་ཚོའི་མི་རིགས་འདི་སྙིང་རྗེ་བ་ལའང་མང་ཚོགས་ཀུན་ཁྲིམས་ཀྱིས་རྨོངས་ནས་རང་གི་ཁེ་དབང་སྲུང་སྐྱོབ་མ་ཐུབ། ཁྲིམས་ལུགས་ཤེས་མཁན་དག་སྒེར་གཅོད་ཀྱི་བསམ་བློས་དབང་སྒྱུར་བྱས་པས་གྱང་ཁའི་རྩྭ་རུ་གྱུར། སྐྱོ་བ་ལའང་།

ད་རུང་ཅིག་ཤེས་མདོག་གིས་ “དཔར་དབང་གི་ཁྲིམས་ཀྱི་ནང་དུ། རང་རྐྱ་ཐུབ་པའི་སྒོ་ནས་གསར་རྩོམ་བྱས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ན་དཔར་དབང་གི་སྲུང་སྐྱོབ་བྱེད་པའི་བརྩམས་ཆོས་ཡིན་ཞེས་གཏན་ལ་བབས་ཡོད།” འདི་ལྟར་ན། ལི་ཤིན་དང་ཉི་མ་ཚེ་རིང་སོགས་ཀྱི་རྐུན་ལག་གིས་དཔར་དབང་ལ་སྲུང་སྐྱོབ་བྱས་ཡོད་དམ། ཁྲིམས་དཔོན་ཁྱེད་ཀྱིས་དེ་ལ་སྲུང་སྐྱོབ་བྱས་ཡོད་དམ།

“ལི་བྱིན་དང་ཉི་མ་ཚེ་རིང་སོགས་ཀྱིས་ཐོད་པ་སྟེང་ནས་རྔུལ་ཆུ་བཞུར་ཏེ།༼Sweat of the brow༽ ༼额头出汗原则༽རྗེ་མི་ལའི་རྣམ་ཐར་དེ་རི་མོ་དང་རྒྱ་བོད་ཡིག་ཟུང་འབྲེལ་ཤན་སྦྱར་བྱས་ནས་བརྩམས་པའི་བརྩམས་ཆོས་ཀྱི་རྩོམ་ལུས་དང་བརྗོད་སྟངས་ལ་གསར་གཏོད་དང་ཐུན་མོང་མ་ཡིན་པས་ཁྱད་ཆོས་ལྡན་པས། ༼独创性༽༼Originality༽བརྩམས་ཆོས་བརྩམས་ཟིན་པ་ནས་བཟུང་དེ་ལ་དཔག་པའི་དཔར་དབང་གཞན་གྱིས་དྲིང་འཇོག་མི་དགོས་པར་བདོག་པས།  ཁོང་ཚོས་རྩོམ་པ་པོ་གཞན་ལ་དཔར་དབང་གི་བཀའ་འཁྲོལ་ཞུ་མི་དགོས་ཤིང་། དེ་དག་གི་གནས་ཚུལ་རང་ཉིད་ཀྱི་བརྩམས་ཆོས་ནང་དུ་ངོ་སྤྲོད་མཚམས་སྦྱོར་སོགས་དེ་བས་ཀྱང་བྱེད་མི་དགོས།” རྐུན་མའི་དངུལ་ཆུ་བཞུར་བ་ལ་རྒྱུ་བདག་གིས་ཁ་ཡ་བྱེད་མི་སྲིད་པའི་གནས་ལུགས་དེ་ཁྱེད་ལྟ་བུའི་རྐུན་རྒྱབ་ཇག་ལངས་བྱེད་མཁན་ཞིག་ལས་སུ་ཞིག་གིས་གསར་གཏོད་ཟེར་རམ། གསར་གཏོད་ཞེས་པ་ནི་བརྐུས་ནས་ལོན་པ་ཡིན་ན་ང་ཚོར་རྐུན་མ་མང་པོ་ཡོད་ཅིང་རྐུན་རྒྱབ་ཏུ་ལངས་མཁན་གྱི་ཁྲིམས་དཔོན་ཉི་ཚེ་བ་ཡང་མང་པོ་ཡོད་པས་བོད་ཁམས་ན་གསར་གཏོད་པའི་ས་ཟིན་ནས་འཛམ་གླིང་མི་རིགས་ལ་འགྲམ་ཆུ་ལྡང་བ་ཞིག་ཏུ་གྱུར་ཡོད་དགོས་མོད། ད་རུང་ཡང་ང་ཚོ་ཉམས་ཐག་ངང་ལུས་པའི་རྩ་བ་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

ཁྱེད་ཀྱིས་དོན་ངོ་མ་དེབ་དེར་ཞིབ་ཏུ་བལྟས་ཡོད་དམ། བརྐུས་དེབ་དེ་ལག་ཏུ་ཐོབ་བྱུང་ངམ། དེབ་དེར་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་ཆ་གང་འདུག་གམ། གཞན་གྱི་ངལ་འབྲས་ལ་ཁྱད་གསོད་བྱས་པ་དེར་གསར་གཏོད་ཀྱི་ཆ་འདུག་ཟེར་བ་ཡིན་ནམ། དེ་སྔ་བོད་དུ་བསྟན་བཅོས་ཀྱི་དཔར་ཤིང་བརྐོ་བའམ་གསེར་བྲིས་དང་དངུལ་བྲིས་བྱེད་པའི་མཇུག་ཏུ་སྦྱིན་བདག་གི་ཁྱིམ་མི་ཉེ་འབྲེལ་དང་སྒོ་ཕྱུགས་ཁྱི་རྟ་སོགས་ཀྱི་མིང་ཡང་འབྲི་སྲོལ་ཡོད་པ་ལྟར། རྩོམ་ཡིག་གཞན་ཞིག་གནས་ཚིག་འབྲུ་འགའ་བླངས་ཀྱང་དེའི་ཁུངས་དང་བཅས་པ་གསལ་བོར་འབྲི་བའི་དེང་གི་ལུགས་སྲོལ་གང་ལ་ཡང་མི་མཐུན་པའི་ལི་ཤིན་དང་ཉི་མ་ཚེ་རིང་སོགས་ཀྱི་བྱེད་སྟངས་དེར་ཁྲེལ་ཡོད་དང་ལུགས་མཐུན་ཟེར་དགོས་པ་རེད་དམ། དེ་སྤྱང་ཀི་སྨྱོན་པ་དང་ལུ་གུ་གཟའ་རོའི་བྱེད་སྟངས་ལས་གང་ཡང་མ་རེད། ཤེས་སོང་ངམ།

གཞན་གྱི་བརྩམས་ཆོས་བོད་བསྒྱུར་གྱིས་རྩོམ་ལུས་དང་བརྗོད་སྟངས་ལ་ཁྱད་ཆོས་ཡོད་པར་བྱས་ན་དཔར་དབང་ཞུ་མི་དགོས་པའི་ཁྲིམས་ཤིག་གང་ནས་མཐོང་སོང་ངམ། སྔོན་ཐོན་གྱི་རྒྱལ་ཁབ་ཨ་རི་ནས་མཐོང་སོང་ངམ། ཁྱེད་ཀྱིས་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀ་ཤེས་མདོག་ཅིག་འདིར་སྟོན་གྱིན་འདུག་པས། ངོ་མ་ཡག་པོ་ཤེས་ན། ནུབ་ཀྱི་བརྩམས་སྒྲུང་གྲགས་ཅན་རིང་མོ་དག་བསྡུས་འབྲི་བྱས་ཏེ་Retold by xxxx དང་translated by xxཟེར་མཁན་དག་གིས་རྩོམ་པ་པོ་སྐུ་གཤེགས་ནས་ལོ་ལྔ་བཅུ་མ་འགོར་ན་ཆོག་མཆན་ཞུ་དགོས་སམ། དེ་དག་ཡིག་རིགས་གཞན་དུ་བསྒྱུར་སྐབས་ཆོག་མཆན་ཞུ་དགོས་སམ།

ངེད་ཀྱི་གྲོགས་པོ་བདུད་འདུལ་ལགས་ནི་ཁྲིམས་ལུགས་མཁས་པ་ཞིག་མིན་ཡང་དཔར་དབང་ལ་ཆོག་མཆན་ཞུ་དགོས་པའི་གནས་ལུགས་དེ་ཤེས་ཡོད་པས་རྩོམ་པ་པོས་བོད་སྒྱུར་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད། རྒྱ་གར་རྡེ་ར་རྡུན་གྱི་བཀའ་རྒྱུད་དགོན་པའི་གྲྭ་བ་དེ་ཡང་ཆོས་ལུགས་པ་ཞིག་ཡིན་ཡང་ཁྲིམས་ལ་བརྩིས་ནས་ཆོག་མཆན་ཞུས་ཐོབ་བྱུང་བ་གོང་གི་དབྱིན་ཡིག་གི་ཡི་གེར་ཡང་བསྐྱར་གཟིགས་དང་། ཨ་རི་ན་བསྡད་ཡོད་ན་དབྱིན་ཡིག་གན་གི་ནང་དོན་གོ་རྒྱུ་རེད་མོ།

དཔར་དབང་གི་ཁྲིམས་ཀྱིས་བརྗོད་བྱ་དང་བརྗོད་སྟངས་སོ་སོར་འབྱེད་པའི་རྩ་དོན་ལྟར་ན།༼思想与表达二分法༽༼Dichotomy of Ideas and Expression in Copyright Law ༽རྗེ་མི་ལའི་རྣམ་ཐར་གྱི་བརྗོད་བྱ་རང་ལ་གང་ཟག་སུ་གང་གིས་ཀྱང་དཔར་དབང་བདག་ཏུ་འཛིན་མི་ཆོག་ཅིང་། དེས་མི་ཚད་རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་སྒོ་ནས་རྗེ་མི་ལའི་རྣམ་ཐར་འགྲེལ་བརྗོད་བྱེད་པའི་ཐབས་ལམ་འདི་ཡང་གང་ཟག་སུ་གང་གིས་བདག་གིར་འཛིན་མི་ཆོག དཔར་དབང་གིས་སྲུང་སྐྱོབ་བྱེད་ཡུལ་ནི་བརྩམས་ཆོས་ཀྱི་བརྗོད་ཚུལ་མ་གཏོགས བརྗོད་བྱ་དང་རྣམ་པ་ལ་སྲུང་སྐྱོབ་བྱེད་གིན་མེད། དེའི་སྟབས་ཀྱིས་གང་ཟག་གཞན་གྱིས་ཁོ་མོའི་བརྩམས་ཆོས་གཞིར་བཞག་ནས་རང་གིས་བརྗོད་ཚུལ་གསར་བའི་ལམ་ནས་བརྗོད་བྱ་རིགས་མཚུངས་ཀྱི་བརྩམས་ཆོས་ཤིག་བརྩམས་པ་ཡིན་ན། དེ་ནི་བརྩམས་དབང་གིས་ཁྲིམས་དང་མི་འགལ་བར་འདོད།

copyright ཟེར་བ་དེ་ཤེས་ཀྱི་ཡོད་ན། རྗེ་མི་ལའི་རྣམ་ཐར་རྩོམ་པ་པོ་རུས་པའི་རྒྱན་ཅན་སྐུ་གཤེགས་ནས་ལོ་མང་པོ་འགོར་ཡོད་པས་དེ་ལ་ཆོག་མཆན་ཞུ་དགོས་པ་ཡོད་པ་མ་རེད། ཊམ་ལགས་ད་ལྟ་སྐུ་འཚོ་བཞུགས་སྐབས་སུ་མོས་མི་ལའི་རྣམ་ཐར་བསྡུས་འབྲི་དང་རི་མོ་གསར་པ་མང་པོ་བྲིས་ཏེ་དཔེ་སྐྲུན་བྱས་པའི་དེབ་དེར་ཆོག་མཆན་ཞུ་མི་དགོས་པའི་དཔར་དབང་གི་ཁྲིམས་ཤིག་གང་ན་ཡོད་དམ། དེང་ཚགས་ཤོག་ག་གེ་མོའི་སྟེང་དུ་འདྲ་དཔར་གཅིག་འཇོག་དུས་ཀྱང་འདྲ་དཔར་ལེན་མཁན་ལ་ཆོག་མཆན་དང་ལེན་མཁན་གྱི་མིང་འགོད་དགོས་པའི་གནད་གང་ལ་ཐུག་ཡོད་དམ། ཁོང་གཉིས་ཀྱི་ལས་སྟངས་འདི་思想与表达法 Dichotomy of Ideas and Expression in Copyright Lawཟེར་བ་འདིའི་ནང་འདུས་སམ། འདུས་ནས་དོན་ཚན་གང་དང་ལེའུ་གང་དུ་གཏོགས་སམ།

རྩོམ་དབང་བཅའ་ཁྲིམས་ལྟར་ན། རྩོམ་པ་པོ་ཚེ་ལས་འདས་ནས་ལོ་༥༠་མ་འགོར་ན་ཆོག་མཆན་ཞུ་དགོས་པ་ཤེས་བཞིན་དུ་ཁྱེད་ཀྱིས་སྐད་ཆ་བཤད་བཞིན་པ་འདི་གང་ཟག་དང་ཡུལ་གྲོང་གང་ཞིག་གི་ཤན་ཞུགས་པ་ཡིན་ནམ།
“རླངས་ཚང་བསོད་ནམས་རྡོ་རྗེ་ཡིས་ལི་བྱིན་དང་ཉི་མ་ཚེ་རིང་ལ་དཔར་དབང་གི་རྐུན་མ་ཞེས་ཉེས་འཛུགས་བྱས་པ་དེ་ཐལ་ཆེ་ཞིང་འོས་བབ་མེད་པ་ཞིག་ཏུ་མཐོང་ཞིང་། དོ་བདག་གིས་གཞི་མེད་ཉེས་འཛུགས་འདི་ལ་ཁག་བཞག་ནས་ཁོང་ཅག་ལ་སྒྲོ་སྐུར་བཏབས་སོང་ཞེས་རླངས་ཚང་ལ་དམངས་ཁྲིམས་ཀྱི་སྟེང་ནས་རྒོལ་སྲིད། གང་ལྟར་རྟ་ཤོར་ན་ཟིན་ཐབས་ཡོད། ཚིག་ཤོར་ན་ཟིན་ཐབས་མེད་ཟེར་བ་ལྟར། གཞན་ལ་དཔར་དབང་གི་ཉེས་འཛུགས་བྱེད་གིན་ཡིན་ན་དང་བོར་དཔར་དབང་གི་ཁྲིམས་དང་འགྲོ་སྟངས་ལ་གོ་བ་མ་མཐའ་ཙམ་ཡང་ལོན་དགོས་པ་དེ་གལ་ཆེ། བརྩམས་ཆོས་ལས་འཕྲོས་བའི་རྩོམ་པ་པོའི་སྙན་གྲགས་དང་ཁེ་དབང་བཅས་ལ་ཁྲིམས་བཅས་ནས་སྲུང་སྐྱོབ་བྱེད་པ་ནི་དེང་རབས་སྤྱི་ཚོགས་ཀྱི་ལེགས་བྱང་དང་དཔལ་ཡོན་ཡིན་པ་གདོན་མི་ཟ།” ཁྱེད་ཀྱིས་ལུས་ཨ་རི་ནས་བསྡད་དེ་སེམས་ལྷ་སར་སོང་ནས་སྒེར་གཅོད་ཀྱི་དབང་ཆ་བཀོལ་ནས་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་ཞིག་དང་ཀུང་ཟིའི་སྦྱིན་བདག་ཅིག་ལ་ལྐོག་འབྲེལ་གྱིས་ “དམངས་ཁྲིམས་ཀྱི་སྟེང་ནས་རྒོལ་”ཏེ་མ་ཉེས་ཁག་གཡོག་གིས་བཙོན་དུ་འཇུག་རྩིས་ཀྱང་ཡོད་ན་ཐང་མོད། བདེན་པ་རྩད་ནས་བཙོན་དུ་སོང་བའི་གཟི་བརྗིད་ནི་ཁྲིམས་ལུགས་པ་རྟུལ་བོ་ཞིག་གི་མཁས་སྙན་ལས་བརྒྱ་འགྱུར་གྱིས་འཕེལ་ངེས་ཡིན་པ་ནི་ངས་མ་བཤད་ཀྱང་ཁྱེད་ཀྱིས་ཤེས་ངེས་རེད། ད་རུང་ཁྱེད་ཀྱིས་ “དཔར་དབང་གི་ཁྲིམས་དང་གོ་བ་མ་མཐའ་ཙམ་ཡང་ལོན་དགོས་པ་དེ་གལ་ཆེ་”རབས་ཤིག་ང་ལ་བཤད་ཀྱིན་འདུག་མོད། ངས་རེ་བ་ནི་ཁྲིམས་ལུགས་གླེང་གིན་པ་དང་ཁྲིམས་ལུགས་ཤེས་པར་འདོད་མཁན་དག་གིས་དཔར་དབང་གི་ཁྲིམས་ལ་གོ་བ་ཡག་པོ་བླངས་ནས་རང་ཉིད་ཀྱིས་ཁྲིམས་དང་འབྲེལ་བའི་བློ་སྦྱོང་གི་བསྙེན་མཚམས་རེར་འདུག་ཐུབ་ན་ལེགས་ཤིང་། ཁྲིམས་ལ་སྦྱངས་ཀྱང་ཉམས་ལེན་མེད་པ་ནི་ལམ་རིམ་བློར་བཟུང་ནས་ཤན་ཁང་ནང་ལས་ཀ་བྱེད་པ་དང་གཅིག་པ་གཅིག་རྐྱང་མ་རེད་དམ།

“གཞན་གྱིས་བརྩམས་ཆོས་ལ་བརྩི་བཀུར་དང་ལུགས་མཐུན་གྱི་སྒོ་ནས་སྲུང་བརྩི་བེད་སྤྱོད་་བྱེད་པ་དེ་ཡང་རྩོམ་པ་པོ་རྣམས་ཀྱིས་དཔྲལ་བའི་མིག་ལྟར་སྲུང་དགོས་བའི་རྩ་དོན་ཞིག་ཡིན།” བརྩམས་ཆོས་ལ་བརྩི་བཀུར་དང་ལུགས་མཐུན་གྱི་སྒོ་ནས་སྲུང་བརྩི་བེད་སྤྱོད་བྱེད་པ་རྩོམ་པ་པོ་རྣམས་ཀྱིས་དཔྲལ་བའི་མིག་ལྟར་སྲུང་དགོས་པའི་རྩ་དོན་དེ་ཤེས་ཡོད་ན་ལི་ཤིན་དང་ཉི་མ་ཚེ་རིང་གཉིས་ཀྱི་རྒྱུགས་ཁྱི་ཁྱེད་ལ་ཅི་བྱུང་སོང་བ་ཡིན་ནམ། ཁྱེད་ཅག་གིས་དེ་དག་དཔྲལ་བའི་མིག་བཞིན་སྲུང་དགོས་པ་ཤེས་བཞིན་དུ་གཞན་གྱི་རྔུལ་ཆུས་བཟོས་པའི་གྲུབ་དོན་ལ་ཧམ་པ་སྐྱེས་ནས་དེའི་ཐད་གསལ་བཤད་ཚིག་གཅིག་ཀྱང་བྱེད་མ་ནུས་པའི་དཔའ་གདེང་དེ་གང་ནས་ཡོང་བ་རེད་དམ། དེ་ཤར་ལྷོ་ནུབ་བྱང་གང་ཞིག་གི་ཁྲིམས་དང་ཁེ་དབང་རེད། ཁྱེད་ཀྱིས་བསམ་ནས་ལྷ་རམས་པས་ལུགས་བཤས་པ་དང་ཤན་པས་ལུག་བཤས་པ་གཉིས་ལས་ཉེས་པ་སུ་ལ་ཆེ་བར་སོམས་ཤིག

“དཔར་དབང་གི་མིང་བཟུང་ནས་མི་གཞན་ལ་རྐུན་མ་སོགས་ཀྱི་ཉེས་འཛུགས་བྱས་ན་ཁྲིམས་དང་འགལ་ལ་ཉེས་འཛུགས་བྱེད་མཁན་ལ་ཡང་གནོད། དེ་ལས་ཀྱང་ཚབས་ཆེ་བ་ནི་བོད་རིགས་རྩོམ་པ་པོ་རྣམས་ཀྱིས་བརྩམས་ཆོས་གསར་གཏོད་ཀྱི་ལྷག་བསམ་ལ་གནོད་ཅིང་། གསར་རྩོམ་གྱི་འཁོར་བསྐྱོད་དང་དར་སྤེལ་ལ་བགེགས་དང་བར་ཆད་བྱེད་སྲིད་པས། གནད་དེ་ལ་གཟབ་དགོས།” ཁྱེད་ཀྱིས་གནད་གང་ལ་གཟབ་དགོས་པ་ངོ་མ་ཤེས་ཀྱི་མི་འདུག སྤྱིར་མི་གོ་བ་ཅན་ལ་ཚིག་གཅིག་ཟེར་བས་ཡང་ནས་བསྐྱར་དུ་བཤད་མི་དགོས་ཀྱང་། ཁྱེད་ནི་བོང་བུའི་རྣ་ལ་གསེར་དུ་འགྱུར་བའི་གཏུམ་མོའི་སྤྱོད་པ་ཅན་གྱི་རིགས་ཡིན་ནས་བོང་བུ་ཐང་མ་ཆད་བར་དུ་གསེར་ལྡུག་རྐྱང་བྱེད་དགོས་པའི་གྲས་དེ་རེད་འདུག་པས། གོང་གི་ཚིག་འདིར་འགྲེལ་བཤད་ཅིག་བྱེད། དཔར་དབང་གི་མིང་བཟུང་ནས་ཉེས་འཛུགས་བྱེད་པ་ནི་ཁོ་བོའི་རྩོམ་གྱི་བརྗོད་སྙིང་ཡིན། དེས་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་གསར་གཏོད་དང་ལྷག་བསམ་ལ་ག་རེ་གནོད་དམ། བོད་ཀྱི་རྩོམ་པ་པོ་དག་ནི་ལེགས་ཉེས་བླངས་དོར་གྱི་གནས་ལ་རྨོངས་པའི་ལི་ཤིན་དང་ཁྱེད་ཅག་ལྟ་བུ་རྐྱང་ཡིན་རྒྱུ་རེད་ཨེ་བསམ་གི། བོད་རྩོམ་དར་ཁྱབ་ནི་ཟབ་མོ་ལས་ཟིང་ཟིང་དང་། བདེན་པ་ལས་རྫུན་པ་བྲིན་ནས་ཡར་རྒྱས་ལ་འགྲོ་བཞིན་པ་ཞིག་རྩ་བ་ནས་མིན། ད་ལྟའི་བར་དུ་བྱུང་བའི་བོད་ཀྱི་གནའ་དེང་གི་དོན་གྱི་རྩོམ་པ་པོ་དག་ནི་བདེན་པ་དཔྲལ་བའི་མིག་བཞིན་སྲུང་ནས་ཡོང་བའི་དམ་པ་དག་དག་ཡིན་པས། ཀུན་སློང་ཕྱོགས་ལྷུང་ཅན་དེ་གང་སར་གཡོན་ནས་འགྲོ་དུས་གཟབ་གཟབ་བྱོས། འདི་འུ་གཉིས་ཀ་བོད་ཡིན་པ་དང་སྨྱུ་གུ་འཛིན་མཁན་ཞིག་ཡིན་པའི་ནང་གཏམ་ཡིན།

“རླངས་ཚང་བསོད་ནམས་རྡོ་རྗེ་དང་བདུད་འདུལ་རྣམ་གཉིས་ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་ཞེས་བའི་དཔེ་རུ་མི་འགྲོ་བར། བློ་མཛངས་ཐབས་མཁས་ཀྱི་སྒོ་ནས་རང་རེའི་མི་རིགས་ཀྱི་རྩོམ་རིག་གི་གཙུག་གཏོར་དུ་གྱུར་བའི་རྗེ་མི་ལའི་རྣམ་ཐར་དེ་རི་མོར་ཕབ་པའི་དབྱིན་ཡིག་གི་དཔེ་དེབ་དེ་ལ་རང་གི་རིག་པ་ཀློང་ནས་བརྡོལ་བའི་རྩལ་ལས་ཕུལ་དུ་བྱུང་བའི་འགྱུར་ཞིག་མྱུར་བ་མྱུར་ཏུ་བརྩམ་ནས། སྐོམ་པ་ཆུ་འདོད་ལྟར་གནས་ཡོད་པ་ཀློག་པ་པོ་རྣམས་ཀྱི་རེ་བ་བསྐོང་ཞོར། ཉག་ཕྲ་བའི་དུས་སྐབས་འདིར་བོད་ཀྱི་རྩོམ་པ་པོ་གཞན་རྣམས་གྱིས་ཐབས་ཤེས་སྣ་ཚོགས་སྤྱད་ནས་རང་རིགས་ཀྱི་རྩོམ་རིག་གི་བྱ་གཞག་དར་སྤེལ་བྱེད་བཞིན་པའི་ལས་དེ་ལ་མཐོང་ཆུང་དང་བར་ཆད་མི་བྱེད་པར་གཅེས་སྐྱོང་དང་བརྩི་བཀུར་བྱ་རྒྱུ་དེ་གལ་ཆེ།”

ངེད་དང་གྲོགས་པོ་བདུད་འདུལ་གཉིས་ནི་ནོར་བུའི་ནོར་ཉམས་ཤེས་ནས་སྲུང་སྐྱོབ་བྱེད་མཁན་གཉིས་ཡིན་པའི་ཆ་ནས་རྫུན་ཨ་བྲ་གཉིས་ཀའི་རྔ་མ་ཐུང་བའི་ལས་དེར་འཇུག་མ་འདོད་པ་ལས་ཁྱེད་བཞིན་ཡོག་ལས་བྱེད་མཁན་ཞིག་གཏན་ནས་མིན་པས། ༢༠༡༣ལོར་རྩོམ་པ་པོར་དཔར་དབང་གི་ཆོག་མཆན་༼Dear Dudul Dorje,
Thank you for your mail, It is always wonderful to get such reactions.
There is indeed a Tibetan language version of my book. It is produced by the Drikung Kagyu institute. P.O box 48 in Dehra Dun, India. This edition is, as far as i know, sold out. At present i am preparing a new edition of the book with added storyline. It will take a while to produce. Meanwhile i can give you permission ( if done on strictly non-profit basis) to translate and deliver the book in Tibetan in Tibetan areas.
Hope you are successful, Keep me informed.
Eva van Dam
Op 12 dec 2013, om 10:35 heeft Jefferson-Dorjay het volgende geschreven༽:ཡོངས་སུ་ཞུས་ནས་བོད་བསྒྱུར་བྱས་ཏེ་པར་སྐྲུན་ཁང་ལ་བསྐྱལ་ཉེ་བར་བྱས་ཡོད་པ་འདི་ཡིན། ལི་ཤིན་ཟེར་བས་བོད་ཡིག་གི་མ་ཡིག་དེ་ཡང་གོང་ནས་རྩོམ་པ་པོས་བསྐུར་ཡོང་བའི་ཡི་གེའི་ཁྲོད་ཀྱི་རྒྱ་གར་རྡེ་ར་རྡུན་གྱི་བཀའ་རྒྱུད་པའི་གྲྭ་བ་ཁོང་གི་འགྱུར་ཡིན་པར་ཡང་དོགས་པ་ཆེ་ན་ཡང་ངས་ནི་ཁོང་གི་བོད་འགྱུར་དེ་རིག་མ་མྱོང་བས་དོགས་པ་ཟ་བ་ནི་དོགས་པ་རང་ཡིན་པས་དེར་ཁུངས་ལུང་འདེད་རྒྱུ་ག་ནས་ཡོད། གོང་དུ་རྩོམ་པ་པོས་གསལ་བཤད་བྱས་འདུག་པ་ལྟར་ཁེ་མེད་ཀྱིས་པར་སྐྲུན་བྱེད་ཚེ་དཔར་དབང་སྤྲད་པ་ཡིན་ཟེར་བ་འདིར་ཞིབ་ཏུ་སོམས་དང་། ལི་ཤིན་དང་ཉི་མ་ཚེ་རིང་སོགས་ཀྱི་ལས་ཀ་འདི་ཚད་གང་ལ་སླེབས་འདུག ཁོང་ཚོས་དཔེ་དེབ་གཅིག་ལ་རྒྱ་སྒོར་བརྒྱ་ལ་ཉེ་བ་བྱས་ཏེ་བཙོང་གིན་ཡོད་པ་ངའི་རྩོམ་ཡིག་སྔོན་མར་གསལ་བ་བཞིན་རེད།

རྗེ་མི་ལའི་རྣམ་ཐར་དེ་རི་མོར་ཕབ་པའི་དབྱིན་ཡིག་གི་དཔེ་དེབ་དེ་ལ་རང་གི་རིག་པ་ཀློང་ནས་བརྡོལ་བའི་རྩལ་ལས་ཕུལ་དུ་བྱུང་བའི་འགྱུར་ཞིག་བརྩམས་ཟེར་བ་འདིར་སོམས་དང་། རིག་པ་ཀློང་བརྡོལ་གྱི་ལི་ཤིན་གྱིས་སྐྱབས་ཉི་མ་ཚེ་རིང་ལ་རེ་ནས་ཊན་ལགས་ཀྱི་བརྩམས་ཆོས་བརྐུས་པ་རེད་དམ། འདི་ལ་ཚིག་འདིར་འབྱོར་རམ། རིག་པ་ཀློང་བརྡོལ་བ་དག་ནི་རྐུན་མ་ལག་རིང་ཏག་ཏག་རེད་ལ། ངས་བོད་ཀྱི་རྩོམ་རིག་གི་ལམ་ཁར་མཐོང་ཆེན་དང་གཞན་གྱིས་རང་ཅག་གི་རྣལ་འབྱོར་བ་ཆེན་མོ་གང་གི་ཁྱད་དུ་འཕགས་པའི་རྣམ་ཐར་དེ་བྱིས་སྒྲུང་གི་རྣམ་པས་བརྩམས་པར་མཐོང་ཆེན་བྱས་ཏེ་ཁར་སྔོན་གྱི་རྩོམ་ཡིག་དེ་བྲིས་པ་ལས་མཐོང་ཆུང་བྱས་ནས་བྲིས་པ་ཞིག་ག་ནས་ཡིན། དོན་དངོས་སུ་ཁྱེད་ཀྱི་བོད་ཀྱི་རྩོམ་པ་པོ་དང་རྩོམ་རིག་གི་ལམ་ཁར་མཐོང་ཆུང་ཚད་ལས་བརྒལ་བ་བྱས་པ་འདིར་དགོངས་དག་ཞུ་ཡིག་བྲིས་ཏེ་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་རྩོམ་པ་པོ་དག་ལ་སྤྲིངས་དགོས་པ་ཞིག་གནས་ལུགས་ཀྱི་ངོས་ནས་ཡིན་མོད། ཁྱེད་ཀྱི་ང་རྒྱལ་དང་ཞེན་ཕྱོགས་ལ་བལྟས་ཡོང་ན་རང་ཉིད་ཀྱི་འཁྲུལ་བ་རང་ངོས་ནས་ཁས་ལེན་གྱི་སྙིང་ཁམས་ཅན་གྱི་ཤེས་ཡོན་པ་ཞིག་རྩ་བ་ནས་རེད་མི་འདུག་པས་བཤད་ཀྱང་ཕན་པ་ཅི་ཡོད།

ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་འདིའི་མགོ་མཇུག་བར་གསུམ་གྱི་ཚིག་གི་སྦྱོར་བ་དང་མིང་གི་དག་ཆ། ཕྲད་ཀྱི་སྦྱོར་ལུགས་སོགས་ལ་ཡང་ཁྲིམས་ཀྱི་ངོས་ནས་སྐྱོན་མང་པོ་འདུག་ཀྱང་དེ་རེ་རེ་བཞིན་བཤད་པའི་དུས་ཚོད་ང་ལ་མི་འདུག ཁྲིམས་ལུགས་པ་དག་གི་ཆེས་རྩ་བར་གྱུར་པའི་ཆ་རྐྱེན་ནི་ཉེས་དོན་ཡིག་ཐོག་ཏུ་འབེབ་སྐབས་དོན་ཁ་གསལ་ཞིང་། དོན་ནོར་མི་འབྱུང་བ། ཚིག་སྐྱོན་སོགས་བྱུང་མི་ཆོག་པ་ཞིག་ཡིན་པ་ནི་ངས་མ་བཤད་ཀྱང་ཁྱེད་ཀྱིས་ལོས་ཤེས་མོད། རྒྱ་ཡིག་དབྱིན་ཡིག་ཁ་ཟིན་སྣ་ཟིན་རེ་ཤེས་མཁན་བོད་མི་ན་གཞོན་ཚོའི་ཁྲོད་ན་ཤིན་ཏུ་མང་པས་ད་ནས་བོད་ཅིག་ལ་བོད་སྐད་བཤད་དུས་བོད་ཡིག་གཙང་མ་ཞིག་གིས་གོ་བརྡ་ཨེ་འཕྲོད་ལ་ལྟོས་དང་། དེ་ནས་ཁྲིམས་ལུགས་ལ་བློ་སྦྱོང་ཡག་པོ་ཞིག་བྱེད་རོགས། ཁྲིམས་ཀྱི་རྩ་བའི་རང་བཞིན་ནི་བཙན་ཤུགས་ཀྱི་རང་བཞིན་དང་གཏན་ཚིག་གི་རང་བཞིན་འདིར་སྙམ་དང་འདོད་ཟེར་བ་སོགས་ནི་བཀོལ་འོས་པའི་ཚིག་ཅིག་རེད་དམ་མ་རེད། དེ་མིན་དམར་ཞད་ཆེ་བའི་ཁྲིམས་ལུགས་མཁས་པ་དག་ནི་ནུབ་ཨ་རིའི་ཞིང་ནི་གདུལ་བྱ་རྒྱས་པའི་ཡུལ་གྲུ་ཞིག་གཏན་ནས་མིན་པ་འདི་ཤེས་པར་བྱེད་རྒྱུ་དང་། ད་ནས་ཁྲིམས་ཤེས་མདོག་གིས་ཁྱེད་ཀྱི་ལས་གྲོགས་ཚོའི་མགོ་མ་སྐོར་རོགས། ཁྲིམས་ལས་ཆེད་སྦྱོང་བ་མིན་ཡང་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཏོག་ཙམ་རེ་མི་ཤེས་མཁན་ས་གང་དུ་ཡང་མེད། སྦལ་བའི་བསམ་པ་གླིང་དཀར་སྟོད་དུ་མ་ཕྱོགས་རོགས།

ཁྲིམས་གླེང་སྐད་ཚོམས་དུ་ཡང་ཁྱི་རྟ་ཕྱོགས་རྒྱུགས་བྱེད་མཁན་རེ་འགའ་ཡོད་པ་ནི་ཁྱེད་དང་ལི་ཤིན་སོགས་ཀྱི་ཕྱོགས་སུ་གཏོགས་པ་ལས་དོན་དམ་གནས་ལུགས་ལ་ཞེན་པའི་རིགས་ནི་གཏན་ནས་མིན་པས་སྐད་ཚོམས་དེ་ནས་ནས་འདུག་འདོད་མི་འདུག་ཀྱང་། ཉིན་ཤས་རིང་འདིར་བསྡད་ནས་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་བ་དག་ལ་ཉན་འདོད་འདུག་པ་ལས། ད་ནས་ཁྲིམས་གླིང་དྲ་ཚིགས་དང་ཁྲིམས་གླིང་སྐད་ཚོམས་ནི་ནག་ཚོགས་དཔུང་ཁ་དར་སའམ་གོང་གི་ཁ་བྱང་ལྟར་རྐུན་མར་དཔའ་དར་དང་སྤྱང་ཀིར་ཚེ་ཐར་འདོགས་ས་ཞིག་ལས་ཅི་ཡང་མ་རེད་འདོད་སོང་། འདི་ནི་ང་གཅིག་པུའི་འདོད་ཚུལ་ཡིན་པས་ཁྱེད་ཅག་གིས་དོ་སྣང་བྱེད་སྲིད་པ་མིན་མོད། མུ་མཐུད་ང་འདྲ་བ་མང་དུ་སོང་ནས་ཁྲིམས་གླེང་གི་བསམ་བློ་སྐྱེ་མཁན་གྱི་སྐྱེ་བོ་རྣམ་དཔྱོད་ཅན་དག་གི་དགོངས་པ་ཚོམ་ཨེ་ཡོང་། བོད་ཕྱི་ནང་གཉིས་སུ་ཁྲིམས་ལ་རྨོངས་པའི་མི་མང་པོ་ཞིག་གི་ཁྲིམས་མཐུན་གྱི་ཁེ་དབང་ཤེས་པར་བྱེད་རྒྱུའི་དམིགས་ཡུལ་ལ་དོ་ཕོག་ཨེ་འབྱུང་། བསམ་བློ་ཞིབ་ཏུ་ཐོངས་དང་། ཁྲིམས་གླིང་དྲ་ཚིགས་དང་སྐད་ཚོམས་ནི་སྒེར་གྱི་སྐད་འཕྲིན་བཀོལ་སྤྱོད་བྱེད་སྟངས་ལྟར་སྤྱད་ན་ཨེ་འགྲིག

མདོར་བསྡུས་ན་ཁྲིམས་ལུགས་ཆེད་མཁས་པ་ཁྱེད་ཀྱིས་སྒེར་གྱི་དོན་དག་ལ་འཕྲད་དུས་ཁྲིམས་བརྗེད་འགྲོ་བ་དེར་ང་ཡ་མཚར་ཡོད། དེ་གཅིག་ཡིན།
རྩོམ་པ་པོས་ཆོག་མཆན་མེད་བཞིན་དུ་ལི་ཤིན་ནས་པར་སྐྲུན་བྱས་པ་དེར་ཁྲིམས་ཡོད་པ་ཤེས་བཞིན་དུ་དེ་ལ་དམིགས་བསལ་སྤྲད་པ་དེར་ང་ཡ་མཚར་ཡོད། དེ་གཉིས་ཡིན།
ཁྲིམས་དཔོན་ཁྱེད་ཀྱིས་པར་སྐྲུན་བདག་དབང་ཞེས་པ་ཤེས་བཞིན་དུ་ལི་ཤིན་དང་ཉི་མ་ཚེ་རིང་གཉིས་ལ་རྒྱབ་རྩ་བྱས་པ་དེར་མི་རིག་འཚོ་ཟིན་པ་ཞིག་ཡིན་ན་ཡིད་ཆད་ངེས་ཡིན། དེ་གསུམ་ཡིན།

མདང་ནུབ་སྐད་ཚོམས་སུ་བཤད་པ་ལྟར། ཁྲིམས་ནི་ཞེན་ཁོག་གིས་ཕར་གཡོན་ཚུར་གཡོན་བྱེད་ཆོག་པ་ཞིག་གཏན་ནས་མིན་པ་འདི་སེམས་ལ་དམ་པོར་ཟུངས་ལ། ཁྲིམས་རྩོད་པའི་ཀུན་སློང་དང་སྤྱོད་པའི་སྐོར་ལ་བློ་སྦྱོང་ཡག་པོ་ཞིག་བྱོས་ཤིག ཁྲིམས་དཔོན་སྒྲོལ་མ་སྐྱབས་ལགས།

སྒྲོལ་མ་སྐྱབས་ཀྱི་རྩོམ་ལ་གཟིགས་འདོད་ན། http://trimleng.cn/copyrights-of-milarepa/

གསལ་བཤད། འདྲེན་རྟགས “” ནང་ཡོད་པ་དག་སྒྲོལ་མ་སྐྱབས་ཀྱི་རྩོམ་ལས་བླངས་པ་དང་ཡིག་ནོར་སོགས་སོར་འཇོག་བྱས་ཡོད།