—-རེབ་གོང་གི་སྡེ་འཛིང་དང་བདག་གི་བསམ་གཞིགས།

དེ་རིང་ཉིན་གུང་ཙམ་ལ་ས་རྩད་ནས་མི་ཞིག་བསད་འདུག་ཟེར་བ་ཞིག་ཐོས། མི་སུ་ཡིན་དྲིས་དུས་ངོ་ཤེས་པ་ཞིག་རེད། སྡེ་འཛིང་བྱུང་བ་རེད་དམ་ཟེར་དུས། རེད་ཟེར། སྤྱི་ཟླ་གསུམ་པ་ཡིན་པས་ཉེན་རྟོགས་པ་དང་བདེ་སྲུང་མི་སྣ་ལོས་ཡོད་ལབ་དུས། མི་འདུག་ཟེར། གློ་བུར་དུ་བྱུང་བའི་དོན་དག་རེད་དམ་ལབ་དུས། ཁར་ཉིན་ནས་དེའི་སྐོར་གླེང་གི་འདུག། དེ་རིང་ཞོགས་པ་ནས་འཛིང་རེས་བྱེད་རྒྱུར་གྲ་སྒྲིག་བྱས་པ་རེད་ཟེར། དེ་རིང་གུང་གསེང་མ་རེད་ལ་ལབ་དུས། གཟའ་ཟླ་བ་རེད་ཟེར། ང་ལ་སྐད་ཆ་བཤད་རྒྱུ་ཅི་ཡང་མ་བྱུང་། ཚེ་འདས་དེའི་ཆུང་མ་དང་བུ་མོ་གཉིས་ཀྱི་ཞལ་རས་ཡིད་ལ་ཡང་ཡང་འཁོར།

དེ་ནས་དྲ་ལམ་དུ་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་སོང་། རེབ་གོང་ལ་རེ་བ་མེད་གི་ཟེར། མིག་རྫོད་རེད་ཟེར། མི་རིགས་ཀྱི་ལ་རྒྱ་མེད་གི་ཟེར། ཆུ་ཁོལ་རྩད་པ་རེད་ཟེར། ཞིང་ཁ་རྩད་པ་རེད་ཟེར། རྩྭ་ས་རྩད་པ་རེད་ཟེར། གང་ལྟར་ལབ་རྡོལ་གྱི་ཆུ་མིག་གང་ས་ནས་འབུར། ཁྱི་རྟ་ཕྱོགས་རྒྱུགས་བྱེད་དུས་གཅིག་ལས་གཅིག་མགྱོགས་རེད། སུ་གཅིག་གིས་ཀྱང་སྤྱི་ཚོགས་བདེ་འཇགས་ཀྱི་འགན་མ་ཐེག་པའི་ས་གནས་བདེ་སྲུང་བ་དག་ལ་ལས་གདའ་བྱེད་ཀྱི་མི་འདུག་པས་ཅུང་མཚར་སོང་། ས་བདག་ཆུ་བདག་སྲིད་གཞུང་ཡིན་པས་ང་ཚོར་རྩོད་རྒྱུ་ཅང་མེད་ཟེར་བ་ཞིག་ཀྱང་ཐོས་པས་དེ་བས་ཧ་ལས་སོང་། ས་ཞིང་དང་རྩྭ་ས་མཁར་དབང་དང་བཅས་པ་ལོ་ག་ཚོད་ལ་དབང་བའི་རིང་གྱོང་གུད་ཐེབས་ན་སྐྱིན་ཚབ་སྤྲོད་དགོས་པ་ཁྲིམས་རེད། ཁྲིམས་དེས་ཅི་ཞིག་མཚོན་གྱི་ཡོད་དམ།
བདག་དབང་ཟེར་བ་ནི་རང་གི་ལུས་ངག་ཡིད་གསུམ་ནས་རྒྱུ་མཁར་ལོངས་སྤྱོད་དང་བཅས་པ་སྲུང་ནས་འགྲོ་དགོས་པ་ཞིག་ཡིན་པ་རེད། དེ་ནི་ཉི་ཧོང་དང་རྒྱ་ནག་གཉིས་ནས་རྩོད་བཞིན་པའི་གླིང་ཕྲན་དེ་ལྟ་བུ་རེད། གལ་ལ་ཐུག་དུས་རྩོད་དགོས་པ་རེད། མིའི་རིགས་ཡིན་པ་གཅིག་པ་རེད། ས་ཆ་རྩོད་གཞི་ཅན་ལ་ཕྱོགས་གཉིས་ཀར་རང་ཉིད་ཀྱི་ཡིན་པའི་ཚོར་བ་ཡོད། བདེན་དབང་ཡང་བཤད་རྒྱུ་ཡོད། འོན་ཀྱང་དམར་འཛིང་བྱས་ན་མ་འགྲིག་པ་དངོས་ནས་རེད། སུས་ཀྱང་ཁས་ལེན་ངེས་ཡིན། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱང་དམར་འཛིང་གིས་བསྐྲུན་པ་རེད། དེ་ཡང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པར་བསམ་ནས་བཞག་ན་འགྲིག་ནི་རེད་མོད། བཞག་ཡོད་པ་མ་རེད། དེ་དགོས་དབང་རེད། རྒྱལ་ཁབ་ལ་རྒྱལ་མཚམས་དང་སྡེ་བ་ལ་ས་མཚམས་ཆུ་མཚམས་ཡོད་པ་རེད། དེ་དགོས་པ་རེད། མེད་ན་མ་འགྲིག་པ་རེད། མི་རིགས་དང་ཆོས་ལུགས་ནང་ཁུལ་ལ་བདག་དབང་རྩོད་པའི་ཁྲིམས་དང་ལུགས་སྲོལ་ཅང་ཡོད་པ་མ་རེད། ཡིན་ན་ཡང་ཐབས་ལམ་ལ་མཆོག་དམན་ཡོད་པ་རེད། དེ་ངོ་མ་རེད།

ད་ལྟའི་བར་མི་ཤི་རྟ་འགྱེལ་གྱི་དོན་དག་རྒྱ་བོད་སོག་གསུམ་སུ་ལ་ཡང་བྱུང་ཡོད་པ་རེད། རང་གི་ཁེ་ཕན་ལ་གནོད་འགྲོ་བསམ་དུས་བློས་བཏང་བཞག་པ་དང་། མི་རིགས་དང་ཆོས་ལུགས་ཀྱི་ལར་ཞེན་ལ་བསམ་ནས་སྤྲད་བཞག་པ་ཅང་ཡོད་པ་མ་རེད། དོན་ངོ་མ་བཤད་ན་བདག་གི་ཡུལ་མཁར་ལོངས་སྤྱོད་དང་བཅས་པའི་བདག་པོ་བོད་མི་ས་ཡ་དྲུག་ཡིན་འདོད་མཁན་གཏན་ནས་མེད། ཡིན་ལབ་ནས་བཙལ་རྒོལ་བྱས་ཚེ་མགོ་བོ་སྒུར་ནས་འདུག་མཁན་དེ་བས་ཀྱང་མེད། སའི་གོ་ལ་འགྲོ་བ་མིའི་རིགས་ཡོད་དོ་ཅོག་གིས་རེད་ལབ་ནས་དཀྱིལ་ལ་བཞག་པ་ཅང་ཡོད་མ་རེད། མཁའ་ལམ་དང་མཚོ་ལམ་ཚུན་ཆོད་ཀྱི་བདག་དབང་རྩོད་ཀྱིན་པ་མིག་མཐོང་ལག་ཟིན་རེད། མཚོན་ཆ་སྒེར་ནས་འཛིན་པ་བཀག གཞུང་ནས་མང་པོ་ཉོ་སྒྲུབ་དང་གསར་བཟོ་བྱེད་དགོས་པ་ཚང་མ་དགོས་དབང་གིས་བསྐྲུན་པ་རེད། མིའི་སེམས་གཤིས་རེད། ང་ཞེས་པ་མ་སྤངས་བར་དུ་བདག་དབང་ཟེར་བ་སྤོངས་ཐུབ་པ་ཞིག་མིན། ཞེ་སྡང་རྩད་ནས་སྤངས་པའི་བྱང་ཆུབ་སེམས་དཔའི་ས་མ་ཐོབ་བར་དུ་འཁྲུག་འཛིང་རྩ་བ་ནས་མི་བྱེད་པའི་དམ་བཅའ་འཇོག་ཐུབ་མཁན་སུ་ཡོད་དམ། སྟབས་ཉེས་ན་བྱེ་མ་ཁབ་མགོ་འདྲ་བ་ཞིག་གིས་ཀྱང་གཞན་སྲོག་གཅོད་པར་ནུས་པ་ཡིན།

དེ་དགོང་དྲ་ལམ་འུར་སེར་གཏོང་མཁན་ཡང་ཤེས་ཡོན་པའི་སྡེ་གཙོ་བོ་རེད། དེ་དག་ལས་དམིགས་ཡུལ་དང་ཕྱོགས་ཞེན་མེད་པར་སྡེ་གཟར་འདི་ས་ཡ་དྲུག་པོའི་གྱོང་རེད་ལབ་ནས་སེམས་ཁུར་བྱེད་མཁན་ཤིན་ཏུ་དཀོན་པོར་གྱུར་སོང་། རེབ་གོང་གིས་འཇོན་ན་བོད་ཀྱིས་འཇོན་པ་དང་རེབ་གོང་གིས་བརླག་ན་བོད་ཀྱིས་བརླག་པར་འདོད་མཁན་མེད། མི་རིགས་ལ་ཤ་ཚ་མདོག་གིས་ཡུལ་ལུང་བྱེ་བྲག་པ་ཞིག་གི་སྡེ་བ་བྱ་སྟིག་འདྲ་བ་གཉིས་མ་འགྲིག་པ་ཡུལ་གྲོང་ཆེན་པོ་ཞིག་གི་སྐྱོན་ཡིན་པར་སྨྲ་བ་འདིར་ཐལ་ཆ་ཅི་འདྲ་ཆེ་བ་ཡང་ཤེས་ཀྱིན་མེད་པའི་སྨྱུག་འཛིན་པའི་སྡེ་འདིར་ཅི་བྱུང་བ་ཡིན་ནམ། སྙིང་ནད་ཆེ་བ་ལ། དོན་དམ་བཤད་ན་འདི་དག་ཚང་མ་ཕྱོགས་འཛིན་དང་དཀྲུག་ཤིང་ལ་དགའ་བ་དག་གི་ལས་རེད། གཞུང་སྐད་བཤད་ན་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱས་པ་རང་རེད། མི་གཅིག་གི་ཀི་བཏབ་ནས་གང་ས་ནས་གོ་འགྲོ། སྡེ་ཆེན་པོས་དམར་གསོད་བྱས་ནས་གཅིག་གིས་ཀྱང་མི་མཐོང་བ་འདི་ཅི་རེད། འདི་ཡ་མཚན་རེད། འདི་ཡ་མཚན་ཡིན་པ་ཤེས་མཁན་མེད་པ་འདི་ཡང་ཡ་མཚན་རེད།

ང་ཚོས་ཤེས་དགོས་རྒྱུ་ནི་རྩྭ་ས་དང་མཁར་དབང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སུ་ལ་མཁོ་ན་དེ་ལ་སྤྲོད་རྒྱུ་མ་ཡིན་པར། དེ་རྩོད་ལུགས་རྩོད་སྟངས་ནི་ཐབས་གང་འདྲ་ཞིག་ལ་བརྟེན་དགོས་པ་དང་དེ་ཞི་དྲག་གང་གི་ཐབས་ལ་བརྟེན་ནས་ཐག་གཅོད་དགོས་པ་འདིར་བསམ་བློ་གཏོང་ཐུབ་དགོས་པ་ནི་ཉམས་ལེན་ཞིག་རེད་མ་གཏོགས། ཁོང་ཁྲོའི་དབང་དུ་སོང་སྟེ་དམར་འཛིངས་བྱས་པ་འདིར་ང་ཚོའི་མི་རིགས་ཀྱི་ངོས་ནས་ངོ་གནོངས་དགོས་པ་ཞིག་རེད། ཞི་བའི་གྲོལ་མོལ་བརྒྱུད་ན་ཕྱི་གྱོད་ནང་གྱོད་མཐའ་དག་འདུམ་ཐུབ་པའི་གནས་ལུགས་འདི་ང་ཚོའི་སེམས་ཀྱི་ཟབ་སར་འཛིན་དགོས་པར་འདོད་སོང་། ང་ཚོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་རིང་ལུགས་པ་ཡིན།

རེབ་གོང་དཔྱི་ས་དང་མདོ་བ་སྡེ་བ་གཉིས་ཀྱི་མི་དེ་འདྲའི་མང་པོའི་ཁྲོད་དུ་ཡང་འཁྲུག་འཛིང་ཆེན་པོ་དེའི་མགོ་གནོན་མཁན་གཅིག་ཀྱང་མེད་པ་འདི་ཅི་ཡིན་ནམ། དཔྱི་ས་སྡེ་བ་སྔགས་སྡེ་ཞིག་ཡིན། མདོ་བ་སྡེ་བ་ཡང་བླ་ཆེན་ཡོད་ས་ཞིག་ཡིན། དགོན་པར་ཉེ་ས་ཞིག་ཡིན། སྣབས་ལུག་ནས་ཁ་ནང་ལ་མ་ཐོན་བར་དུ་ལས་ཁུངས་དང་སྒེར་བ་དག་ཁ་ཁུ་སིམ་པོར་བསྡད་པར་མཇུག་འབྲས་འདི་བྱུང་བ་རེད། རེབ་གོང་ནི་དོན་དག་བཟང་ངན་གཉིས་ཀ་བྱུང་ནས་ཉམས་མྱོང་ཡོད་ས་ཞིག་ཡིན་ཡང་། མི་བསད་རྗེས་དམག་ཡོང་བ་ནི་རྐུན་མ་བྲོས་ཤུལ་གྱི་སྒོ་ཟྭ་མ་ཡིན་ནམ། དོན་རྐྱེན་བྱུང་ནས་ཉིན་འགའ་འགོར་ཡང་མི་མ་བསད་བར་དུ་ཁ་ཡ་བྱེད་མཁན་མ་བྱུང་བ་འདི་ལྟས་ངན་རེད། མདོར་ན་ས་དེ་གའི་སྤྱི་ཚོགས་བརྟན་བརླིང་ཐད་ལས་ཀ་བྱེད་མཁན་དག་ཞར་སོང་བ་ཨེ་ཡིན། འོན་སོང་བ་ཡིན་མི་སྲིད། གལ་ལ་ཐུག་ན་ང་ཚོ་སུ་ཡིས་སྐྱོབས་དགོས། གནད་ལ་ཐུག་ན་ང་ཚོའི་མགོན་དང་སྐྱབས་ནི་སུ་ཡིན་ནམ། ཤི་བོའི་རྗེས་ཀྱི་གསོན་པོར་སེམས་གསོ་དང་སློབ་གསོ་བཏང་ནས་སེམས་ཁ་བསྒྱུར་མཁན་སུ་ཡོད་དམ། ད་རུང་མི་མཐུད་སྙིང་ནད་རྩོད་དུ་འཇུག་རྒྱུ་ཡིན་ནམ། སྐྱབས་དང་མགོན་དུ་གྱུར་པའི་ས་གནས་ཀྱི་ས་ཐོབ་དག་གང་ལ་ཕེབས་སོང་། ནམ་རྒྱུན་དམངས་ཚོགས་ཀྱི་བསམ་བློ་ཡར་འདེགས་ཆེད་རིན་མེད་ཀྱི་ཆོས་ཁྲིད་ཐེངས་གཅིག་ཀྱང་མི་བྱེད་པར་དགོན་པ་དང་དམངས་ཚོགས་ཀྱི་བར་ཐག་རྒྱང་ཁད་ཀྱིས་ཆོད་རྒྱུ་མང་སོང་བས་དོན་དག་གཅིག་འཕྲོར་གཅིག་འབྱུང་བཞིན་པ་རེད། ང་ཚོ་ནི་ནང་པའི་རིགས་རྒྱུད་ཙམ་འཛིན་མཁན་ལས་ནང་བ་ཞེས་པའི་བདག་སྒྲ་ཅན་དུ་འགྱུར་གྱིན་མེད་པ་འདི་གང་གིས་ལན་པ་རེད་དམ།

གཞན་བསྟེན་སྲིན་འབུའི་རིགས་ཀྱིས་ལབ་བརྡོལ་གྱིས་དོན་དག་ཆེ་སར་བསམ་བློ་གཏང་ཐུབ་ན་བོད་ཟེར་བ་ལ་མགོ་གཅིག་ལ་སྣ་གཉིས་མེད་པས། མགོ་རུལ་བ་སྣ་ཡིས་ཚོར་དགོས་པ་རེད། དོན་རྐྱེན་འདི་དག་འབྱུང་བཞིན་པ་བོད་སྤྱི་བའི་གྱོང་རེད། སྒོས་རེབ་གོང་གི་གྱོང་རེད། སུ་ལའང་ཡུས་བཤད་རྒྱུ་ཡོད་པ་མ་རེད། དེས་ན་ལོ་རེར་སྔོ་རྩྭ་སྐྱེ་ལ་ཉེ་དུས་དོན་དག་འདི་འདྲ་རིམ་ཅན་དུ་འབྱུང་ངེས་པ་མཁྱེན་གསལ་ལྟར། རེབ་གོང་གི་སྲིད་གཞུང་དང་བླ་སྔགས་བོན་གསུམ་གྱིས་མ་འོངས་པར་འདི་འདྲ་མི་འབྱུང་ཆེད་བསམ་བློ་ག་འདྲ་བཏང་ནས་ལག་ལེན་ག་རེ་གདབ་རྩིས་ཡོད་དམ།

༢༠༡༧ལོའི་ཟླ་༣་ཚེས༢༠