མཁས་དབང་དགེ་ཆོས་ཡིན་ནམ།

བོད་ནང་གི་དྲ་རྒྱ་ཞིག་ཏུ། གོང་གི་པར་དེ་ནི ༡༩༤༦ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་གི་ཡི་གེ་རྣམས་ཤོག་ཐོག་ཏུ་འབྲི་བཞིན་པ་རེད་ཅེས་བྲིས་འདུག ཕྲན་གྱིས་པར་འདི་སུས་བླངས་མིན་ལ་དོ་སྣང་བྱུང་སྟེ་བཙལ་འཚོལ་བྱས་པ་ཡིན། པར་པ་ནི་ཨིན་ཇིའི་རྒྱབ་ཁབ་ཀྱི་ཕྱི་སྲིད་ལས་དོན་པ་དང་བོད་རིག་པ་བ་སྐུ་ཞབས་ Hugh Richardson ལགས་རེད། པར་སྟེང་གི་མི་དེ་ནི་དགེ་ཆོས་ལགས་ཡིན་པའི་གསལ་ཁ་བྱས་པ་མ་མཐོང་མོད། ༡༩༤༦ ལོར་ Hugh Richardson ལགས་ལྷ་སར་ཡོད་ལ། དགེ་ཆོས་ལགས་ལའང་འབྲེལ་བ་བྱུང་འདུག ༡༩༤༦ ལོར་དགེ་ཆོས་ལགས་ཀྱིས་སྐར་ཆུང་རྡོ་རིང་རྙེད་ཡོད་པ་དང་དེའི་སྟེང་གི་ཡི་གེ་དག་ངོ་བཤུས་གནང་བ་ཡོངས་གྲགས་ཡིན། ཁོང་གིས་བཙོན་ནས་ཧོར་ཁང་ལ་བསྐུར་བའི་ཕྱག་འཕྲིན་ཞིག་ཡོད་པ་དེའི་ནང་དུའང་རྡོ་རིང་འདི་ལ་གཙིགས་ཆེན་གནང་ཡོད།

ཕྲན་གྱིས་པར་འདིའི་སྐོར་ཡང་བསྐྱར་བཙལ་བ་ཡིན། པར་ངོ་མ་དེ་ནི་ Hugh Richardson ལགས་ཀྱི་འདྲ་པར་བརྩམས་ཆོས་ཁྲོད་དུ་ཡོད་པ་དང་། པར་འདི་དང་ཆ་འདྲ་བ་གཞན་པ་ཞིག་ཀྱང་ཡོད་པ་མཐོང་། གང་ལྟར་པར་འདི་ ༡༩༤༨ ལོར་བླངས་འདུག སྐབས་དེར་དགེ་ཆོས་ལགས་བཙོན་ཁང་དུ་བཞུགས་ཡོད་སྟབས། པར་སྟེང་གི་མི་དེ་ནི་དགེ་ཆོས་ལགས་མིན་པ་གསལ་པོ་རེད། ལར་ནས་ཧོར་ཁང་བསོད་ནམས་དཔའ་འབར་ལགས་རེད་གསུངས་མོད། ༡༩༤༦ ལོར་ཧོར་ཁང་ལགས་དགེ་ཆོས་ལགས་དང་མཉམ་དུ་སྐར་ཆུང་རྡོ་རིང་ལ་མཇལ་བའི་ལོ་རྒྱུས་ཡོད་མོད། ཁོང་Hugh Richardson ལགས་དང་མཉམ་དུ་ཕྱིན་ཏེ་རྡོ་རིང་ལ་མཇལ་བའི་ལོ་རྒྱུས་ཡོད་པ་མ་ཤེས། ཨིན་ཡིག་གི་དྲ་རྒྱ་ཞིག་ཏུ་པར་འདི་ལ་འགྲེལ་བཤད་ཅིག་ཡོད་པ་འདི་ལྟར་”Hugh Richardson ལགས་ཀྱི་འཆར་བཀོད་འོག་ཁོང་གི་ཕྱག་རོགས་ཤིག་གིས་རྡོ་རིང་གི་ཡི་གེ་ཕབ་བཤུ་གནང་གི་ཡོད་པ་རེད”ཅེས་གསལ། Hugh Richardson ལགས་བོད་དུ་ལོ་ངོ་ཉི་ཤུ་ལྷག་བཞུགས་ཤིང་། ཁོང་བོད་ཀྱི་རྡོ་རིང་གི་སྐོར་ལའང་དོ་སྣང་བྱུང་སྟེ་འདྲ་པར་མང་པོ་བླངས་འདུག

༢༠༡༥/༣/༢༧ཉིན།

Tibet ཞེས་པའི་མིང་འདི་གང་ནས་བྱུང་ངམ།

དུས་རབས་བཅུ་གཉིས་པའི་ནང་དུ་ཨེ་ཤེ་ཡའི་གླིང་དུ་ལྗོངས་རྒྱུ་གནང་མཁན་Benjamin de Tudele ལགས་ཀྱིས་བྲིས་པའི་ཟིན་ཐོའི་ནང་དུ། ཨེ་ཤེ་ཡའི་དཀྱིལ་ཤར་དུ་ཆགས་པའི་གནའ་བོའི་རྒྱལ་ཁབ་ས་དམར་ཁན་སྒྲི་ཞེས་པ་ནས་ཉིན་ཤས་རིང་གོམ་བགྲོད་བྱས་ན་བོད་དུ་འབྱོར་ཞིང་། བོད་ཀྱི་ཤིང་ནགས་གསེང་དུ་གླ་རྩི་ཡོད་པའི་སེམས་ཅན་ཞིག་ཡོད་སྐོར་བརྗོད་པ་ནས་བཟུང་སྟེ། ནུབ་ཕྱོགས་ཀྱི་ལོ་རྒྱུས་ནང་དུ་བོད་མིང་Thoboth ཞེས་པ་ལ་ཏིན་གྱི་སྐད་དུ་ཐོག་མར་ཐོན་པར་གྲགས། ༡༨༢༧ལོར་ཨིན་ཇིའི་རྒྱལ་ཁབ་ཀྱི་ཨོ་ཁི་སི་ཧྥོལ་ཊི་(University of Oxford)ཞེས་པའི་གཙུག་ལག་སློབ་ཆེན་གྱིས་བཏོན་པའི་ཚིག་མཛོད་ཆེན་མོ་ཞིག་ཏུ་བོད་ལ་ Thibet བྲིས་ཡོད་ཅིང་། རིམ་གྱིས་Thibetཞེས་པའི་བྲི་སྲོལ་འགྱུར་ནས་དེང་སང་ Tibet ཞེས་སྤྱོད་མོད། ཨིན་མིང་འདི་ནི་བོད་བཙན་པོའི་སྐབས་སུ་ཐང་གིས་བོད་ལ་འབོད་པའི་”ཐུ་བྷོད་”ཀྱི་སྒྲ་དང་ཐག་ཉེ་པོ་ཡོད་པ་ཞིག་ཡིན་ཏེ། སྤུ་རྒྱལ་བཙན་པོའི་དུས་སུ་བོད་ལ་རྒྱ་སྐད་དུ་ 吐蕃 ཡང་ན་ 土番 ཞེས་འབོད་ཅིང་། ཐུ་བྷོད་ཟེར་བ་ནི་ལྷོ་བོད་དང་སྟོད་བོད་ཅེས་པའི་སྒྲ་ལས་བྱུང་བ་དང་། ལར་ནས་ 大番 ཞེས་པའི་སྒྲ་ཟུར་ཆག་སྟེ་བྱུང་བར་བཞེད། འོན་ཀྱང་། ནུབ་ཕྱོགས་ཀྱི་བོད་རིག་པ་སྨྲ་བ་རེ་ཟུང་གིས་ Tibet ཞེས་པའི་ཨིན་མིང་འདི་དུས་རབས་བདུན་པའི་སྟོད་དུ་ཊུ་ནི་ཤུ་ཡའི་རྩོམ་རིག་གི་ནང་དུ་ཐོན་པའི་ Topat ཞེས་པའམ། ཡང་ན་ Tobad ཞེས་པ་ལས་བྱུང་ཞིང་། དེའི་དོན་ཡང”མཐོན་པོ”ཡིན་ཚུལ་གསུངས། Tibet ནི་ཊུ་ནི་ཤུ་ཡའི་སྐད་དུ་བྱུང་དགོས་དོན་ནི་དུས་རབས་བདུན་པའི་སྟོད་དུ་ Tuygun ཟེར་བ་ཞིག་གིས་མདོ་ཁམས་གཡེར་མོ་ཐང་གི་ཡུལ་ལུང་མངའ་དབང་བསྒྱུར་བ་ལ་བརྟེན་ནས་བྱུང་བར་བཤད་ཅིང་། འདིའི་སྐོར་གྱི་ལོ་རྒྱུས་རྒྱས་པ་རིམ་གྱིས་འཆད་པར་འགྱུར་རོ། །

༢༠༡༥/༡༡/༠༧ཉིན།

‘‘གླང་ཆེན་སྨྱོན་པ’’ཞེས་པ་ཅི་ཞིག་རེད།

‘‘ཀ་བློན་སྦུག་གི་ཐུག་པ་བཟོ་མཁན’’ཞེས་པའི་དེབ་དེའི་ནང་རྒྱལ་ཡབ་དམ་པ་ཆོས་སྐྱོང་ཚེ་རིང་ལ‘‘གླང་ཆེན་སྨྱོན་པ’’ཞེས་པའི་དུག་ཅིག་སྤྲད་ཡོད་པའི་སྐོར་བྲིས་ཡོད་དེ། ‘‘དུག་དེས་འཇུ་བྱེད་མ་ལག་སྒོ་རྒྱག་ལ་བཟའ་བཏུང་བྱེད་མི་ཐུབ། དུག་ཕོག་མཁན་དེ་རིམ་གྱིས་ལྟོགས་ངེས།’’ཞེས་དང་། ཡང་། ‘‘ངའི་ཡབ་སྙུང་ནས་མ་གཤེགས་བར་དུ་ཉིན་བཞི་བཅུ་ཞེ་བཞི་འགོར་ཡོད།’’ཅེས་གསུངས་ཡོད་པས། སྐབས་འདིར་ཕྲན་ལ‘‘གླང་ཆེན་སྨྱོན་པའི’’སྐོར་ལ་དོགས་པ་ཞིག་ཡོད་པར་གྱུར། སྔོན་མར་བོད་སྡེ་པ་གཞུང་གིས་ལུང་ཤར་པའི་མིག་འབྲས་གཉིས་ཕྱིར་འདོན་སྐབས‘‘གླང་ཆེན་སྨྱོན་པ’’ཞེས་པ་སྤྲད་ཡོད་ཅིང་། དེ་ནི་ཕལ་ཆེར་ན་ཟུག་འཇོམས་པའི་སྦྲིད་སྨན་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱས་ཡོད་སྐད། ལུང་ཤར་པས‘‘གླང་ཆེན་སྨྱོན་པ’’གསོལ་རྗེས་ཞལ་ལག་མཆོད་མི་ཐུབ་པའི་ལོ་རྒྱུས་མེད་ནའང་། ལོ་ཤས་ཀྱི་རྗེས་སུ་སྙུན་གཞི་ཞིག་ལ་རྐྱེན་བྱས་ཏེ་སྐུ་གཤེགས་ཡོད་པ་རེད། འོན་ཀྱང་རྒྱལ་ཡབ་དམ་པས‘‘གླང་ཆེན་སྨྱོན་པ’’གསོལ་རྗེས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་སྐུ་གཤེགས་དགོས་དོན་ག་རེ་ཡིན་ནམ་དྲན། <<བཀའ་བློན་རྟོགས་བརྗོད>>དུ‘‘ཚེ་རིང་ལ་གླང་ཆེན་སྨྱོན་པ་སྤྲད་ཚར་བས་ངོས་གཏུགས་མི་ཡོང་བ་འདུག’’ཅེས་གསལ་བས་བོད་ཀྱི་ལོ་རྒྱུས་ཐོག་ཏུ‘‘གླང་ཆེན་སྨྱོན་པ’’སྤྲད་མྱོང་བའི་མི་གཞན་པའང་བྱུང་ཡོད་པ་འདྲ། “གླང་ཆེན་སྨྱོན་པ”ནི་<<གསོ་རིག་ནོར་བུའི་བུམ་བཟང>>དུ‘‘བཙན་དུག་ཨ་རུ་སྟག་ཤ་དང་༔ ཕུར་མོང་ཤུ་དག་དོམ་མཁྲིས་བཅས༔ གླང་ཆེན་སྨྱོན་པ ཆུ་སྦོབ་སེར༔ ཞིབ་པར་བརྟུལ་རིལ་བུ་ནི༔ ཡུང་འབྲུ་ཙམ་རེ་རྩི་དམར་གསོལ༔ གཉན་རིགས་འཇོམས་ལ་ཁྱད་པར་འཕགས༔ གྲང་བའི་རིགས་ནི་འཇོམས་བྱེད་པ༔’’ཞེས་གསལ་བར་བརྟག་ན་གཉན་རིགས་འཇོམས་པའི་སྨན་ཡིན་པ་ཤེས་ཐུབ་ལ། བོད་ཀྱི་སྨན་གཞུང་དུ‘‘ཐང་ཁྲོམ་དཀར་པོའི’’ནུས་པས་གཉན་ནད་ཀྱི་རིགས་སྤྱི་དང་ལྷོག་པའི་ནད་གཞིའི་རིགས་འཇོམས་པར་བྱེད་པར་གསུངས་ཡོད་པ་འདྲ་བས། ཕལ་ཆེར‘‘གླང་ཆེན་སྨྱོན་པ’’དང‘‘ཐང་ཁྲོམ་དཀར་པོ’’གཉིས་གཅིག་ཡིན་པར་སྣང་། ད་ནི་ཕྲན་གྱིས་ཤེས་འདོད་པ་ནི‘‘ གླང་ཆེན་སྨྱོན་པ’’ཞེས་པ་འདི་ནི་ཟས་ཀྱི་འཇུ་བྱེད་མ་ལག་སྒོ་རྒྱག་པའི་དུག་ཅིག་རེད་དམ། ཡང་ན་སྦྲིད་སྨན་ཞིག་རེད། གཉན་ནད་འཇོམས་པའི་སྨན་མཆོག་ཅིག་ཀྱང་ཡིན་ནམ།

༢༠༡༥/༥/༡༥ཉིན།

གཟའ་སྤེན་པའི་ཁ་བརྡ།

དེ་རིང་གཟའ་སྤེན་པ་རེད། ད་ཕྱི་ལོགས་སུ་འགྲོ་འདོད་བྱུང་། མ་ཕྱིན་སྔོན་ལ་གྲོགས་པོ་ཚོར་ནང་གཏམ་གྱི་ཚུལ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།

ཁ་སང་ཁེ་ཉིན་ངས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གྲགས་ཆེ་བའི་ངག་རྒྱུན་ཞིག་ཡིག་ཐོག་ཏུ་ཡོད་མེད་སྐོར་བཙལ་བསྡད་པ་ཡིན། ད་ནངས་ཀྱང་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་བཙལ་འཚོལ་བྱས་ཀྱང་རྙེད་མ་སོང་། ངག་རྒྱུན་འདི་བཙལ་བའི་གོ་རིམ་ནང་དུ་དགེ་བཤེས་པོ་ཏོ་བའི་ལོ་རྒྱུས་གསལ་པོ་ཤེས་བྱུང་ལ། བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས་འབོད་པའང་ཤེས་པར་གྱུར། སྤྱིར་བཏང‘‘བུ་སྟོན་ཁ་ཆེ’’ཞེས་པ«དེབ་ཐེར་དམར་པོའི»ནང་དུའང་གསལ་བར་འདུག་ཀྱང་ད་བར་དུ་དེ་ལ་དོ་སྣང་མ་བྱས། དེ་ནས‘‘སྙེ་ཐང’’ཞེས་པའི་ས་མིང་འདི་ཡིན་ངོ་མ་ནི‘‘མཉེས་ཐང’’ཡིན་པ་འདྲ་ལ། དེ་ཡིན་དོན་ནི་ཇོ་བོ་རྗེ་ཡུལ་འདི་བརྒྱུད་དེ་ཕེབས་སྐབས་ཐུགས་མཉེས་པོ་བྱུང་བ་དང་འབྲེལ་ཏེ་ས་མིང་དེ་ཐོགས་ཚུལ་ཞིག་ཡོད་པར་གྲགས། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང‘‘རྟག་ངུའི་རྟོགས་བརྗོད’’དཔེ་ཁྲིད་གནང་སྐབས། ཁོང་གིས་སྔར‘‘མཉེས་ཐང’’ཞེས་བྲིས་པའི་ཡིག་ཆ་མཐོང་ཚུལ་གསུངས་པ་དེ་ཡང་ངའི་ལག་ཏུ་ཡོད་པའི་ཡིག་ཆ་འདི་འདྲར་གཟིགས་ནས་གསུངས་པར་སྙམ་ལ། ད་དུང«བོ་དོང་པཎ་ཆེན་གྱི་རྣམ་ཐར»དུའང”མཉེས་ཐང’’ཞེས་བྲིས་འདུག ཡིག་ཆ་གཞན་དུའང་དེ་ལྟར་ཡོད་སྲིད་མོད། ད་ལྟ་གློ་བུར་དུ་མི་དྲན།

ད་ཕྱོགས་གཞན་པ་ཞིག་གླེང་བར་བྱའོ། ། མདང་དགོང‘‘ཇིང་གུར་རྒྱལ་པོའི་བང་སོའི་གསང་བ’’ཞེས་པའི་དངོས་བཤུས་གློག་བརྙན་ཞིག་ལ་བལྟས་པ་ཡིན། ངས་དུས་རྒྱུན་དུ་དངོས་བཤུས་གློག་བརྙན་ཁག་ལ་ལྟ་བཞིན་ཡོད། དེས་ང་ལ་ཕན་རླབས་ཤིག་སྟེར་བར་བྱེད། དཔེར་ན། གོང་གི་དངོས་བཤུས་གློག་བརྙན་དེའི་ནང་ས་ཁམས་ཞིབ་དཔྱོད་པ་དང་ལོ་རྒྱུས་སྨྲ་བ་ཚོས་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་ཡོད་མེད་སྐོར་གླེང་སྐབས། ཁོང་ཚོས་ཁུངས་བཙུན་གྱི་ཡིག་ཆ་བསྡུར་བ་དང་དངོས་རྫས་སོགས་ལ་བརྟག་དཔྱད་གནང་ནས་གླེང་བར་བྱེད། དངོས་ཡོད་ཀྱི་ལོ་རྒྱུས་དང་བདེན་དཔང་ཁག་བཙལ་ཏེ་གླེང་གིན་འདུག ནུབ་ཕྱོགས་པའང་ཞིབ་འཇུག་བྱེད་སྟངས་ཀྱི་རིག་པ་འདི་ཡིན་ཞེས་གཞུང་ལུགས་རྐྱང་བ་ཞིག་ཡོད་པ་མ་རེད། ཅི་སྟེ་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་པའི་སྐོར་ལོ་རྒྱུས་ཁག་ན་མེད་པ་འདྲ། དེ་ཧ་ཅང་གསང་བ་བྱས་འདུག  སྔར་མཱར་ཁོ་ཕོ་ལོའི«ངོ་མཚར་དེབ་ཐེར»ཞེས་པ་བཀླགས་སྐབས་དེབ་དེའི་ནང་དུའང་ཇིང་གུར་རྒྱལ་པོའི་བང་སོ་གང་དུ་བཏབ་མིན་སྐོར་གསང་བ་བྱས་ཡོད་པ་རེད་ཅེས་བྲིས་འདུག་པ་དྲན། དོན་དངོས་སུ་ཇིང་གུར་རྒྱལ་པོ་མི་ཉག་ཏུ་འདས་རྗེས། ཁོང་གི་སྐུ་ཕུང་འཁྲུངས་ཡུལ་དུ་གདན་འདྲེན་ཞུས་ནའང་། སྐབས་དེར་ཁོང་གི་སྐུ་ཕུང་མཐོང་བའི་ཡུལ་མི་ཡོད་ཚད་བསད་པར་སྐད་ལ། བང་སོ་བཏབ་རྗེས། སྐུ་ཕུང་གདན་འདྲེན་ཞུ་མཁན་གྱི་སོག་དམག་མང་པོ་ཞིག་ཀྱང་བསད་པར་གྲགས། འོན་ཀྱང་། སོག་པོ་ཚོའི་ངག་རྒྱུན་དུ་ཇིང་གུར་རྒྱལ་པོའི་བང་སོ་ཆུ་མོའི་གཞུང་ལ་བཏབ་ཚུལ་ཞིག་དང་རི་བོའི་སྒང་ལ་བཏབ་ཚུལ་གཉིས་ཡོད་པར་སྣང་། དངོས་བཤུས་གློག་བརྙན་དེའི་ནང་ཇིང་གུར་རྒྱལ་པོའི་བང་སོ་ཆུ་མོའི་གཞུང་ལ་བཏབ་པ་མིན་པར་རི་བོའི་སྒང་ལ་བཏབ་ཚུལ་གླེང་། རི་བོ་དེ་ནི་ཁོང་འཚར་ལོངས་བྱུང་ས་ཡིན་པ་དང་། ཕྱིས་སུ་ཤིང་ནགས་མང་པོ་སྐྱེས་པས་རི་བོའི་དབྱིབས་ལ་འཕོ་འགྱུར་ཞིག་བྱུང་འདུག་ཟེར། ས་ཁམས་ཞིབ་དཔྱོད་པ་ཚོས་ནགས་རི་དེའི་ས་འོག་ནས་ཕོ་བྲང་ཞིག་རྙེད་ཅིང་། ཕོ་བྲང་དེ་ནི་ཕལ་ཆེར་ཇིང་གུར་རྒྱལ་པོའི་བང་སོ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག ལྷག་པར་དུ་ནགས་རི་དེའི་ས་འོག་ཏུ་གྲི་དང་གདུང་སོགས་རྙེད་པ་དག་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བྱས་པ་ལྟར་ན། མཚོན་ཆ་དེ་དག་ནི་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་དངོས་རྫས་ཡིན་ཚུལ་གླེང་སོང་།

དེ་ནས་ཡིད་ལ་འདི་འདྲ་ཞིག་དྲན་བྱུང་། བོད་ཀྱི་བཙན་པོ་རྣམས་ཀྱི་བང་སོ་བྲུས་ཚར་ཡོད་པ་དང་། རེ་ཟུང་ཞིག་འབྲུ་འཕྲོ་ལུས་ཡོད་པར་བཤད། ཏུའུ་ལན་རྫོང་གི་བང་སོ་དེ་དག་ཀྱང་བྲུས་ཏེ་ཤུལ་ཙམ་ལས་མི་སྣང་བར་ཐོས།  སྤྱིར་བཏང་བང་སོ་འབྲུ་བའི་ལོ་རྒྱུས་འདི་བོད་ཙམ་མ་རེད། ཨི་རྗིབ་ཀྱི་རྒྱལ་པོ་དེ་དག་གི་བང་སོ་དེ་དག་ཀྱང་བྲུས་ཡོད་ལ། སྟབས་ལེགས་པ་ཞིག་ལ་བང་སོ་མང་པོ་ཞིག་དེང་སང་ཨི་རྗིབ་དང་ཡུ་རོབ་ཀྱི་བཤམས་སྟོན་ཁང་ཁག་ན་མཇལ་རྒྱུ་ཡོད། ཡང་ཅིག་བཤད་ན། རྒྱལ་པོ་ཙམ་མིན་པར་མི་སྣ་སྐད་གྲགས་ཅན་གྱི་སྐུ་ཕུང་བརྐུས་པའི་ལོ་རྒྱུས་ཀྱང་ཡོད། ཟློས་གར་རྩོམ་པ་པོ་དང་། སྙན་དངགས་མཁན། མཁྱེན་ཡོན་རྫོགས་པའི་མཁས་པའི་གོ་འཕང་བརྙེས་པ་བེལ་ཡམ་ཤག་ཁུ་སི་པེ་ཨར་( William Shakespeare 1564-1616) མཆོག་གི་དབུ་ཡང་བརྐུས་ཡོད་ཚུལ་བཤད་ལ། ད་དུང་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་མོ་ཛཱ ( Mozart 1756-1791) མཆོག་གི་དབུ་ཡང་བརྐུས་ཡོད་སྐོར་གླེང་། མོ་ཛཱའི་སྐུ་ཕུང་སྦས་ཚུལ་ལ་བཤད་རྒྱུན་ཁ་ཤས་ཡོད་ཀྱང་འདིར་མ་བྲིས། དེ་བཞིན་དུ། ཧྥ་རན་སིའི་རྒྱལ་པོ་henri iv པའི་དབུ་བརྐུས་པར་བཤད་ཅིང་། ཉེ་ཆར་དབུ་དེ་གསར་རྙེད་བྱུང་མཚམས་པེ་རེ་སིའི་ཟན་སྒྲེ་ནའི་ལྷ་ཁང་ཆེན་མོའི་( Basilique cathédrale de Saint-Denis)ནང་སྦས་ཡོད། གལ་སྲིད་ཉིན་ཞིག་ཁྱེད་རང་པེ་རེ་སིར་འབྱོར་ཚེ། ལྷ་ཁང་ཆེན་མོ་དེའི་ནང་ཕེབས་དང་། དེ་རུ་ཧྥ་རན་སིའི་རྒྱལ་པོ་རིམ་བྱོན་གྱི་སྐུ་ཕུང་མཇལ་རྒྱུ་ཡོད།

ད་བརྗོད་གཞི་གཞན་པ་ཞིག་བཤད། ད་ལོའི་དབྱར་གནང་གི་སྐབས་སུ་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཕྱིན་པ་ཡིན།  ད་ལྟ་གྲོང་མིང་བརྗེད་འདུག གྲོང་ཚོ་དེའི་སྲང་ལམ་ཞིག་བརྒྱུད་དེ་འགྲོ་སྐབས་ལག་པ་གཡོན་ཕྱོགས་ན་ Protestant ལྷ་ཁང་ཞིག་ཡོད་པ་མཐོང་། གྲུབ་མཐའ་འདིས་ཡེ་ཤུའི་སྟོན་པ་ནི་ལྷ་ཡི་སྲས་པོ་ཞིག་ཡིན་པ་ཁས་མི་ལེན་པས་ལྷ་ཁང་ནང་དུའང་ཡེ་ཤུའི་སྟོན་པའི་སྐུ་འདྲ་མཇལ་རྒྱུ་མི་འདུག་མོད། ལྷ་ཁང་ནང་དུ་འཛུལ་མ་ཐག་མདུན་ཕྱོགས་ཀྱི་གྱང་ངོས་སུ་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་རྒྱ་གྲམ་ཅན་དང་དེའི་གཡས་གཡོན་ན་ཡེ་ཤུའི་ཆོས་ལུགས་ཀྱི་ཁྲིམས་ཀྱི་བཅད་ཁྲ་དེ་དག་བཀལ་ཡོད་པ་མཇལ་བྱུང་། སྔར་ང་ལ་དོ་སྣང་བྱུང་བ་ནི་ནང་པའི་ཆོས་ལུགས་པ་ཚོས་བེད་སྤྱོད་གནང་བཞིན་པའི་རྡོ་རྗེ་རྒྱ་གྲམ་དེ་གྲུབ་མཐའ་འདིའི་མཚོན་རྟགས་ལྟ་བུར་གྱུར་པའི་རྒྱ་གྲམ་རིགས་མི་འདྲ་བ་ཁ་ཤས་ཡོད་པ་དེ་དག་ལས་གང་རུང་ཞིག་ལ་དཔེར་བླངས་པ་དེ་རེད། ངས་བརྗོད་གཞི་འདི་འབྲེལ་གྱི་ཕྱི་གླིང་པའི་རྩོམ་ཡིག་ཁ་ཤས་བཀླགས་ནའང་། ད་ལྟ་དྲན་ངོས་ན་རབ་རིབ་ཅིག་ཡོད་པ་ནི་རྩོམ་ཡིག་དེ་དག་གི་ནང་དུ་དུས་རབས་དགུ་པའི་ནང་ཡེ་ཤུའི་ཆོས་ལུགས་ཀྱི་གྲུབ་མཐའ་འདིའི་ཆོས་སྤེལ་མཁན་རེ་ཟུང་དར་གོས་ཚོང་ལམ་བརྒྱུད་དེ་ཏུན་ཧོང་བྲག་ཕུག་ཏུ་འབྱོར་ཏེ་ནང་པའི་དགེ་སློང་ཚོར་མཇལ་ཡོད་པ་དང་། སྐབས་དེ་ཤེད་དུ་ནང་པའི་དགེ་སློང་ཚོས་རྡོ་རྗེ་རྒྱ་གྲམ་འདི་གསར་བཏོད་བྱས་ཏེ་རིམ་གྱིས་ནང་བསྟན་ཆོས་ལུགས་ཀྱི་ཡོ་བྱད་ཅིག་ཏུ་གྱུར་ཚུལ་བརྗོད་ཡོད་སྐོར་དེ་རེད། སྟབས་ལེགས་པ་ཞིག་ལ་ལྷ་ཁང་འདིའི་སྒོ་འགྲམ་གྱི་ཅོག་ཙེ་ཞིག་གི་སྟེང་དུ་དེབ་ཅིག་བཞག་འདུག་ཅིང་། དེབ་དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱ་གྲམ་སྐོར་གྱི་དེབ་ཅིག་རེད། དེབ་དེའི་ནང་ནང་པའི་རྡོ་རྗེ་རྒྱ་གྲམ་དང་དབྱིབས་ཤིན་ཏུ་མཚུངས་པའི་རྒྱ་གྲམ་དེ་ནི་Protestant གྲུབ་མཐའི་མཚོན་རྟགས་ཤིག་མིན་ཚུལ་དང་། ཡིན་ངོ་མ་ནི་orthodoxy མཚོན་རྟགས་ཤིག་ཡིན་སྐོར་བྲིས་འདུག ང་ལ་དོགས་པ་ཞིག་བྱུང་མོད། ཁ་པར་གྱི་བརྡ་རྟགས་སྐྱོ་བས་མ་བཙལ། གང་ལྟར། རྒྱ་གྲམ་དེའི་སྐོར་ལ་བསམ་བློ་གཏོང་བཞིན་སྒོར་བུད། དོན་དངོས་སུ་བོད་ལ་རྡོ་རྗེ་རྒྱ་གྲམ་དར་བའི་དུས་ནམ་ཞིག་ཡིན་མིན་དང་། བོད་ཀྱི་རྡོ་རྗེ་རྒྱ་གྲམ་དང་དབྱིངས་མཚུངས་པའི་རྒྱ་གྲམ་དེ་orthodoxyམཚོན་རྟགས་ཤིག་ཡིན་ན་རྒྱ་གྲམ་དེ་ Protestant ལྷ་ཁང་དུ་ག་རེ་བྱས་ནས་ཡོད་དམ་སྙམ། སྐབས་དེར་བཟའ་ཟླར་དྲིས་ཀྱང་། མོས་ཀྱང་མི་ཤེས་ཟེར།

དེ་ནས་སྲང་ལམ་གཞན་པ་ཞིག་བརྒྱུད་དེ་ཕྱིན་པ་ཡིན། ལམ་ཟུར་གྱི་གྱང་ངོས་སུ་བཀལ་བའི་ཤིང་ལེབ་ནར་མོ་ཞིག་གི་སྟེང་དུ་Albert Camus ལགས་ཀྱི་སྐུ་པར་ཞིག་ཡོད་པ་དེའི་འོག་ཏུ་འཁྲུངས་འདས་ལོ་ཚིགས་དང་། ཁོང་གྲོང་ཚོ་འདིར་དུར་འཇུག་བྱས་ཡོད་སྐོར་གྱི་ཚིག་ཕྲེང་འགའ་བྲིས་ཡོད་པ་མཐོང་། གློ་བུར་དུ་ཡ་མཚན་པར་གྱུར། རྒྱུ་མཚན་ནི་ཁ་སང་དེ་རིང་ངས”མག་སིལ། གྱོད་དོན་བསྐྱར་དུ་བརྟག་པ”ཅེས་པའི་རྟོག་སྒྲུང་ཞིག་ཀློག་བཞིན་ཡོད་པས་རེད། སྒྲུང་ཐུང་འདི་ནི་Albert Camus ལགས་ཀྱི”ཕྱི་མི”ཞེས་པའི་རྟོག་སྒྲུང་དེར་ཆེད་དུ་བྲིས་པའི་རྟོག་སྒྲུང་ཞིག་རེད། བོད་ནང་བཞུགས་པའི་གཞོན་སྐྱེས་རེ་ཟུང་གིས”ཕྱི་མི”ཞེས་པར”བས་མཐའ་བ”ཞེས་བསྒྱུར་ཡོད་པའང་མཐོང་མྱོང་། ཅི་སྟེ་”ཕྱི་མི”ཞེས་པའི་རྟོག་སྒྲུང་དེའི་ནང་དོན་ནི་Meursault ཞུ་བ་ཞིག་ཨ་མའི་འདས་མཆོད་དུ་ཕྱིན་རྗེས། ཁོས་གྲོགས་པོ་ཞིག་དང་མཉམ་དུ་འཚིག་ཇ་ཞིག་འཐུངས་འཕྲལ། ཁོས་མཚོ་འགྲམ་ཞིག་ཏུ་མི་ཞིག་བསད་ཡོད་པ་རེད། དེ་ལ་རྐྱེན་བྱས་ཏེ་ཁོང་ལ་སྲོག་ཁྲིམས་བཅད་ཡོད་པའི་སྐོར་གྱི་རྟོག་སྒྲུང་ཞིག་རེད། རྟོག་སྒྲུང་དེའི་ནང་དོན་མདོར་བསྡུས་ན་འདི་འདྲ་ཞིག་རེད་མོད། འཐེན་ཤུགས་ཅན་གྱི་གླེང་མོལ་དང་ཚིག་གི་རོལ་རྩེད་སོགས་ལ་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་པ་སྨོས་མ་དགོས། Kamel Daoud ཞེས་པའི་ཨ་རབ་པ་ཞིག་གིས”ཕྱི་མི”ཞེས་པའི་རྟོག་སྒྲུང་དེའི་མི་སྣ་གཙོ་བོMeursault ལ་སྲོག་ཁྲིམས་བཅད་པའི་གྱོང་དོན་དེར་དྲང་བདེན་ཡིན་མིན་སྐོར་ལ་ཡང་བསྐྱར”མག་ཟིལ། གྱོན་དོན་བསྐྱར་དུ་བརྟག་པ”ཞེས་པའི་རྟོག་སྒྲུང་ཞིག་བྲིས་ཡོད། གོང་དུ་ཞུས་པ་ལྟར། ངས་ཀློག་བཞིན་པའི་རྟོག་སྒྲུང་འདི་ཡིན་ལ། འདི་ལ་ཧྥ་རན་སིའི་ཆེས་མཐོ་བའི་རྟོག་སྒྲུང་བྱ་དགའ་ Le prix Goncourt ཞེས་པ་ཐོབ་ཡོད་པས་གྲགས་སྐད་ཆེ་ནའང་། ངས་བརྗོད་འདོད་པ་Albert Camus ལགས་ཀྱི་སྐོར་ཡིན་པས། དེ་རིང་དེའི་སྐོར་མི་གླེང་རྒྱུ་མིན་ནོ། །

Albert Camusལགས་ཀྱི་རྟོག་སྒྲུང”ནད་ཡམས”དང”བཙན་རྒོལ་རྒྱལ་སྐྱོལ་པ” ད་དུང་རྟོག་སྒྲུང་གཞན་པ་གཅིག་བཅས་ལ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་ཡོད། “ནད་ཡམས”ཞེས་པའི་རྟོག་སྒྲུང་དེའི་ནང་གྲོང་ཁྱེར་ཞིག་ལ་བྱི་ནད་ཁྱབ་སྟེ་མི་མང་པོ་ཞིག་འདས་གྲོངས་ཕྱིན་སྐོར་བྲིས་ཡོད་ཀྱང་། དེའི་རྒྱབ་ཏུ་འཇར་མན་གྱི་ནཱ་ཛིའི་བཙན་འཛུལ་དང་སྡུག་རྩུབ་སོགས་བསྟན་ཡོད་པར་གྲགས། སྐུ་ཞབས་ཞོགས་དུང་གི”དོགས་སློབ་སྙིང་སྟོབས”ཀྱི་གཤམ་མཆན་ཞིག་ཏུ”བྱི་ནད”ལྟ་བུ་བསྒྱུར་ཡོད་པ་དྲན་ལ། སྐུ་ཞབས་འཇམ་དབྱངས་ནོར་བུས་སྒྲུང་འདི་བཀླགས་ཏེ་གཏམ་བཤད་ཅིག་གི་སྐབས་སུ་དེབ་འདིའི་སྐོར་གསུངས་པའང་དྲན་བྱུང་། ངས”ཕྱི་མི”དང”ནད་ཡམས”གཉིས་བཀླགས་མྱོང་། “ནད་ཡམས”ཀྱི་ལེའུ་དང་པོ་བོད་ཡིག་ཏུ་བསྒྱུར་ཚར་བའི་ཁུལ་ཡིན་ནོ། །

Albert Camus ལགས་ཀྱིས་རྟོག་སྒྲུང་དང་ཟློས་གར་འཁྲབ་གཞུང་གཙོས་པའི་བསྟན་བཅོས་མང་པོ་བྲིས་ཡོད་ཀྱང་། དེ་དག་གི་སྐོར་འདིར་མ་བྲིས། མདོར་བསྡུས་ན། དགུང་ལོ་སོ་བཞིའི་སྟེང་ནོ་སྦེལ་རྩོམ་ཡིག་བྱ་དགའ་ཐོབ་པའི་སྐྱེས་བུ་འདིའི་སྐུ་པར་ཞིག་གྲོང་ཚོ་ཆུང་ཆུང་ཞིག་གི་གྱང་ངོས་སུ་བཀལ་བ་མཐོང་བྱུང་བས། ང་ཚོ་Albert Camus ལགས་ཀྱི་སྐུ་ཕུང་སྦས་ཡུལ་གྱི་དུར་ཁྲོད་དུ་འགྲོ་འདོད་བྱུང་། ཁོང་ཡུལ་འདིར་གཤེགས་རྐྱེན་རྩོམ་སྒྲིག་པ་ Gallimard ལགས་ལ་འབྲེལ་བ་འདུག་ལ། འདིའི་སྐོར་ལ་ཁ་བརྡ་རིང་པོ་ཞིག་ཡོད་པ་ཤེས་ཀྱང་བསྐྱུངས་པ་ཡིན།

ང་ཚོའི་སྔོན་དེར་འཇར་མན་ནས་ཡོང་བའི་ལྗོངས་རྒྱུ་བ་བཟའ་ཟླ་གཉིས་འདུག་ལ། ཁོང་གཉིས་ཀྱིས་ཕན་ཚུན་ལ་གཏམ་ཤུབ་ཤུབ་ཅིག་བཤད་དེ་པར་ཞིག་བླངས་ནས་ཕྱིན་སོང་། ཁོང་གི་དུར་སྒམ་ནི་རྒྱས་སྤྲོས་མེད་པ་ཞིག་རེད། དུར་སྒམ་གྱི་མདུན་དུ་ཡིག་ཤུབས་ཁ་ཤས་བཞག་འདུག་ཅིང་། ངས་ཡིག་ཤུབས་གཉིས་ཀྱི་ཁ་ཕྱེ་སྟེ་བལྟས་པ་ཡིན། ཡིག་ཤུབས་གཅིག་གི་ནང་དུ” Albert Camus ལགས། ང་ཁྱེད་ཀྱི”ཕྱི་མི”དང་མཉམ་དུ་ཡོད།”ཅེས་དང་། ཅིག་ཤོས་ཀྱི་ནང་དུ”སྐྱེས་བུ་ཆེན་པོ་ལགས། ད་ལྟ”ནད་ཡམས”དྲག་སྐྱེད་བྱུང་འདུག་པས། ཁྱེད་ག་ལེར་གཟིམ་རོགས་ཞུ།”ཞེས་བྲིས་འདུག་པས། ང་ལ་ཚོར་སྣང་ཡ་མཚན་ཞིག་སྐྱེས་ཤིང་། ཁོང་གི་དུར་སྒམ་པར་འགའ་བླངས་པ་ཡིན། སྐབས་དེར་མི་གཞན་པ་འགའ་ཡང་འབྱོར་བྱུང་བས། ང་ཚོ་དུར་ཁྲོད་ཀྱི་ཕྱི་རོལ་ཏུ་བུད།

ངའི་སེམས་ལ་ཉེ་ཆར་གྲོགས་པོ་ཞིག་གིས་ང་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཕུང་གང་དུ་བསྐྱལ་བ་རེད་ཅེས་དྲིས་རྗེས། ངས་སེ་རའི་དུར་ཁྲོད་དུ་བསྐྱལ་བ་རེད་ཅེས་ལན་བཏབ་པ་དྲན་བྱུང་ལ། མཁས་དབང་དུང་དཀར་རིན་པོ་ཆེའི་གདུང་ཐལ་གཟན་དཀར་རིན་པོ་ཆེའི་ཕྱག་ཏུ་ཡོད་རབས་ཤིག་ཐོས་མོད། ད་ལྟ་གང་དུ་བཞུགས་ཡོད་དམ་སྙམ་པའི་དྲི་བ་ཞིག་ཀྱང་སླེབས། བོད་ཀྱི་མཁས་པ་འདི་དག་ལའང་དུར་སྒམ་རེ་ཡོད་ཚེ་དེ་ལ་མཇལ་མཁན་གྱི་བོད་མི་ཇི་ཙམ་མང་པོ་ཡོད་ཨང་སྙམ་པའི་འཆར་སྣང་ཞིག་སྐྱེས་བྱུང་། ་་་ ་་་

མཐའ་མར་འདི་འདྲ་ཞིག་ཀྱང་དྲན། དཔལ་དོན་གྲུབ་རྒྱལ་མཆོག་གི‘‘བཙན་པོའི་བང་སོར་མྱུལ་བའི་གཏམ་རྒྱུད’’ཅེས་པའི་སྒྲུང་གཏམ་དེ་ཡག་ཨང་། སྒྲུང་གཏམ་དེའི་མཇུག་སྐྱོང་མཁན་གྱི་རྟོག་སྒྲུང་པ་ཞིག་བྱོན་ན་ཇི་འདྲའི་ཡག་པོ་འདུག་ཨང་སྙམ་བྱུང་། ཨོ་ཡ། ད་ང་འགྲོ་རན་སོང་།

༢༠༡༧/༡༢/༡༧ ཉིན།

མེ་འཁོར་ས་ཚིགས་ཤིག་གི་ནང་དུ།

མི་ཚོགས་ཀྱི་ངོ་གདོང་འདི་དག་གི་སྣང་བརྙན་ནི།

ཡལ་ག་ནག་ཅིང་བརླན་པའི་འདབ་མ་དེ་དག

ཡང་ན།

མི་ཚོགས་ཀྱི་ངོ་གདོང་འདི་དག་གི་སྣང་བརྙན།

བརླན་ཞིང་ཡལ་ག་ནག་པོའི་སྟེང་གི་འདབ་མ།

 

In a Station of the Metro

The apparition of these faces in the crowd;

Petals on a wet, black bough.

Ezra Pound (1885-1972)

སྙན་ངག་འདི་ནི་ཡིད་བརྙན་གྱིས་གྲུབ་པའི་སྙན་ངག་ཅིག་སྟེ། མཚོན་སྟོབས་ཅན་གྱི་ཡིད་བརྙན་དག་ནི་སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ཡིན། ཐོག་མར་ང་ཚོའི་མིག་ལམ་དུ‘‘མི་ཚོགས’’དང་།‘‘ངོ་གདོང’’མངོན་ཡོང་ཞིང་། དེའི་ལྡོག་ཕྱོགས་སུ་གྱུར་པ་ནི‘‘ཡལ་ག་ནག་པོ་’’དང་། ‘‘བརླན་གཤེར།’’ ‘‘འདབ་མ’’བཅས་ཡིན། སྙན་ངག་འདི་ཀློག་དུས་ང་ཚོའི་སེམས་ལ་འཇུག་མི་བདེ་ས་ཞིག་ཡོད་པ་ནི‘‘མི་ཚོགས་ཀྱི་ངོ་གདོང་འདི་དག་གི་སྣང་བརྙན’’དེ་མིན་པར། ‘‘ཡལ་ག་ནག་ཅིང་བརླན་པའི་འདབ་མ་དེ་དག’’ཡིན་ལ། འདབ་མ་དེ་དག་མི་ཚོགས་ཀྱི་ངོ་གདོང་ལ་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་པའི་དོགས་པ་ཞིག་རང་ཤུགས་སུ་འཁོར་བར་བྱེད།
སྙན་ངག་འདི་ལ་གབ་སྦས་དང་རབ་རིབ་ཀྱི་མཚོན་དོན་སྤྱད་ཡོད་པས། སྙན་ངག་འདིའི་བསྟན་དོན་ལས་སླ་པོར་རྟོགས་མི་ནུས། སྐབས་རེར་དེང་རབས་སྙན་ངག་འདི་རིགས་ཀྱི་བསྟན་དོན་ནི་འདིའོ་ཞེས་མཐའ་གཅིག་ཏུ་སྡོམ་ཚིག་འགོད་པ་ནི་གོ་འཛོལ་ཆེན་པོ་ཞིག་ཏུ་ངེས་མོད། སྙན་ངག་འདིའི་ནང་དུ་མེ་འཁོར་ས་ཚིགས་ཤིག་གི་མི་ཚོགས་ཀྱི་ངོ་གདོང་གི་སྣང་བརྙན་བྲིས་ཡོད་ཅིང་།ངོ་གདོང་དེ་དག་བརླན་ཞིང་ཡལ་ག་ནག་པོའི་སྟེང་གི་མེ་ཏོག་གི་འདབ་མ་རེ་རེ་ལྟ་བུར་ངོས་འཛིན་བྱས་ཡོད། སྐབས་འདིརབརླན་གཤེརགྱིསཆར་བདང་།ཡལ་ག་ནག་པོས””མཚན་མོ།” “མེ་ཏོག་གི་འདབ་མས””མི་ཚོགས་ཀྱི་ངོ་གདོངམཚོན་པར་བཤད་པས། མི་ཚོགས་ཀྱི་ངོ་གདོང་དེ་དག་ནི་མཚན་མོ་ཞིག་གི་ཆར་ཤུལ་གྱི་ལྗོན་པའི་སྟེང་གི་མེ་ཏོག་གི་འདབ་མ་ཇི་བཞིན་བསྟན་ཡོད་པར་སྙམ།

གང་ལྟར། ཚིག་རྐང་གཉིས་ཀྱིས་གྲུབ་པའི་སྙན་ངག་འདི་ནི་ནུབ་ཕྱོགས་པར་མཚོན་ན་ཡིད་བརྙན་སྙན་ངག་གི་ཚབ་མཚོན་སྙན་ངག་དེ་ཡིན་པར་བཤད་ཅིང་། ༡༩༡༢ལོར་ཨིན་ཇིའི་སྙན་ངག་པ་Ezra Pound ལགས་ཀྱིས་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་མེ་འཁོར་ས་ཚིགས་ concorde ནང་བྲིས། ཐོག་མར་སྙན་ངག་འདི་ལ་ཐིག་ཕྲེང་སུམ་བཅུ་ཡོད་པར་བཤད་མོད། མཐར་ཚིག་ཕྲེང་གཉིས་ཅན་ཞིག་ཏུ་བྱས་པ་རེད། སྙན་ངག་འདི་བྲིས་རྗེས་ཀྱི་ཨེ་ཛི་ར ཕང་ཊིའི་འཚོ་བ་ནི་དཀའ་ཚེགས་ཆེ་ཞིང་སྐྱོ་སྣང་ཆེ་བ་ཞིག་ཡིན་ནའང་། སྙན་ངག་འདི་ནི་སྔར་བཞིན་ཁོང་གི་ཐུན་མོང་མ་ཡིན་པའི་འཇིན་རྟེན་ལྟ་བའི་ནུས་ལྡན་ཤུལ་བཞག་དང་། ཁོང་གི་སྙན་ངག་དག་ལས་ཆེས་བཟང་ཞིང་ཚིག་ཚོགས་ཉུང་བའི་སྙན་ངག་ཅིག་ཡིན་པ་རེད།

 ༢༠༡༦/༠༤/༢༠ ཉིན།

གསལ་བཤད་མཐའ་མ།

ཉིན་ཤས་ཀྱི་སྔོན་ལ་བོང་རྫིས་ངས་བྲིས་པའི‘‘«འཛམ་གླིང་རྒྱས་བཤད»དང་དེའི་རྩོམ་པ་པོའི་སྐོར་གླེང་བ།’’ཞེས་པའི་རྩོམ་ཡིག་དེའི་ཕྱེད་ཀ་ཁོང་གི་རྩོམ་ཡིག་ཅིག་ལས་བསྐྱར་བཤུ་བྱས་འདུག་ཚུལ་བསྒྲགས་སོང་། ངས་གསལ་བཤད་ཅིག་བྲིས་ཡོད་མོད། སྐད་ཆ་དེ་ད་དུང་མུ་མཐུད་དུ་འགྲོ་བཞིན་པའི་ཚོར་སྣང་བྱུང་།

དེ་བས་འདིར་ཡང་བསྐྱར་གསལ་བཤད་ཅིག་ཞུ་འདོད་བྱུང་། ངས་བོང་རྫིའི་རྩོམ་ཡིག་གི་ཕྱེད་ཀ་བརྐུས་པ་ཕར་ཞོག ཚིག་དུམ་གཅིག་ཀྱང་བརྐུས་མེད། ངས«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་ནི་མཁས་དབང་དགེ་ཆོས་ཡིན་པ་བསྟན་མེད་ཚུལ་བཤད་སྐབས། «འཛམ་གླིང་རྒྱས་བཤད»དང«གཏམ་རྒྱུད་གསེར་ཐང»ལས་སྒྲུབ་བྱེད་བཀོད་ཡོད་པ་མ་གཏོགས། བོང་རྫིའི་རྩོམ་ཡིག་ལས་ཚིག་རྐང་གཅིག་ཀྱང་བཤུས་མེད། ངས་བྲིས་པའི‘‘རྩོམ་ཡིག་དེའི་ནང་དགེ་ཆོས་ཡིན་པ་བསྟན་མེད’’ཅེས་པའི་ནང་གི་དོན་དག་རེ་ཟུང་སྔར་བོང་རྫིས་བཤད་པ་བདེན་པ་རེད། དོན་དག་དེ་དག་བོང་རྫིས་གསར་དུ་རྙེད་པ་ཞིག་ཀྱང་མ་རེད། སྐད་ཆ་དེ་དག«འཛམ་གླིང་རྒྱས་བཤད»དང«གཏམ་རྒྱུད་གསེར་ཐང»དུ་འབྱུང་བའི་ཚིག་ཏག་ཏག་རེད། བོང་རྫིས«འཛམ་གླིང་རྒྱས་བཤད»ཀྱི་ཚིག་དུམ་འགའ་ཚུར་དྲངས་ཏེ«འཛམ་གླིང་རྒྱས་བཤད»དུ་རྩོམ་པ་པོ་བོད་མི་མ་རེད་ཅེས་བྲིས་འདུག «འཛམ་གླིང་རྒྱས་བཤད»དགེ་ཆོས་ཀྱི་སྔོན་ལ་བྲིས་ཡོད་ཚུལ་བསྟན་འདུག་ཅེས་བཤད་པ་རེད། སྐད་ཆ་དེ་དག་ཁོང་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་མ་རེད། སྤྱིར་བཏང«འཛམ་གླིང་རྒྱས་བཤད»བཀླགས་མྱོང་མཁན་ཞིག་ཡིན་ན་ངེད་གཉིས་ཀྱི་སྒྲུབ་བྱེད་གཅིག་མཚུངས་སུ་གྱུར་དགོས་དོན་གསལ་པོར་མཁྱེན་ངེས་རེད།

འོན་ཀྱང་། «འཛམ་གླིང་རྒྱས་བཤད»དེ་དགེ་ཆོས་ཀྱི་མ་རེད་ཅེས་པའི་སྐད་ཆ་དེ་ཡིག་ཐོག་ཏུ་བྲིས་ཏེ་ཁྱབ་བསྒྲགས་བྱེད་མཁན་ཐོག་མ་དེ་བོང་རྫི་ཡིན་པ་ཁས་ལེན་གྱི་ཡོད། ངས་ཁྱབ་བསྒྲགས་བྱེད་མཁན་ཐོག་མ་དེ་བོང་རྫི་རེད་ཅེས་བྲིས་མེད་པ་ལ་བརྟེན་ནས་ཁོས་ང་ནག་པོ་བཟོ་ཐབས་ལ་འབད་པ་བྱེད་ཀྱིན་ཡོད་ན་ནི་བྱེད་སྟངས་འདི་ཡག་པོ་མ་རེད། ཡང་ཅིག་བཤད་ན། ཁོས་ཞིབ་འཇུག་བྱེད་འདོད་པའི་བརྗོད་གཞི་ཞིག ཡང་ན་ཤེས་འདོད་པའི་བརྗོད་གཞི་ཞིག ད་དུང་ཁོང་གིས་རྔོ་མ་ཐོགས་པའི་བརྗོད་གཞི་ཞིག་ངས་ཐོག་མར་བཤད་པ་ལ་བརྟེན་ནས་ཁོས་ང་མ་ཉེས་ཁ་གཡོག་བྱེད་ཀྱིན་ཡོད་ན་ནི་དྲང་བདེན་མ་རེད། སྤྱིར་བཏང་རང་གིས་མ་ཤེས་པ་ཞིག་མི་གཞན་ཞིག་གིས་བཤད་པ་ཡིན་ན་དེ་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་རེད་མོད། འོན་ཀྱང་དེ་ལྟར་མ་བྱས་པར་དེ་ལ་ལྡོག་ཕྱོགས་ནས་ལས་ཀ་བྱེད་པ་འདི་ཡ་རབས་ཀྱི་ལས་ཀ་ཞིག་མིན་པ་ཤེས་པར་གྱིས།

མཐར། བོང་རྫིས་ངས་བྲིས་པའི་རྩོམ་ཡིག་དེའི་ཕྱེད་ཀ་ཁོང་གི་རྩོམ་ཡིག་ཅིག་ལས་བསྐྱར་བཤུ་བྱས་འདུག་ཚུལ་བསྒྲགས་པ་རེད། དེས་ན་དོན་གང་ཞིག་བརྐུས་འདུག ཚིག་གང་ཞིག་བརྐུས་འདུག ཚིག་རྐང་འདི་དང་གན་བརྐུས་འདུག་ཅེས་ཁུངས་ལུངས་དང་རྒྱུ་མཚན་ཡོད་པའི་སྒོ་ནས་གསལ་བཤད་གནང་ཐུབ་ན་ཡག་པོ་འདུག དེ་མིན་གཞན་གྱིས་དཀའ་ལས་བརྒྱབ་པའི་རྩོམ་ཡིག་ཅིག་གི་ཕྱེད་ཀ་ངའི་རྩོམ་ཡིག་རེད་ཅེས་དོན་མེད་ཀྱི་སྐད་ཆ་བཤད་ན་རྒྱུ་མཚན་ཡོད་པ་མ་མཐོང་། སྐད་ཆ་འདི་ཤིན་ཏུ་ཚབས་ཆེན་རེད་ལ། ལས་སླ་པོར་གླེང་རྐྱང་ཞིག་ཀྱང་མ་རེད། དེ་བས། ངས་སྐད་ཆ་འདི་སེམས་ལ་ཉར་འདུག་ངེས་ཡིན།

༢༠༡༧/༣/༡༩ཉིན།

རྒན་རྒྱ་ཡེ་བཀྲ་བྷོའི་དཔེ་ཀློག་སྐོར་གྱི་གཏམ་བཤད་ལ་ཉན་རྗེས།

དེ་རིང་ནི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཉིན་མོ་ཡིན་པ་རེད། ད་ནངས་ཞོགས་པར་འོས་ཤོག་འཕངས་རྗེས་བརྙན་འཕྲིན་གསར་འགྱུར་ཁག་ལ་བལྟས་པ་ཡིན། གསར་འགྱུར་ཁག་ན་ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ཞིག་སྲིད་འཛིན་དུ་གྱུར་ནའང་མི་དེས་ཡུ་རོབ་གཙོས་པའི་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུ་ཡིན་སྐོར་སྒྲོག་བཞིན་འདུག

དེ་ནས་གསར་འགྱུར་ལ་ཉན་མཚམས་རེ་ཞིག་བཞག་སྟེ་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱི་དཔེ་ཀློག་དང་འབྲེལ་བའི་གཏམ་བཤད་དེར་ཉན་པ་ཡིན། གཏམ་བཤད་འདིའི་ནང་ན་གོ་རྒྱུ་ཅན་གྱི་གསུང་ཡོད་པ་སྨོས་མ་དགོས་མོད། འོན་ཀྱང་ཁོང་གིས་རིག་ཚན་གསར་པའི་སྐོར་རྒྱ་ཡིག་དང་ཕྱི་ཡིག་གི་ལམ་ནས་བལྟ་རྒྱུ་གལ་ཆེ་ཚུལ་དང་། བོད་ཡིག་ཏུ་ཡོད་པའི་རིག་ཚན་གསར་པ་དེ་གཉོམ་ལག་རྒྱས་མེད་སྐོར། ད་དུང་ཁོང་གིས་བོད་ཡིག་གི་ལམ་ནས་རིག་ཚན་གསར་པའི་སྐོར་ལ་ཐེངས་གཅིག་ཀྱང་བལྟས་མྱོང་མེད་ཚུལ་གསུངས་སོང་། མཚམས་འདིར་སླེབས་སྐབས་བདག་གི་སེམས་སྐྱིད་མ་བྱུང་། ཁོང་དགེ་རྒན་ཆེན་མོ་ཞིག་རེད། ཁོང་དང་ཁོང་ལྟ་བུས་དེང་སང་གི་བོད་ཀྱི་འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་མི་རབས་འདི་དག་གི་རྩོལ་བ་ལས་གྲུབ་པའི་རིག་ཚན་གསར་པའི་སྐོར་གྱི་བསྟན་བཅོས་དེ་དག་ལ་ངེས་པར་དུ་གཟིགས་དགོས་ཤིང་། དེ་དག་གི་མ་ལྡང་བའི་ཆ་དང་། བཅོས་བསྒྱུར་བྱེད་དགོས་པའི་ཆ་སོགས་ཡོད་པ་དེ་དག་ཡ་རབས་ཀྱི་ལམ་ནས་ལེགས་བཅོས་དང་དགོངས་ཚུལ་གནང་དགོས་པ་རེད། ལྷག་པར་དུ་རིག་ཚན་གསར་པའི་བསྟན་བཅོས་བོད་ཡིག་ཏུ་སྒྱུར་མཁན་དག་ལ་སེམས་སྤར་དགོས་པ་རེད་འདོད།

རྒྱ་ནག་གི་རིག་ཚན་གསར་པ་དེ་དག་ཀྱང་ལྔ་བཞིའི་ལས་འགུལ་གྱི་སྐབས་སུ་དར་མ་ཐག་ཏུ་ཚད་ལྡན་ཞིག་ག་ལ་ཡིན། དེ་དག་ཚད་ལྡན་ཅན་དུ་འགྱུར་བར་རྒྱའི་ཤེས་ཡོན་པའི་དགོངས་ཚུལ་དང་ལེགས་བཅོས་ཀྱི་ལྟ་ཚུལ་མང་པོ་བརྒྱུད་ཡོད་པ་དོགས་པ་རྩ་བྲལ་རེད། དེང་སང་ང་ཚོས་གཞན་གྱིས་བསྒྱུར་པ་ཚད་ལྡན་དང་རང་མིས་བསྒྱུར་པ་ཚད་ལྡན་མིན་པའི་ལྟ་ཚུལ་ཞིག་འབྱུང་གིན་ཡོད་པ་དེ་སྤངས་པར་བྱ་བ་ཞིག་རེད་དྲན།

གང་ལྟར། ལོ་ཤས་ཀྱི་སྔོན་ལ་རྒན་རྒྱ་ཡེ་བཀྲ་བྷོའི་ལོ་རྒྱུས་དང་འབྲེལ་བའི་གཏམ་བཤད་ཅིག་ལའང་ཉན་མྱོང་། ཁོང་གིས་སྲོང་བཙན་སྒམ་པོའི་སྔོན་ལ་བོད་ལ་ཡི་གེ་མེད་ཚུལ་གསུངས་པ་དང་། དུས་རབས་བདུན་པའི་སྔོན་ལ་བོད་ལ་ཡི་གེ་ཡོད་པར་འདོད་མཁན་དེ་དག་ཧ་ལམ་ལྐུག་པའི་བཟོ་འདྲ་པོ་ཞིག་ཏུ་དགོངས་བཞིན་ཡོད་པ་མཐོང་མྱོང་། སྐབས་དེར་བདག་གིས་དགེ་རྒན་འདིས་བརྗོད་གཞི་འདི་ལྟ་བུར་ད་དུང་ཞིབ་འཇུག་བྱེད་དགོས་པ་རེད་ལྟ་བུ་གསུངས་ན་ཅིའི་ཕྱིར་མ་ཆོག་པ་ལྟ་བུ་དྲན་མྱོང་། ད་དུང་གཏམ་བཤད་དེའི་ནང་ཁོང་གིས་འཛམ་གླིང་གི་ཡི་གེ་རྙིང་ཤོས་དེ་ཨེ་རྗིབ་ཀྱི་ཡི་གེ་རེད་ཅེས་ནོར་འཁྲུལ་ཅན་གྱི་གཏམ་ཤོར་བ་ཐོས་བྱུང་། དེ་ནས་ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གིས་སློབ་དཔོན་རྟ་དབྱངས་དང་འབྲེལ་བའི་དཔྱད་རྩོམ་ཞིག་བྲིས་ཡོད་པ་བཀླགས་རྗེས། དངོས་གནས་ཁོང་གིས་སློབ་དཔོན་རྟ་དབྱངས་ཀྱི་སྐོར་གླེང་རྒྱུ་ཡིན་ན་ནི་རྒྱ་གར་གྱི་ཡིག་རིགས་ཁྲོད་དུ་སློབ་དཔོན་འདིའི་སྐོར་ཡོད་མེད་བརྟག་དཔྱད་གནང་དགོས་པ་གལ་ཆེན་རེད་དྲན་མྱོང་ལ། དཔྱད་རྩོམ་དེའི་ནང་ན་དཔྱད་ཡིག་གི་ཁུངས་སྣེ་རྒྱ་གར་ལ་སྦྲེལ་མི་འདུག་སྙམ་སོང་།

ད་དུང་ཁོང་གིས་བརྩམས་པའི་རྒྱ་གར་འཕགས་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་ཚུལ་སྐོར་གྱི་དེབ་རྒན་དེ་ལའང་བམ་ཀློག་ཙམ་བྱས་མྱོང་། དེབ་དེའི་ནང་གི་སྐྱོན་ཆ་དང་མ་ལྡང་བ་ཁག་ཞིབ་ཏུ་བཙལ་ན་ཏན་ཏན་རྙེད་ངེས་རེད། འོན་ཀྱང་། རྒྱ་ཡེ་བཀྲ་ཤིས་ཕུན་ཚོགས་ཞུ་བ་ཞིག་གིས་སྦྲང་ཆར་གྱི་དུས་དེབ་ཅིག་ཏུ་སྲིན་བུའི་མིག་ཆུ་ཞེས་པའི་རང་མོས་སྙན་ངག་ཧ་ཅང་སྙན་མོ་ཞིག་སྤེལ་ཡོད། རྒྱ་ཡེ་བཀྲ་ཤིས་ཕུན་ཚོགས་ཞུ་བ་དེ་རྒན་རྒྱ་ཡེ་བཀྲ་བྷོ་ཡིན་ཚེ་སྲིན་བུའི་མིག་ཆུ་དེ་ངའི་སེམས་ལ་བཞུར་ནས་ལོ་མང་འགོར་ནའང་། མིག་ཆུ་དེ་ད་དུང་སེམས་ལ་འཁྱིལ་ནས་མ་བསྐམས་པར་ཡོད་ལགས་ཞུའོ། །

མདོར་བསྡུས་ན། སྐབས་རེར་རང་གིས་བྲིས་པའི་རྩོམ་ཡིག་དང་དེབ་དེ་དག་གཞན་གྱིས་བལྟས་ན་གཉོམ་ལག་རྒྱས་མེད་པའི་སྐབས་ཀྱང་ཡོད་སྲིད་ལ། གཉོམ་ལག་རྒྱས་མེད་པའི་རྩོམ་ཡིག་དང་དེབ་དེ་དག་ང་ཚོའི་བཀླག་བྱར་མི་རུང་བའང་མིན་པས། འདི་དག་ལ་ངེས་པར་དུ་དགོངས་པ་ཡག་པོ་བཞེས་དགོས་པ་འདྲ། དེ་བས་བདག་གིས་གོང་གི་ཚིག་འདི་དག་བྲིས་པའི་ཁུལ་ཡིན། མཁྱེན་དགོས་པ་ཞིག་ཡོད་པ་ནི། འདིར་ངས་གོ་སྐབས་བཟུང་ནས་རྒན་རྒྱ་ཡེ་བཀྲ་བྷོ་ལགས་ལ་སྐྱོན་བརྗོད་བྱས་པ་མིན་མོད། ཁོང་གི་གཏམ་བཤད་དེར་ཉན་བཞིན་སེམས་ལ་གང་ཤར་འཕྲལ་དུ་བྲིས་པ་ཡིན་པས། ནོར་འཁྲུལ་མཆིས་ཚེ་མཐོལ་ལོ་བཤགས་སོ། །

༢༠༡༧/༠༥/༠༧ཉིན།

ལྷ་བཙུན་ཆོས་ཀྱི་རིན་ཆེན་དང་ཁོང་གི་སྙན་ངག་གི་འགྱུར་ཞིག

བོད་མིང་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་(宋恭帝1271-1323)ནི་རྒྱའི་རྒྱལ་རབས་སུང་ལྷོ་མ་ཡི་ཆེས་མཐའ་མཇུག་གི་རྒྱལ་པོ་དེ་ཡིན་པར་གྲགས། སྤྱི་ལོ་1289ལོར་ཡོན་གོང་མ་སེ་ཆེན་རྒྱལ་པོས་སུང་ལྷོ་མ་དབང་དུ་བསྒྱུར་རྗེས་རྒྱལ་པོ་འདི་བོད་ཡུལ་དུ་ཆོས་བསླབ་པར་བཏང་། ཁོང་ས་སྐྱ་དགོན་པར་འབྱོར་ཏེ་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་མཛད་དེ་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བགྱིས་ཤིང་། རྒྱ་སྐད་དུ་བཞུགས་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་དང་། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་སོགས་བོད་སྐད་དུ་བསྒྱུར་གནང་མཛད་ཡོད་པའི་ལོ་རྒྱུས་མཐོང་མོད། ཁོ་བོས་བཀའ་བསྟན་སོགས་སུ་བསྟན་བཅོས་དེ་དག་དངོས་སུ་མཇལ་རྒྱུ་ཡོད་མེད་བཙལ་ཁོམ་མ་བྱུང་། ཁོང་གི་ལོ་རྒྱུས་བོད་ཡིག་དང་། རྒྱ་ཡིག ཕྱི་སྐད་བཅས་ཀྱི་ནང་དུ་རྒྱས་པ་བཞུགས།

ལྷ་བཙུན་འདིའི་གཤེགས་རྐྱེན་ལ་བཤད་ཚུལ་མི་མཐུན་པ་ཁ་ཤས་ཡོད་པར་སྐད་མོད། ཁོང་གིས་སུང་ལྷོ་མ་དྲན་པའི་སྙན་ངག་ཅིག་བྲིས་ཡོད་པ་དེའི་ཤུགས་བསྟན་དུ་སུང་ལྷོ་མའི་རྒྱལ་རབས་དྲན་པའི་གདུང་བ་བརྗོད་ཡོད་པ་སོགས་ལ་རྐྱེན་བྱས་ཏེ། ཡོན་རྒྱལ་རབས་ཀྱི་སྲིད་དབང་འཛིན་མཁན་གྱིས་སྙན་ངག་འདིའི་རྒྱབ་ཏུ་གྱེན་ལོག་གི་ལྟ་བ་ཡོད་པར་དགོངས་ནས་ཁོང་ལྐོག་གསོད་བགྱིས་པའི་ལོ་རྒྱུས་དེ་ཡོངས་གྲགས་ལྟ་བུ་ཆགས་ཡོད་པ་འདྲ། དེ་བས། ཁོ་བོས་སྙན་ངག་དེ་ལན་གཅིག་མཐོང་འདོད་ཀྱིས་རྒྱ་ཡིག་ཡག་པོ་མཁྱེན་པའི་གྲོགས་པོ་སྐོར་ཞིག་ལ་ཁ་བརྡ་བྱས་པ་ཡིན། ཉེ་ཆར་སྙན་ངག་པ་རོང་བོ་གངས་དཀར་ལགས་ཀྱིས་སྙན་ངག་འདི་བསྐུར་བྱུང་ལ། དེ་རིང་གྲོགས་པོ་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ལགས་དང་མཉམ་དུ་སྙན་ངག་འདིའི་སྐོར་ལ་གླེང་མོལ་ཐུང་ཙམ་བྱས་པར། ཁོང་གིས་ཚིགས་བཅད་འདི་བོད་ཡིག་ཏུ་བསྒྱུར་བྱུང་བས། དེ་དང་དེ་ལ་ཐུགས་རྗེ་ཆེ་ཞུའོ།།

མ་ཡིག

寄语林和靖,梅花几度开?

黄金台下客,应是不归来。

དཔྱིད་མགོའི་མེ་ཏོག་ལན་གྲངས་ག་ཙམ་ལ། །

བཞད་ཅེས་ལིན་ལ་འཕྲིན་གྱིས་དྲི་བར་འདོད། །

ཧོང་ཅིན་ཐེ་ལ་མགྲོན་དུ་ཕྱིན་པ་ནས། །

ཕ་ཁྱིམ་སྙེག་པའི་འདུན་པ་སྔར་ནས་ལོག །

ཡང་ན།
ངས་ནི་ཕོ་ཉར་འཕྲིན་ཞིག་བསྐུར་ནས་དབེན་རི་ལ་གནས་ལིན་ཧི་ཅིན་ལ་ང་རང་གྱེས་པའི་རྗེས་སུ་དཔྱིད་མགོའི་མེ་ཏོག་ལན་གྲངས་ག་ཙམ་བཞད་པ་འདྲི་བར་འདོད་གྱུར་ཅིང་། །

ཡན་ཅིན་ཡུལ་དུ་རང་ཉིད་གཅིག་པུ་ལུས་པའི་ཚེ་ན་ཕལ་ཆེར་སླར་ཡང་རང་གི་རྒྱལ་ཁམས་ཡུལ་དུ་ལྡོག་པའི་བདག་གི་འདུན་པ་སྔ་མོ་ཉིད་ནས་ཡོད་མི་སྲིད་པར་སྣང་།།

(ཁོ་བོས་མཇུག་གི་ཚིག་རྐང་འདི་གཉིས་ནི་གྲོགས་པོ་རྒན་གུར་མགོན་སྐྱབས་ལགས་ཀྱིས་ཚིགས་ལྷུག་ཏུ་ཕབ་པར་བལྟས་ནས་ཚིགས་བཅད་དུ་བཅོས་པའི་ཁུལ་ཡིན།)

མཆན།

ཧོང་ཅིན་ཐེ་དང་ཡན་ཅིན་(黄金台、燕京)ཡོན་ཏ་ཏུའུ་ཟེར་བ་ད་ལྟའི་པེ་ཅིང་གྲོང་ཁྱེར།

ལིན་ཧི་ཅིན་ནི་ལིན་པུའུ་(林和靖、 林逋)ཡང་ཟེར་ཏེ། སྤྱི་ལོ967~1028 ཧང་ཀྲིག་ཆན་ཐང་རྫོང་གི་མི། སྙན་ངག་པ་གྲགས་ཅན་ཞིག ཡུལ་སིལ་མེ་ཏོག་བརྗོད་བྱར་བྱས་པའི་སྙན་ངག་འབྲི་བ་ལ་གཞན་གྱིས་བསྒྲུན་དུ་མེད་པ་ཞིག

དཔྱིད་མགོའི་མེ་ཏོག་ནི་ཨམ་སྐད་དུ་ཡུལ་སིལ་སྡོང་བོའི་མེ་ཏོག་ཅེས་འབོད་པ་དེའོ། །

༢༠༡༧/༥/༠༨ཉིན།