དེ་རིང་སྟེ། ༢༠༡༤ལོའི་ཟླ་༨ཚེས་༡༥ཉིན་ལྷ་ས་ནས་གཞིས་རྩེར་མེ་འཁོར་ཐོག་མར་བཏང་བས་དེའི་པ་སེ་སྟེང་བོད་ཡིག་མེད་པར། སི་ན་པོད་ཕྲན་དང་སྐད་འཕྲིན་སོགས་སུ་གླེང་མོལ་ཤུགས་ཆེན་འབྱུང་བཞིན་འདུག  དེང་འདིར་བོད་ཡིག་ནི་སྔོན་ཆད་དང་བསྡུར་ན་འཕེལ་རྒྱས་དང་ཉམས་རྒུད་གཉིས་ཀའི་དཀྱིལ་ན་ཡོད་དེ། སྔོན་མའི་ཆིག་རྐྱང་རིག་གནས་ནས་རིག་གཞུང་དང་དེང་རབས་ཀྱི་ལག་རྩལ་གང་ཐད་ནས་སྣ་མང་ཅན་དུ་འགྱུར་བཞིན་པ་ནི་འཕེལ་བའི་ཕྱོགས་ཡིན་ལ། འོན་ཀྱང་སྔོན་མར་ཡོངས་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་ཤིག་ནས་དེང་འདིར་སྐད་ཡིག་ཟུར་བའམ་གཉིས་པར་གྱུར་ཡོད་པ་ནི་ཧ་ཅང་ཉེན་ཁ་ཆེ་བའི་ཉམས་རྒུད་ཀྱི་ཆ་རེད།

ཏག་ཏག་ཀྲུང་གོའི་བོད་ལྗོངས་དྲ་བའི《བོད་སྐད་ཡིག་ཚད་ལྡན་ཅན་དུ་བསྒྱུར་བའི་ལས་དོན་གྲོས་ཚོགས》ཅེས་པའི་ལེ་ཚན་གྱི་རྩོམ་ཡིག་ཅིག་གི་ཁ་བྱང་དུ། “བོད་སྐད་ཡིག་ནི་དོན་དངོས་སྤྱི་ཚོགས་དང་བསྟུན་དགོས་པ་ལས་མང་ཚོགས་དང་རིང་དུ་གྱེས་མི་རུང་།”བར་བསྟན་འདུག དེ་དེ་བཞིན་ཉིད་དེ། མང་ཚོགས་དང་གྱེས་མི་རུང་བ་ནི་མང་ཚོགས་ཀྱི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་པ་དེ་ཉིད་ལགས་ཤིང་། མང་ཚོགས་དང་གྱེས་ཚུལ་ནི་མང་ཚོགས་ཀྱི་འཚོ་བའི་ཁྲོད་བཀོལ་སྤྱོད་མེད་པའམ་མེད་པར་བཟོ་བ་དེ་ལས་མ་འདས། མེ་འཁོར་པ་སེ་ཞིག འདི་ནི་གནད་དོན་གྱི་ཆེས་ཆུང་ཙག་ཤིག་སྟེ། འདི་ལས་ཀྱང་བོད་སྐད་ཡིག་མང་ཚོགས་དང་གྱེས་ཡོད་མེད་གསལ་བོ་རེད།

འདི་ལྟར་བསམ་དུས་ངས་ང་དང་འདྲ་བའི་བོད་སྐད་ཡིག་ཁོ་ན་སྤྱོད་པའི་ཞིང་འབྲོག་མང་ཚོགས་དག ཏང་སྲིད་ལས་ཁུངས་ཁག་དང་། མེ་འཁོར་བབ་ཚུགས། དངུལ་ཁང་། གློག་འཕྲིན་ཀུང་ཟི་སོགས་སུ་སྐད་བརྡ་མ་འཕྲོད་པར་དཀའ་ངལ་དང་ཐ་ན་དེ་གའི་ལས་བྱེད་པའི་ས་ནས་བརྙས་བཅོས་ཚུན་ཆད་མྱོང་བཞིན་པའི་རྣམ་པ་དག་ཡིད་ལ་འཁོར། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།>>དོན་ཚན་བཞི་པར། “གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་སྤྱོད་དགོས།མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆར་འབྲལ་དུ་མི་རུང་བ་ཞིག་ཡིན། མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ་དང༌།ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་ནམ་སྒྱུར་བཅོས་བྱེད་པའི་རང་དབང་ཡོད།” ཚིག་འདི་ངོ་མ་ཡིད་དུ་འཐད་པ་ཞིག་རེད། འོན་ཀྱང་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་ཟེར་བ་ནི། མི་སྒེར་སོ་སོ་ནས་སྤྱད་ཆོག་པ་ཙམ་ལ་མི་ཟེར་བར། དེ་ལྟར་སྤྱོད་པ་དང་སྤེལ་བའི་རང་དབང་ལ་སྲིད་གཞུང་གིས་འགན་སྲུང་བྱེད་དགོས་ཟེར་བ་ལོས་ཡིན།

ངའི་རེ་བར། སྲིད་འཛིན་ཞིས་ཅིན་ཕེན་ལགས་ཀྱི་ལྐོག་ཟ་རུལ་སུང་ལ་ཐེར་འདོན་བྱེད་པའི་སྲིད་ཇུས་དེ་བཞིན། རྩ་ཁྲིམས་དང་བཅའ་ཁྲིམས་སུ་བསྟན་པའི་“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང༌།རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་” བྱེད་དགོས་པ་ལ། མི་བྱེད་མཁན་དག་ལའང་ཐེར་འདོན་གྱི་སྲིད་ཇུས་དེ་འདྲ་ཞིག་ལག་ཏུ་བསྟར་ན་ཅི་མ་རུང་ཨང་།

བསམ་འཆར་འདོན་མ་ཐུབ་ན་དམངས་ཀྱི་སྐྱོན་རེད། བཏོན་པའི་བསམ་འཆར་ལག་བསྟར་མ་བྱེད་ན་སྲིད་གཞུང་གི་སྐྱོན་རེད། མདོར་ན་པ་སེ་སྟེང་གི་ཡིག་རྡོག་རེ་གཉིས་དེ་ཙམ་མ་ཡིན་པར་རང་ཅག་ལ་ཡོད་འོས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་སུ་བསྟན་པའི་ཡིག་ཐོག་གི་ཁེ་དབང་དེ་དག་ལག་ལེན་དོན་འཁྱོལ་མ་ཐེབས་བར་དུ་མུ་མཐུད་བསམ་འཆར་འདོན་དགོས། མུ་མཐུད་དུ་་་་་་་་་་་་་་་་