དང་པོ།  ལོ་ཚིགས་གུང་བསྒྲིགས་ཏེ་ངོ་སྤྲོད་པ།

ཚེ་ཏན་ཞབས་དྲུང་མཆོག་གིས་སྙན་ངག་སྤྱི་དོན་དང་དེ་མཚུངས་ཀྱི་བོད་ཀྱི་ཡིག་ཆ་རྣམས་སུ་ “ཤོང་དཔང་ཡབ་སྲས་གཉིས་”ཞེས་གསུངས་པའི་དཔང་དེ་ནི་དཔང་ལོ་ཙ་བ་བློ་གྲོས་བརྟན་པ་(1276-1342)ཡིན། འདིར་ཡབ་སྲས་གཉིས་ཞེས་བྲིས་པ་མ་གཏོགས་ ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ནས་བརྩིས་ན། དཔང་ལོ་འདི་ནི་ཤོང་སྟོན་གྱི་དངོས་སློབ་མིན་ཅིང་།  བརྒྱུད་པའི་སློབ་མ་ཡིན།  ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་ནི་ཤོང་བློ་གྲོས་བརྟན་པ་དང་ལོ་མཆོག་པ་གཉིས་ཡིན་ལ། དེ་གཉིས་ཀྱི་སློབ་མ་ནི་དཔང་ལོ་ཡིན།    འདི་ལ་བོད་ཀྱི་ཡིག་ཆ་རྣམས་སུ་བློ་བརྟན་གསུམ་པ་ཞེས་ཀྱང་འབྱུང་།  ཁོང་གི་བླ་མའི་གྲས་སུ་སྟག་སྡེ་བ་སེངྒེ་རྒྱལ་མཚན་(1212-1294)དང་། གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ(1229/30-1309)། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་སོགས་བཞུགས་ཤིང་། སློབ་མའི་ཁོངས་སུ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་(1292-2376)དང་། གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་རྒྱས་(1299-1378)། ལོ་ཆེན་བྱང་ཆུབ་རྩེ་མོ(1303-1380) ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་(1308-1364) ས་སྐྱ་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(1312-1375)སོགས་བཞུགས་ཞེས་འབྱུང་།  འགྲོ་མགོན་འཕགས་པ་ཕྱི་ལོ་ ༡༢༨༠ ལོར་སྐུ་འདས་པའི་དབང་དུ་བཏང་ན་ཁོང་ནི་དེ་དུས་དགུང་ལོ་བཞི་ལྔ་ཙམ་ཡིན།

 

གཉིས་པ།  ཡིག་ཆའི་ཁུངས་བཙལ་བ།

དེང་རབས་ཀྱི་ཡིག་ཆའི་ཁོངས་སུ་ཁོང་གི་རྣམ་ཐར་འཁོད་པ་དཔེར་ན། དུང་དཀར་ཚིག་མཛོད་ཆེན་མོ[2]་དང་། ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་གཅེས་བཏུས།[3]  གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད[4]་སོགས་སུ་མདོར་ཙམ་རེ་འཁོད་འདུག  དེང་རབས་ཀྱི་རྩོམ་པ་པོ་ཁོང་རྣམས་ཀྱིས་རྣམ་ཐར་དེ་དག་གང་ནས་བླངས་པའི་ཁུངས་ཁ་གསལ་མ་འཁོད་མོད།  ཤེལ་དཀར་བ་ངག་དབང་སྐལ་ལྡན་རྒྱ་མཚོས་མཛད་པའི་ “ཤེལ་དཀར་ཆོས་འབྱུང་”[5]དུ་དཔང་ལོའི་རྣམ་ཐར་ཤོག་ལྡེབ་ ༢༢ ཙམ་ཞིག་འཁོད་ཅིང་། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་རིག་པའི་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་བྲིས་པའི་གླེང་བརྗོད་དུ་ཆོས་འབྱུང་འདི་ནི་ཕྱི་ལོ་ ༡༧༣༢ ལོར་བརྩམས་གྲུབ་ཚུལ་བཀོད་འདུག

སྔ་རབས་ཀྱི་ཡིག་ཆ་རྣམས་ཀྱི་ཁྲོད་དུ་དུས་འཁོར་ཤོང་འགྱུར་འཆད་པའི་སྐབས་སུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་རྗེས་འབྲེལ་དུ་དཔང་ལོའི་ལོ་རྒྱུས་འབྱུང་ཞིང་། ཕྱི་ལོ་ ༡༤༧༦ ལོར་བརྩམས་གྲུབ་པའི་ “དེབ་ཐེར་སྔོན་པོ་”ན་དཔང་ལོའི་རྣམ་ཐར་ཤོག་ངོས་འགའ་གསལ།[6]  ཡང་འཕྲུལ་དེབ་ཏུ་བཟོས་པའི་ཆག་ལོ་རིན་ཆེན་ཆོས་རྒྱལ་(1447-?)གྱི་ “དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།”[7]ཞེས་པ་ནའང་དཔང་ལོ་བརྒྱུད་པ་དང་བཅས་པའི་རྣམ་ཐར་གསལ།  བེ་རི་རིག་པའི་རྡོ་རྗེ་ལགས་ཀྱིས་གཉེར་བཞིན་པའི་ནང་བསྟན་རིག་མཛོད་ཆེན་མོ་ཞེས་པའི་དྲ་བ་ལས་ ཀུན་སྤངས་ཆོས་གྲགས་དཔལ་(1283-1363)གྱིས་བརྩམས་པའི་“སེམས་འགྲེལ་སྐོར་གསུམ་གྱི་བླ་མའི་བརྒྱུད་རིམ་གསལ་བ།”[8]ཞེས་པའི་འཕྲུལ་དེབ་རྙེད་ཅིང་།  དེར་རྩོམ་པ་པོས་དཔང་བློ་གྲོས་བརྟན་པའི་ཞབས་པད་བསྟེན་ནས་འགྱུར་བཅོས་ཀྱི་རོགས་མཛད་པ་སོགས་ཧ་ཅང་ཁ་གསལ་ཞིག་བཀོད་འདུག་པ་འདིར་ལེ་ཚན་ཟུར་བཅད་ཀྱིས་བཀོད་ཡོད་དོ།།  འདིས་སྐུལ་མ་བྱས་ཏེ་དཔང་ལོས་བསྒྱུར་བའི་བསྟན་བཅོས་རེ་ཟུང་ཡོད་པ་དེའི་འགྱུར་བྱང་ཡང་གཤམ་དུ་བཀོད་ཡོད།  དེས་ན་དཔང་ལོའི་རྣམ་ཐར་ཡིག་ཆ་འདི་ལྟ་བུ་ནི་དཔང་ལོའི་རྣམ་ཐར་ད་ལྟ་ཡོད་པ་རྣམས་གང་ནས་འོངས་པའི་ཁུངས་ཨ་མ་དེ་ཡིན་པའང་གདོན་མི་ཟའོ།།

གཞན་ཡང་། གུས་པ་སྔ་ལོར་བོད་དུ་བསྐྱོད་སྐབས་སུ་བན་ཤུལ་དཔལ་མཁར་རྒྱལ་གྱི་ཕྱག་ནས་འདིའི་རྣམ་ཐར་དབུ་མེད་བྲིས་མ་དབུར་ “སྤང་ལོ་ཚ་བ་བློ་གྲོས་བརྟན་པའི་རྣམ་པར་ཐར་པ་བཞུགས་”ཞེས་འཁོད་པ་ཤོག་གྲངས་བདུན་ཅན་ལ་མཛད་བྱང་ཆད་པ་ཞིག་ཐོབ་བྱུང་།   ཡང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་འབུམ་ཁྲོད་ནས་དཔང་ལོར་བསྟོད་པའི་ཡི་གེ་ཞིག་རྙེད་བྱུང་།

གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ “ཆོས་རྗེ་རིན་པོ་ཆེ་བྱང་ཆུབ་རྩེ་མོའི་རྣམ་ཐར་སྣང་བ་སྤེལ་བ་”ཞེས་པ་ན་ཡང་ལོ་ཆེན་བྱང་ཆུབ་རྩེ་མོ་གཞོན་དུས་ནས་དཔང་ལོའི་ཞབས་ལ་བསྟེན་པའི་གནས་ཚུལ་བཅས་དཔང་ལོའི་སྐོར་མང་ཙམ་འཁོད་འདུག་ཅིང་། དཔང་ལོ་ནས་བརྩིས་ཏེ་བོ་དོང་ཨེའི་གདན་ས་མཛད་མཁན་སྐུ་ཉེ་རྣམས་བགྲངས་པའི་ཁྲོད་དུ་དཔང་ལོའི་སྐུ་སྲིང་ཡེ་ཤེས་སྨན་ནེའི་སྲས་ལོ་ཆེན་བྱང་ཆུབ་རྩེ་མོ་དང་།  དེའི་གཅུང་གི་སྲས་ལོ་ཙ་བ་གྲགས་པ་རྒྱལ་མཚན།  དེའི་སྐུ་སྲིང་གི་སྲས་བོ་དོང་པན་ཆེན་ཕྱོགས་ལས་རྣམ་རྒྱལ་རྣམས་བྱུང་སྐོར་བོ་དོང་པཎ་ཆེན་གྱི་རྣམ་ཐར་དུ་གསལ་ཞིང་འདིར་མ་སྤྲོས་སོ།།[9] ཡང་ལོ་ཆེན་བྱང་ཆུབ་རྩེ་མོ་རབ་ཏུ་དབྱུང་བའི་མཁན་པོ་ནི་ཤོང་སྐུ་མཆེད་ཀྱི་དབོན་པོ་ཆོས་སྐྱོང་དཔལ་ཡིན་གསུངས།

 

གསུམ་པ། རྣམ་ཐར་མདོར་བསྡུས་ཏེ་ཞུ་བ།

དཔང་ལོའི་རྣམ་ཐར་ལས་འབྲེལ་ཆེ་བའི་ཚིག་འགའ་ཞིག་གིས་ངོ་སྤྲོད་ཞུ་རྒྱུ་ཡིན།

ས་ཁྲ་འདི་ནི་http://treasuryoflives.orgཞེས་པ་བླངས་པ་ཡིན།

དཔང་ལོའི་སྐོར་གྱི་གཏམ་ཡོངས་གྲགས་ཤིག་ཡོད་པ་ནི་ཁོང་གིས་ “མི་བླུན་པོ་རྣམས་ཀྱིས་ཁོ་བོ་ལ་བའི་འོ་མ་བྱིན་ན་ལེགས་པ་ཡིན་པ་ལ། མ་མོའི་འོ་མ་བྱིན་པས་བློ་གྲོས་ཀྱི་ཕྱེད་འགྲིབ་ཏུ་བཅུག་”ཅེས་པ་འདི་ཡིན།  དེ་ནི་གཞོན་དུས་མ་དང་ཁ་བྲལ་བ་རེད།  ཁོང་གི་འཁྲུངས་ཡུལ་ “ཟུར་རྩོའི་གྱམ་”ཞེས་འབྱུང་ཞིང་འདི་ནི་ལ་སྟོད་ལྷོར་གཏོགས་པར་བཤད།  ཁོང་དགུང་ལོ་བཅུ་ལ་སླེབས་དུས་རབ་ཏུ་བྱུང་འདུག   ཁོང་གི་ཡབ་ཀྱང་རབ་ཏུ་བྱུང་བའི་མཚན་ལ་དགེ་སློང་བྱང་སེང་ཞེས་གྲགས།

དཔང་ལོ་དགུང་ལོ་བཅུ་གསུམ་པ་མདོག་གི་ཚ་སྣ[10]ར་བྱོན་ཏེ་སྟག་སྡེ་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་ནས་སློབ་གཉེར་གནང་། བླ་མ་འདི་ནི་ཤོང་སྟོན་སྐུ་མཆེད་གཉིས་ཀྱིའང་བླ་མ་གཙོ་བོ་ཞིག་ཡིན། ལོ་ཚིགས་ནི་ཕལ་ཆེར་ཕྱི་ལོ་ ༡༢༨༦ ཙམ་ལ་འཁེལ་དགོས།  ཁོང་དགུང་ལོ་བཅུ་དགུ་པ་ཕྱི་ལོ་ ༡༢༩༤ ལོར་བླ་མ་སྟག་སྡེ་བ་གཤེགས།  དེ་ནས་མང་མཁར་[11]ཁྲ་ཚང་དུ་ཕེབས་ནས་བླ་མ་མཆོག་ལྡན་པའི་དྲུང་ནས་སྒྲའི་བསྟན་བཅོས་དང་སྙན་ངག་མེ་ལོང་གསན་འདུག  དེ་ནས་ས་སྐྱ་ལ་ཕེབས་ཏེ་བསྙེན་པར་རྫོགས་ཤིང་ཤོང་བློ་གྲོས་བརྟན་པའི་མདུན་ནས་སྒྲའི་བསྟན་བཅོས་དང་སྙན་ངག་མེ་ལོང་གི་དཔེ་ཆ་གཡར་པོ་ཞུས་ཏེ་བསྐྱར་འབྲི་གནང་བ་མ་ཟད་བལ་ཡུལ་གྱི་ཁ་སྐད་དམ་འཕྲལ་སྐད་ཀྱང་སྦྱངས་འདུག  སྐབས་འདི་ཙམ་ལ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་མཆན་བྲིས་པ་དང་།  དགུང་ལོ་ཉེར་གཅིག་པ་བལ་ཡུལ་དུ་བྱོན་ནས་སྒྲ་བསླབས་འདུག  སྐབས་འདིར་སླར་ས་སྐྱར་འཁོར་ནས་སྒྲ་ཀ་ལཱ་པའི་འགྱུར་མཛད་འདུག[12]  འདི་ནི་ཕྱི་ལོ་ ༡༢༩༡ ཙམ་ལ་འཁེལ།

ཁོང་དགུང་ལོ་ཉི་ཤུར་ཕེབས་པའི་དུས་འདི་ཙམ་ནས་བཟུང་སྟེ་བལ་ཡུལ་(དང་རྒྱ་གར་)ལ་ལན་བདུན་ཙམ་ཕེབས་པར་གསུངས་ཤིང་།  ཁོང་གི་འགྱུར་གཞན་རྣམས་ཀྱི་དབུ་བཙུགས་པ་དང་།  འགྱུར་གཞན་ལ་འགྱུར་བཅོས་ཀྱང་མཛད་འདུག  དེ་ནས་སློབ་ཚོགས་ཀྱང་རྒྱས་འདུག་ཅིང་།  བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས་མངོན་པའི་ཊིཀྐ་མཛད་ཅིང་།  སྙན་ངག་མེ་ལོང་གི་འགྲེལ་པ་དཔང་ཊིཀ་ཏུ་གྲགས་པའང་ས་སྐྱར་མཛད་དོ།། ཕྱིས་སུ་དབུས་གཙང་གི་གདན་ས་ཁག་ལ་ཕེབས་ཏེ་ཆོས་ཁྲིད་མཛད་ཅིང་།  སྐབས་མང་པོར་སྙན་ངག་མེ་ལོང་གི་ཁྲིད་ཀྱང་མཛད་འདུག  བོ་དོང་ཨེའི་[13]གདན་ས་བ་མཛད་ཅིང་། ཇི་ལྟར་གདན་ས་ལ་ཕེབས་པའི་སྐོར་དཔང་ལོའི་རྣམ་ཐར་དང་བོ་དོང་པཎ་ཆེན་གྱི་རྣམ་ཐར་ན་གསལ་ཡང་འདིར་མ་དྲངས།

རྣམ་ཐར་དུ་དཔང་ལོ་དབུས་ཕེབས་སྐོར་ལ་འདི་ལྟར།  “ཨེའི་གདན་སའི་འཛིན་བདག་འཕྲོད་ནས་དབུས་ཕྱོགས་སུ་བྱོན་ནས་ཟླ་བ་བཅུ་དྲུག་བཞུགས་ཏེ། དབུས་སུ་བྱོན་པའི་ལམ་དུ་གླེགས་བམ་མང་པོ་གྲྭ་པ་ལ་བཀྱེ་བ་རྨིས་ཞེས་གསུངས་ཤིང་། ལྷ་ས་དང་བསམ་ཡས་དང་། གུང་ཐང་།  སྟག་ལུང་། བྱང་རྭ་སྒྲེང་། གསང་ཕུ་ནེའུ་ཐོག་རྣམས་སུ་དུས་འཁོར་དང་།  དགོངས་རྒྱན་དང་། ཕར་ཚད་དབུ་གསུམ། དབུ་མ་རྒྱན། སྒྲ་དང་སྙན་ངག་དང་། ཟབ་མོའི་མདོ་ལྔ་སོགས་ཆོས་མང་དུ་གསུངས་ཤིང་། དབུས་ཀྱི་དགེ་བའི་བཤེས་གཉེན་ཕལ་ཆེར་གྱིས་གསན་ཏེ། གསང་ཕུར་ཆོས་གྲོལ་བ་དང་། ད་ནི་ཤི་ཡང་མི་འགྱོད་དོ་ཞེས་གསུངས་སོ།།”[14]ཞེས་འབྱུང་། སྐུ་ཚེ་སྨད་ཀྱི་རྣམ་ཐར་ལ་ལོ་ཚིགས་སོགས་ཁ་གསལ་མེད་ཅིང་ཡོད་པའང་ཐོར་རེ་བ་ཞིག་ལས་མི་གསལ་མོད།   འོན་ཀྱང་ཞིབ་ཏུ་བཙལ་འདོད་ཚེ་ལོ་ཆེན་བྱང་ཆུབ་རྩེ་མོའི་རྣམ་ཐར་དུ་ཡོད་པ་རྣམས་གུང་བསྒྲིགས་ཚེ་འདིའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཁ་སྐོང་ནུས་པར་མཆིས་སོ།།  དེ་ལྟར་ན་དཔང་ལོ་འདི་ཉིད་ཕྱི་ལོ་ ༡༣༤༢ ལོར་དགུང་ལོ་དྲུག་ཅུ་རེ་བདུན་དུ་ཕེབས་པའི་ཆུ་ཕོ་རྟའི་ལོ་ལ་དགོངས་པ་རྫོགས་འདུག

 

བཞི་པ།  ཀུན་སྤངས་ཆོས་གྲགས་དཔལ་གྱིས་མཛད་པའི་དཔང་ལོའི་རྣམ་ཐར།

[ཀུན་སྤངས་ཆོས་གྲགས་དཔལ་གྱིས་དུས་འཁོར་སྐོར་]ཡང་མཁས་པའི་དབང་པོ་ལོ་ཙཱ་བ་ཆེན་པོ། དཔང་དཔལ་ལྡན་བློ་གྲོས་བརྟན་པ་ལས་ཀྱང་ཐོས་ཏེ། དེ་ཡང་སྤྱད་ལུངས་ཀྱི་འུམ་བུ་གྱམ་ཞེས་བྱ་བར་སྐུ་འཁྲུངས་ནས། མཁན་ཆེན་གསེར་ཁང་པ་ཆེན་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་། འདུལ་བ་མདོ་རྩ་གསན་ནས་དགུང་ལོ་བཅུ་གཅིག་པ་ལ་རྫོགས་པར་ཐུགས་ལ་གསུངས་ཤིང་།  བྱང་བར་མཛད་དེ་ཚ་སྣར་མཁན་ཆེན་སྟག་སྡེ་པ་སེངྒེ་རྒྱལ་མཚན་དང་། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་སྟག་སྡེ་རི་ཕུག་གི་མཁན་པོ་མཛད་པའི། མཁན་ཆེན་ཤེས་རབ་དཔལ་བའི་དྲུང་དུ་བྱོན་ནས། ཕར་ཚད་མངོན་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཆོས་རྣམས་ལ་ཤིན་ཏུ་མཁས་པར་མཛད་ཅིང་། གྲྭ་སྐོར་ཡང་མཛད་ནས། ལོ་ཙཱ་བ་མཆོག་ལྡན་གྱི་དྲུང་དུ་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་ཤོང་འགྱུར་དང་། གཞན་ཡང་བཀའ་བསྟན་བཅོས་མང་པོའི་བཀའ་ལུང་རྣམས་ཞུས་ལ། སྙན་ངག་མེ་ལོང་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ་དང་། སྒྲ་ཀ་ལཱ་པའི་མིང་ལེ་དང་པོ་ཡར་བཅད་གསན་ཅིང་བྱང་བར་མཛད་དོ།།

བླ་མ་རོང་པ་ཤེས་རབ་སེངྒ་པ་ལའང་གཤིན་རྗེ་གཤེད་སྐོར་གསུམ་གྱི་དབང་དང་། དེ་རྣམས་ཀྱི་ཆོས་སྐོར། དཔལ་དུས་ཀྱི་འཁོར་ལོ་རྭ་འགྱུར་རྣམས་གསན་པ་ཡིན་ནོ།།  དེ་ནས་བལ་ཡུལ་དུ་ལན་གསུམ་བྱོན་ཏེ། མ་དྷུ་པཎྜི་ཏ་དང་། རཱ་མ་པཎྜི་ཏ་དང་། རྒྱ་གར་ཤར་ཕྱོགས་ཀྱི་ཙུ་ཌ་པཎྜི་ཏ་རྣམས་ལ་རིག་པའི་གནས་མང་དུ་བསླབས་ཤིང་། ཁྱད་པར་གྱིས་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་སྒྲ་མདོ་ཀ་ལཱ་པ་དང་། དེའི་འགྲེལ་པ་བགྲོད་དཀའ་སེངྒེས་མཛད་པ་དང་། སློབ་མ་ལ་ཕན་པ་དང་། ཡི་གེའི་མདོ་དང་། ཚད་མ་རྒྱལ་དབང་བློ་དང་། རྟོག་གེའི་སྐད་དང་། འབྲེལ་པ་མདོར་བསྟན་དང་། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀཏྟ་མཱ་ལའི་མཇུག་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་མཇུག་དང་། མདོར་བསྡུས་དང་པོའི་འགྲེལ་བཤད་མི་གཡོ་སྙིང་པོས་མཛད་པ་དང་། སྦྱོར་བ་བརྒྱ་པ་ལ་སོགས་པ་གཞི་འགྱུར་དུ་མའང་མཛད་ཅིང་། བཀའ་དང་བསྟན་བཅོས་དུ་མ་ལ་ཞུ་ཆེན་མཛད་ལ། མཆན་དང་འགྲེལ་པ་མང་པོ་ཡང་མཛད་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ཡིན་ནོ།།

དེ་ཉིད་ལ་སྒྲ་དང་། སྙན་ངག་དང་། སྡེབ་སྦྱོར་དང་། མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་མང་དུ་མཉན་ཅིང་། བཀའ་དང་བསྟན་བཅོས་མང་པོའང་ཐོས་ལ། ཁྱད་པར་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། སཾ་སྐྲྀ་ཏའི་གླེགས་བམ་གྱི་སྟེང་ནས། མཁས་པའི་དབང་པོ་ཉིད་ཀྱིས་གསུངས་ཤིང་། ཁོ་བོའི་ཤོང་འགྱུར་བཀྲམ་ནས། འགྱུར་མི་བཅོས་སུ་མི་རུང་བ་རྣམས་ལ་ཞུ་ཆེན་ཡང་ཞུས་ལ།  སྒྲ་དང་སྡེབ་སྦྱོར་ལ་སོགས་པའི་བཤད་པ་སཾ་སྐྲྀ་ཏའི་སྟེང་ནས་དཔྱད་དགོས་པ་རྣམས་ལེགས་པར་ཞུས་ཤིང་། གླེགས་བམ་ལ་མཆན་བུའང་བཏབ་པ་ཡིན་ནོ།།  སྒྲ་དང་། སྙན་ངག་དང་། སྡེབ་སྦྱོར་དང་། མངོན་བརྗོད་རྣམས་ལ་བློའི་སྣང་བ་ཤར་བ་ནི། དམ་པ་འདི་ཉིད་ཁོ་ནའི་མཐུ་ཡིན་ནོ།།   བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་པ་དང་། ནཱ་རོ་འགྲེལ་ཆེན་གཉིས་དང་། སློབ་དཔོན་ཆེན་པོ་དཔེ་མེད་འཚོ་དང་། སློབ་དཔོན་ར་ཝི་ཤྲཱིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་མན་ངག་རྩ་འགྲེལ་རྣམས་ལ་ཡང་། ཁོ་བོས་ཞུས་ནས། ཞུ་ཆེན་ཤིན་ཏུ་དག་པར་མཛད་པ་ཡོད་ལ།[15] འགྱུར་སྟན་ཡང་ཁོ་བོ་ལ་གནང་ནས་ཡོད་དོ།།[16]

 

ལྔ་པ།  ཁོང་གི་གསུང་རྩོམ་སྐོར།

ནང་བསྟན་དཔེ་ཚོགས་ལྟེ་གནས་(Buddhist Digital Resource Center)ཞེས་པའི་དཔེ་མཛོད་ཁང་འདིའི་དཀར་ཆག་ཏུ་བཙལ་ན། དཔང་ལོ་དང་འབྲེལ་བའི་ཡིག་ཆ་ཁག་ ༣༨ ཙམ་གྱི་ཐོ་རྙེད་ཅིང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་[17]དུ་འདི་ཉིད་ཀྱིས་གཞི་འགྱུར་མཛད་པའམ་ཁ་སྐོང་གི་འགྱུར་མཛད་པའི་ཁོངས་སུ་བསྟན་བཅོས་བཅོ་བརྒྱད་འཁོད་འདུག   ཁ་སྐོང་མཛད་པའི་ཁོངས་སུ་ས་པཎ་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་འགྱུར་འཕྲོ་ལ་ཁ་སྐོང་བྱས་པའང་འཁོད་དོ།།   འདིའི་འགྱུར་བྱང་རྣམས་སུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་ཆེ་བསྟོད་ཧ་ཅང་ཆེན་པོ་མཛད་ཡོད་ཅིང་། དེ་ཡང་ཐུབ་པའི་དགོངས་པའི་རྒྱན་གྱི་འགྱུར་བྱང་དུ་ “དུས་ཕྱིས་ལུང་དང་རིགས་པའི་དབང་ཕྱུག་སྟག་སྡེ་པ་ཆེན་པོ་སེངྒེ་རྒྱལ་མཚན་གྱིས་བཀའ་དྲིན་དང་། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་སྟོབས་ཀྱིས་མཐའ་ཡས་པའི་ཤེས་བྱའི་ཆོས་ལ་དབང་སྒྱུར་བ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལས་བརྟེན་ནས། ཕྱི་དང་ནང་གི་གཞུང་ལུགས་དུ་མ་རྣམས་ལ་བློའི་སྣང་བ་ཆེར་རྒྱས་པ། ཞུ་ཆེན་གྱི་ལོ་ཙཱ་བ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དགེ་བའི་བཤེས་གཉེན་དོག་ཤིང་དབོན་པོ་དང་། བདེ་བ་ཆོས་ཀྱི་བཟང་པོ་ལ་སོགས་པས། མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། ལེགས་པར་བཅོས་ནས། དག་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། སླར་ཡང་དཔལ་ལྡན་བློ་གྲོས་བརྟན་པ་དེ་ཉིད་ཀྱིས་གཞུངས་འདིའི་སྐབས་སུ། གཞུང་ལུགས་གཞན་གྱི་སྐབས་མཐུན་པ་ཇི་སྙེད་རྙེད་པ་རྣམས་སྦྱར་ཞིང་རྒྱ་དཔེ་དང་གཏུགས་ཏེ་ལེགས་པར་བརྟགས་ཤིང་དཔྱད་ནས་ཞུ་ཆེན་བགྱིས། དོན་ལའང་ལེགས་པར་དཔྱད་པས་ཤིན་ཏུ་དག་པར་བགྱིས་པའོ༎”[18]ཞེས་འབྱུང་བ་ལྟ་བུའོ།།

ཕྲན་གྱིས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་བརྒྱུད་པ་དང་བཅས་པ་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས་སུ་དཔང་ལོའི་སྐོར་གྱི་ཡིག་ཚགས་ལའང་དོ་སྣང་བྱེད་མུས་སུ་ཡོད་ཅིང་།   དེ་ཡང་གཙོ་བོ་རྣམ་ཐར་གྱི་ཡིག་ཆ་ཁག་ཡིན། ཉེ་ཆར་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སམ་ད་ཆ་མིང་བསྒྱུར་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ Buddhist Digital Resource Center ཞེས་འབོད་པའི་དྲ་རྒྱ་ནས་ “དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གསུང་ཕྱོགས་བསྡུས།”[19]ཞེས་འཁོད་པའི་པོད་བདུན་གྱི་བདག་ཉིད་ཅན།  མང་ཆེ་བ་དབུ་མེད་བྲིས་ལེགས་དང་། ནང་དུ་མཚལ་བྲིས་དང་སུམ་རྐང་སོགས་ཅི་རིགས་ཡོད་པ་ཞིག་མཇལ་བྱུང་།  དེ་ནི་ཧ་ལས་པའི་དགའ་སྤྲོ་འཕེལ་བའི་རྒྱུ་རུ་གྱུར་སྟབས་འཕྲལ་དུ་བམ་ཀློག་ཅིག་བྱས་ཤིང་། ཕྱིས་སུའང་བལྟ་བདེའི་སླད་ཕབ་ལེན་ཀྱང་བྱས་པ་ཡིན།  དེས་ན་འདིར་པོད་བདུན་གྱི་སྐོར་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན།  འདིར་འཕྲོས་བཤད་དུ་ཞུ་རྒྱུ་ཞིག་ནི། ལོ་ཆེན་བྱང་ཆུབ་རྩེ་མའི་རྣམ་ཐར་དུ་ཁོང་གིས་དཔང་ལོ་དགོངས་པ་རྫོགས་རྗེས་ “དཔང་ལོའི་བཀའ་འབུམ་”ཕྱོགས་བསྒྲིགས་ཀྱི་དབུ་བཙུགས་སྐོར་ཞིག་ཀྱང་གསལ་ལོ།།

 

པོད་དང་པོར།

  • “ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ཤེས་བྱ་གསལ་བྱེད་བཞུགས།”ཞེས་པའི་དབུ་མེད་བྲིས་མ་ཤོག་གྲངས་ ༣༢༦ ཅན་དེ་ཡིན་ཞིང་། མཇུག་བྱང་དུ་ “ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་བཤད་པ། ཤེས་བྱ་གསལ་བ་ཞེས་བྱ་བ་ལུང་དང་རིགས་པའི་དབང་ཕྱུག་ སྟག་སྡེ་པ་དཔལ་ལྡན་སེང་གེ་རྒྱལ་མཚན་གྱི་ཞབས་ཀྱི་བཀའ་དྲིན་ལས། བློ་གྲོས་ཀྱི་ནུས་པ་གཏས་པས་སྡེ་སྣོད་གསུམ་ལ་བློའི་སྣང་བ་རྒྱས་ཤིང་།  སྒྲ་དང་ཚད་མ་དང་མངོན་བརྗོད་དང་ཚིག་རྒྱན་དང་སྙན་དངགས་དང་སྡེབ་སྦྱོར་དང་སྐར་རྩིས་དང་བསླབ་པ་ལས་སོགས་པ།  མཁས་པའི་ཤེས་བྱ་རྣམས་ལ་མཁས་པར་གྱུར་པ། དཔང་ལོ་ཙ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པ་ཞེས་བྱ་བས་སྦྱར་བ། གང་ཟག་དམ་པ་དག་གི་གདན་ས་དཔལ་འཇིགས་པ་མེད་པ་ སེང་གེའི་གླིང་དུ་ལེགས་པར་གྲུབ་པའོ།།”ཞེས་འབྱུང་།
  • “དམ་པའི་ཆོས་ལ་ཞུས་དག་བྱ་བའི་ཚུལ་དཔང་ལོའི་གསུང་ལས་བྱུང་བ་བཞུགས་སོ།།”ཞེས་པའི་ཤོག་ལྡེབ་ ༢ ཅན་ཞིག་བཅས་བཞུགས།

པོད་གཉིས་པར།

  • “མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་དཔལ་ཕྱག་ན་རྡོ་རྗེས་མཛད་པ་བཞུགས་”ཞེས་པའི་ཤིང་སྤར་ཤོག་གྲངས་ ༨༡ ཅན་ཞིག་བཞུགས་པ་དེ་ནི་ཤོང་བློ་གྲོས་བརྟན་པའི་འགྱུར་ཡིན་པ་འགྱུར་བྱང་དུ་གསལ་པོར་འཁོད་འདུག
  • “དཔང་ལོ་ཙྪ་བ་བློ་གྲོས་བརྟན་པས་རྒྱ་དཔེ་ལ་གཏུགས་ཏེ་བཅོས་པའི་གསང་སྔགས་ཕྱི་ནང་གི་གཟུངས་འབུམ་ཉེ་བར་མཁོ་བ་བཞུགས་སོ།།”ཞེས་པའི་དབུ་ཡིག་ཅན་ལ། ནང་དུ་གཟུངས་རྣམས་སྔགས་ཡིག་ཏུ་བྲིས་ཏེ་དམར་མཆན་གྱིས་འགྱུར་ཡིག་འཁོད་པ་ཤོག་གྲངས་ ༣༠ ཅན་ཞིག་བཞུགས།
  • “བློ་གྲོས་བརྟན་པས་མཛད་པའི་དཔལ་བདེ་མཆོག་འབྱུང་པའི་མངོན་པར་རྟོགས་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བཞུགས་”ཞེས་པའི་དབུ་ཡིག་ཅན་གྱི་དབུ་མེད་བྲིས་མ་ཤོག་ངོས་བཅུ་གཉིས་ཅན་ཞིག་བཞུགས། འདིའི་མཇུག་བྱང་དུ་ཡང་། “བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པའི་སྐད་གཉིས་སྨྲ་བ་བློ་གྲོས་བརྟན་པ་ཅེས་བྱ་བས། སྤྲེའུ་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་ཉི་ཤུ་བདུན་ལ། གྱིན་ཇམ་ཧུའི་གྲོང་ཁྱེར་ཆེན་པོར་བསྡེབས་པའི་ཡི་གེ་བ་ནི་བསོད་ནམས་དཔལ་ཞེས་བྱའོ།།”ཞེས་འབྱུང་ན་འདི་ཡང་ཤོང་བློ་གྲོས་བརྟན་པ་ཡིན་པར་ངེས། འདི་ཉིད་རྒྱ་ཡུལ་དུ་ཕེབས་སྐོར་ཞིག་མཇལ་མྱོང་མོད་ད་ལྟ་དྲན་ཡུལ་ན་མི་འདུག ས་སྐྱའི་ཌི་ཇི་ཊལ་དཔེ་ཚོགས་སུ་བཙལ་བས་ “ཤོང་བློ་བརྟན་གྱིས་རྒྱ་ཡུལ་དུ་དྲག་པོའི་སྦྱིན་སྲེག་མཛད་པའི་ཚེ། ལག་མཐིལ་གྱི་སོར་མོའི་ཕྲེང་བ་དགོས་བྱས་པས་བཙོན་པ་མང་པོའི་ལག་པ་ཤོར་ཞེས་གྲག[20]” ཅེས་འབྱུང་ཞིང་དེ་མཚུངས་ཀྱི་ཡིག་ཆ་གཞན་ཡང་འདིར་གཤམ་མཆན་དུ་དྲངས་ཡོད་ལགས།
  • “ལུང་བསྟན་གསལ་བའི་མེ་ལོང་བཞུགས་”ཞེས་པ་དབུ་ཅན་ཤིང་སྤར་ཤོག་ངོས་དགུ་ཅན་ཞིག་བཞུགས་པ་དེ་ནི་རྗེ་ཙོང་ཁ་པ་ཆེན་པོ་ལུང་བསྟན་པའི་སྐོར་ཕྱོགས་བསྡུས་ཤིག་ཡིན། མཇུག་རྩོམ་དུ་ “ཡར་འབྲོག་དོའི་ནང་དུ་རྔོག་གི་རིགས་ལས་བྱུང་བ་བྷི་ཀྵུ་འདུ་ཤེས་གསུམ་པ་བློ་གྲོས་བརྟན་པ་ཞེས་རྩོམ་པ་པོའི་མཚན་འབྱུང་།
  • “ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་གཞུང་འགྲེལ་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།”ཞེས་པའི་མཚན་བྱང་ཅན་གྱི་དཔེ་ཆ་དེ་ནི་ཤིང་སྤར་ཡིན་ལ། ཤོག་གྲངས་ ༨༧ བཞུགས། འདི་ཡང་རྩོམ་པ་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ཡིན་ཞེས་མཇུག་བྱང་དུ་གསལ།

པོད་གསུམ་པར།

  • “བརྡ་སྤྲོད་པ་ཙནྜ་པའི་འགྲེལ་པ་བཞུགས། སྤང་ལོས་མཛད་པ་”ཞེས་པའི་དབུ་ཡིག་ཅན་དབུ་མེད་བྲིས་མ་ཤོག་གྲངས་ ༡༤༧ ཅན་ཞིག་བཞུགས། དེར་མཇུག་བྱང་མ་འཁོད།
  • “སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་ཞེས་བྱ་བ་བཞུགས་སོ།།”ཞེས་པའི་དབུ་མེད་ཤོག་གྲངས་ ༡༣༣ ཅན་ཞིག་བཞུགས། འདི་ནི་དེང་སང་དཔང་ཊིཀ་ཏུ་གྲགས་པའི་སྙན་འགྲེལ་དེ་རེད།
  • “སྙན་ངགས་མེ་ལོང་གི་བསྡུས་དོན་བཞུགས་”ཞེས་པའི་དཔེ་ཆ་དེ་ནི་སྙན་ངག་མེ་ལོང་གི་ས་བཅད་ཡིན། མཇུག་རྩོམ་དུ་ “དེ་ཡིས་དགེ་བ་དཔྱིད་ཀྱི་ནུས་པ་ལས།། འགྲོ་ཀུན་སེམས་རྒྱུད་ཐར་པའི་ས་བོན་ལ།། ཐོས་བསམ་གོམས་པའི་ཆར་པས་བརླན་པ་ལས།། ཀུན་མཁྱེན་འབྲས་བུ་མྱུར་དུ་གྲུབ་གྱུར་ཅིག། ཅེས་པ་འདི་ནི་མང་དུ་ཐོས་ཤིང་རིགས་པར་སྨྲ་བའི་དགེ་སློང་བློ་གྲོས་བརྟན་པས། ༼དཔང་ལོ་ཙཱ་བ་༽ དཔལ་སྣར་ཐང་གི་གཙུག་ལག་ཁང་ཆེན་པོར། དོན་དུ་གཉེར་བའི་སྡེ་སྣོད་འཛིན་པ་མང་པོའི་གསུང་གིས་བསྐུལ་ཏེ་བྲིས་པའོ།། འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག”ཅེས་འབྱུང་། འདི་ཉིད་ཁ་ཚང་བ་འདིར་བཀོད་ཡོད།tibet22234325
  • “ཚིག་གཏེར་གྱི་རྒྱ་ཆེར་འགྲེལ་པ་དང་བཅས་པ་བཞུགས་སོ།” ཞེས་པའི་མཚན་བྱང་ཅན་དབུ་མེད་བྲིས་མ་རྩ་བའི་ཚིག་མཚལ་ཡིག་ཏུ་བྲིས་པ་ཤོག་གྲངས་ ༦༣ ཅན་ཞིག་བཞུགས། འདིའི་མཇུག་རྩོམ་དུ་ “ཚིག་གཏེར་གྱི་རྒྱ་ཆེར་འགྲེལ་པ་འདི་ནི་བཀའ་བཅུ་འཛིན་པ་དགེ་བའི་བཤེས་གཉེན་དོན་གྲུབ་དཔལ་བཟང་། གྲགས་པ་སེང་གེ  སྒྲ་པ་ཨ་མོ་གྷ་ལ་སོགས་པ་དུ་མས་ལེགས་པར་གསོལ་ཞིང་།  སྙན་ངག་པ་བློ་གྲོས་དབང་ཕྱུག་གི་ཡང་ཡང་གསོལ་བ་བཏབ་པའི་ངོར།  བློ་གྲོས་བརྟན་པ་བཞི་པས་སྦྱར་བའོ།།”ཞེས་འབྱུང་ལ། དེས་ན་འདི་བློ་གྲོས་བརྟན་པ་བཞི་པའམ་སྙེ་ཐང་ལོ་ཙ་བ་བློ་གྲོས་བརྟན་པ་ཡིན་ལ།  འདི་ཉིད་ ༢༠༠༣ ལོར་“དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་བཞི་པ་”[21]ཞེས་པའི་ཁོངས་སུ་པར་སྐྲུན་ཀྱང་བྱས་འདུག
  • “དཔང་ལོ་ཆེན་པོས་མཛད་པའི་ཚོགས་གསུམ་གསལ་བ་བཞུགས་སོ།།” ཞེས་པའི་མཚན་བྱང་ཅན་དེ་ནི་ཤིང་སྤར་དུ་བཏབ་པ་ཞིག་ཡིན་ལ། ཤོག་ངོས་ ༡༧ བཞུགས། འདི་ནི་དཔང་ལོའི་ཚོགས་གསུམ་གསལ་བ་ཞེས་གྲགས་པའི་བསྟན་བཅོས་དེ་ཡིན།
  • “དཔང་ལོ་ཙཱ་བ་ཆེན་པོས་མཛད་པའི་བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ་རང་འགྲེལ་བརྡ་སྤྲོད་སྙིང་པོ་ཆེས་ཆེར་གསལ་བ་དང་བཅས་པ་བཞུགས།”ཞེས་པའི་མཚན་བྱང་ཅན་འདི་ཡང་ཤིང་སྤར་དུ་བཏབ་པ་ཞིག་ཡིན། རྩ་འགྲེལ་བསྡོམས་ཤོག་གྲངས་ ༧ བཞུགས།  ནང་དོན་ནི་ལེགས་སྦྱར་གྱི་བརྡ་སྤྲོད་དང་ཡིག་སྒྱུར་ལ་འབྲེལ་བ་ཡོད་པ་ཞིག་རེད།  མཇུག་བྱང་དུ་ “ལྔ་བརྒྱ་པའི་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་དཔལ་ལྡན་བློ་གྲོས་བརྟན་པ་ལ་ཨཱ་ནནྡ་བཛྲ་ཞེས་པ་དང་བཛྲ་གརྦྷ་ཞེས་པས་བསྐུལ་ཏེ། ས་མོ་ཡོས་བུའི་ལོ་དབྱར་ཟླ་ར་བ་ལ་ལྷ་ས་གུང་ཐང་གི་གཙུག་ལག་ཁང་དུ་བྲིས་སོ།།” ཞེས་འབྱུང་ཞིང་ལོ་དེ་དཔང་ལོའི་སྐུ་ཚེ་དང་བསྒྲིགས་སྐབས་ཕྱི་ལོ་ ༡༣༣༩ ལོར་འཁེལ་འདུག འཕྲལ་དུ་སློབ་མ་དེ་དག་སུ་ཡིན་བརྩད་གཅོད་དུ་ཞུགས་ཀྱང་འབྲས་བུ་མ་སོན་པས་རེ་ཞིག་བཞག་མོད་འདི་ནི་དཔང་ལོ་རང་གི་གསུང་ཡིན་པ་གོར་མ་ཆག་ལ།  ༡༩༤༤ ལོར་ལྷ་སའི་ཞོལ་པར་ཁང་དུ་འདི་ཉིད་ཤིང་སྤར་དུ་བཀོད་ལུགས་ཀྱང་མཇལ་བྱུང་།

པོད་བཞི་པར།

  • “ཀ་ལ་པའི་མདོ་”དབུ་མེད་བྲིས་མ་ཤོག་གྲངས་ ༢༦ ཅན་བཞུགས་ཤིང་། དེའི་འགྱུར་བྱང་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་འགྱུར་བྱང་དང་བསྡུར་ན་ཚིགས་སུ་བཅད་པ་ལྔ་ལས་མེད་ཅིང་། བསྟན་འགྱུར་ཁྲོད་དུ་འགྱུར་བྱང་ལ་ཚིགས་སུ་བཅད་པ་བཅུ་ཡོད་དོ།། འདིར་ཆད་པ་ནི་ཤོང་སྟོན་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསྒྱུར་པ་ཡིན་སོགས་ཆད་པའོ།།
  • “བརྡ་སྤྲོད་པའི་བསྟན་བཅོས་ཀ་ལཱ་པའི་འགྲེལ་བཤད་ཆེན་མོ་ལས་མཚམས་སྦྱོར་གྱི་ཊིཀྐ་བཞུགས་སོ།།” ཞེས་པ་དེ་ནི་དབུ་མེད་བྲིས་མ་ཤོག་གྲངས་ ༤༠ ཅན། མཇུག་ཏུ་སུམ་རྐང་གི་སྡེབ་སྦྱོར་ཡོད་པ་ཞིག་བཞུགས། འདིའི་ཡང་མཇུག་རྩོམ་དུ། “བརྡ་སྤྲོད་པའི་སྙིང་པོ་ཀ་ལཱ་པའི་མདོ་ཡི་བཤད་པ་ལས། མཚམས་སྦྱོར་གྱི་མདོ། རྐང་པ་དྲུག་པའི་བཤད་པ་རྫོགས་སོ།། མཚམས་སྦྱོར་ཇི་སྙེད་པའི་འགྲེལ་པ། དཔལ་ལྡན་བློ་གྲོས་བརྟན་པ་བཞི་པས་སྦྱར་པའོ།། ཡི་གེ་པ་ནི་བློ་གྲོས་རབ་གསལ་བ་ངག་དབང་ལོ་ཙྪ་བ་བློ་གྲོས་དབང་ཕྱུག་གིས་བགྱིས་པའོ།།” ཞེས་འབྱུང་བས་འདི་ཡང་སྙེ་ཐང་བློ་གྲོས་བརྟན་པ་ཡིན་ནོ།།
  • “མིང་ལེ་དང་པོའི་འགྲེལ་བཤད་བཞུགས་སོ་”ཞེས་པའི་མཚན་བྱང་ཅན་དེར་ཤོག་གྲངས་ ༧༠ ། “མིང་ལེ་གཉིས་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༡༢༦  “མིང་ལེ་གསུམ་པའི་འགྲེལ་བཤད་བཞུགས”ཞེས་པ་ལ་ཤོག་གྲངས་ ༡༥༢ བཅས་བཞུགས་ཤིང་།  འདི་དག་ཀྱང་མཇུག་བྱང་དུ་ “དཔལ་ལྡན་བློ་གྲོས་བརྟན་པ་བཞི་པས་སྦྱར་བའོ།།”ཞེས་འཁོད་འདུག  མིང་ལེ་དང་པོ་རྫོགས་མཚམས་སུ་མཆན་ཡིག་གི་ཚུལ་དུ་ “ང་རབ་འབྱམས་པ་ཀརྨ་ལྷུན་གྲུབ་ཀྱི་དང་པོར་སྒྲ་བསླབ། ཤེས་རྗེས་སུ་བྲིས་པ་ལ་དཀའ་བ་འདི་འདྲ་བྱེད་པ་ཁམ་པ་གླེན་པ་ཚོ་ལ་[ཚ་ལོ་]ཟེར་ས་མེད་དེ།  རྣམ་མཁྱེན་ཐོབ་པའི་རྒྱུར་བསྔོ་ས་ཨོང་།།”ཞེས་ཡིག་འབྲི་བའི་མཚན་འཁོད་འདུག

པོད་ལྔ་པར།

  • “མིང་ལེ་བཞི་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ཤོག་གྲངས་ ༡༢༨ དང་། “མིང་ལེ་ལྔ་པའི་འགྲེལ་བཤད་བཞུགས་སོ་” ཞེས་པ་ལ་ཤོག་གྲངས་ ༧༡ “མིང་ལེ་དྲུག་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༩༧ བཅས་བཞུགས་ཤིང་།  འདི་དག་གི་རྩོམ་པ་པོ་ནི་བློ་བརྟན་བཞི་པ་ཡིན་པ་གསལ་འདུག
  • “ཚིག་གཏེར་གྱི་རྒྱ་ཆེར་འགྲེལ་པ་འགྲོ་བའི་གདུང་བ་རབ་ཞི་ཞེས་བྱ་བ་བཞུགས་སོ།།”ཞེས་པའི་དབུ་ཡིག་ཅན་དེ་ནི་གོང་དུ་པོད་གསུམ་པའི་ཁོངས་སུ་འཁོད་ཟིན་པའི་ “ཚིག་གཏེར་གྱི་རྒྱ་ཆེར་འགྲེལ་པ་དང་བཅས་པ་བཞུགས་སོ།”ཞེས་པ་དེའི་བྲིས་མ་གཞན་ཞིག་རེད་འདུག

པོད་དྲུག་པར།

  • “ཀུན་བཤད་དང་པོའི་འགྲེལ་བཤད་བཞུགས་སོ་”ཞེས་པའི་མཚན་བྱང་ཅན་གྱི་དབུ་མེད་བྲིས་ལེགས་ཤོག་གྲངས་ ༨༤ “ཀུན་བཤད་གཉིས་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༡༤༤ “ཀུན་བཤད་གསུམ་པའི་འགྲེལ་བཤད་བཞུགས་སོ་”ཞེས་པའི་ཤོག་གྲངས་ ༡༩༨ བར། བཅས་བཞུགས། འདི་ཡང་བློ་བརྟན་བཞི་པས་སྦྱར་པ་མཇུག་བྱང་དུ་གསལ།

པོད་བདུན་པར།

  • “ཀུན་བཤད་ལྔ་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༨༧ དང་།  “ཀུན་བཤད་དྲུག་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་  ༡༣༦།  “ཀུན་བཤད་བདུན་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༥༤།  “ཀུན་བཤད་བརྒྱད་པའི་འགྲེལ་བཤད་བཞུགས་སོ་”ཞེས་པ་ལ་ཤོག་གྲངས་ ༥༢ བཅས་བཞུགས། འདི་ཡང་བློ་བརྟན་བཞི་པས་སྦྱར་པ་མཇུག་བྱང་དུ་གསལ།

དེ་ལྟར་འདིར་བྱུང་བའི་བསྟན་བཅོས་རྣམས་རྩོམ་པ་བཞི་ཙམ་གྱི་ཡིན་ཞིང་།  དེའི་གྲས་ཀྱི་གསུམ་ནི་བློ་གྲོས་བརྟན་པ་གཉིས་པ་དང་གསུམ་པ། བཞི་པ་བཅས་ཡིན་ཞིང་།  བཞི་པའི་གསུང་མང་དུ་བསྡུས་འདུག་གོ།   དེས་ན་དཔང་བློ་གྲོས་བརྟན་པའི་གསུང་ཡིན་ངེས་པ་ནི་གཤམ་གསལ་གྱི་ཆོས་ཚན་དགུར་འདུས་སོ།།

  1. ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ཤེས་བྱ་གསལ་བྱེད།
  2. དམ་པའི་ཆོས་ལ་ཞུས་དག་བྱ་བའི་ཚུལ་དཔང་ལོའི་གསུང་ལས་བྱུང་བ།
  3. དཔང་ལོ་ཙྪ་བ་བློ་གྲོས་བརྟན་པས་རྒྱ་དཔེ་ལ་གཏུགས་ཏེ་བཅོས་པའི་གསང་སྔགས་ཕྱི་ནང་གི་གཟུངས་འབུམ་ཉེ་བར་མཁོ་བ།
  4. བརྡ་སྤྲོད་པ་ཙནྜ་པའི་འགྲེལ་པ་བཞུགས། སྤང་ལོས་མཛད་པ།
  5. སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་ཞེས་བྱ་བ་བཞུགས་སོ།།
  6. སྙན་ངགས་མེ་ལོང་གི་བསྡུས་དོན་བཞུགས།
  7. དཔང་ལོ་ཆེན་པོས་མཛད་པའི་ཚོགས་གསུམ་གསལ་བ་བཞུགས་སོ།
  8. དཔང་ལོ་ཙཱ་བ་ཆེན་པོས་མཛད་པའི་བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ་རང་འགྲེལ་བརྡ་སྤྲོད་སྙིང་པོ་ཆེས་ཆེར་གསལ་བ་དང་བཅས་པ་བཞུགས།
  9. ཀ་ལ་པའི་མདོ།

 

དྲུག་པ།  བློ་གྲོས་བརྟན་པ་བཞི་པའི་སྐོར་གྱི་མཆན་ཐུང་།

བློ་གྲོས་བརྟན་པ་བཞི་པའི་རྣམ་ཐར་བཙལ་ནས་མ་རྙེད་མོད།  གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་(1428-1507)གྱི་གསུང་དུ་ “བོ་དོང་པཎ་ཆེན་བློ་བརྟན་བཞི་པ་ལ་བསྟོད་པ་”[22]ཞེས་པ་ཞིག་བཞུགས་པ་དེ་འདིའི་མཆན་དུ་དྲངས་ཡོད་ཅིང་།  དེ་ལྟར་ན་དཔང་ལོའི་སློབ་མ་ལོ་ཆེན་བྱང་ཆུབ་རྩེ་མོས་ཁོང་ལ་བློ་གྲོས་བརྟན་པ་ཞེས་མཚན་གསོལ་བ་དང་། དཔང་བློ་གྲོས་བརྟན་པའི་སྤྲུལ་སྐུ་ཡིན་ཚུལ་ཀྱང་ཚིག་ཟུར་ནས་ཐོན་འདུག   གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་དུ། ཁོང་ཕྱི་ལོ་ ༡༤༤༧ ལོར་ “སྙེ་ཐང་ཆོས་རྫོང་དུ་པཎ་ཆེན་བློ་བརྟན་བཞི་པའི་སྤྱན་སྔར་ཕེབས་ནས། སཾསྐྲྀཏའི་སྐད་སྦྱོར་སྒྲ་སྒྱུར་བམ་པོ་གཉིས་པ་དང༌། ཐོན་མིའི་གསུམ་རྟགས་གཉིས། སྨྲ་སྒོ། དཔང་ལོའི་སྔགས་ཀློག་སོགས་དང༌། སྔགས་རྙིང་མའི་ལམ་རིམ་བཻ་རོ་ཙཱ་ནའི་བསྒོམ་ཁོག་ཏུ་གྲགས་པ། སྡོམ་གསུམ་རབ་དབྱེ་ལྷ་བཙུན་བསམ་ཡས་པའི་རྣམ་བཤད་སྟེང་ནས་བསྐྱར་ཆོས་ཞུས་ཤིང་། དེ་གོང་རང་རེས་རྗེ་དོན་ཡོད་དཔལ་བ་ལ། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པའི་ཊཱི་ཀའི་སྟེང་ནས་ཚར་གཅིག་སོང་བས་དེ་དུས་སྐྱོར་བའི་འཇུག་པ་བདེ་བ་དང༌། ངེད་གསང་ཕུའི་དབྱར་ཆོས་ལ་འགྲོ་ཐུག་ཞལ་སློབ་མང་བར་གནང་བ་དག་ཆགས་ཐོགས་མེད་པར་བསྐྱར་བས། པཎ་ཆེན་བློ་བརྟན་པ་ལྷག་པར་དགེས་ནས། དུས་ཕྱིས་གྲགས་པ་ཆེ་ལོང་རང་ཞིག་ཡོང་གིན་འདུག་ཀྱང༌། གནས་སྒོ་སློབ་དཔོན་པ་ཁྱེད་གྲགས་པ་དོན་ལྡན་རང་དུ་འདུག་པས། གསང་ཕུའི་དབྱར་ཆོས་གྲོལ་འཕྲལ་འདི་ནས་ཆིབས་རྫོང་བས་ཅིས་ཀྱང་བྱོན་མཛོད། ངེད་ཀྱི་རིག་གནས་ཀྱི་ཤེས་བྱ་འདིའི་བདག་པོ་ཁྱེད་ལ་འཆོལ་བ་ཡིན། ངེད་རང་ཁ་རྒས་མིག་ཀྱང་རབ་རིབ་ཀྱིས་ཁེབས། ལག་ཀྱང་འདར་བས་ས་རིས་སོགས་འབྲི་དཀའ་བ་ཡོད་ནའང༌། སྔོན་འཇམ་དབྱངས་རལ་གྲི་བའི་དྲུང་དུ་ཀ་ལཱ་པའི་ས་རིས་གཞུང་བཅས་འདི་ཁྱིས་བདས་ཀྱང་བློ་ལ་ཐོན་པ་ཙམ་འབད་པའི་ནུས་པས། ད་ལྟ་ན་ཚོད་ཀྱིས་གཏུགས་ཀྱང་གཞུང་ལ་དཔེ་ལྟ་སོགས་གཏན་ནས་དགོས་པ་མེད་ཅིང༌། ས་རིས་མཛུབ་ཁྲིད་ངེད་རང་གི་རྩ་ན་ཡོད་པའི་སྒྲ་པ་འདིས་ཀྱང་བརྡ་སྦྱོར་ཡོང་བ་ཡོད་པས་ཁོས་ཞབས་ཏོག་སྒྲུབ་པ་ཡིན་གསུང་བའི་བཀའ་སྩལ་བཟང་པོ་འབད་མེད་གནང་ངོ༌། །”[23]ཞེས་ཁོང་གིས་བློ་བརྟན་བཞི་པ་ལས་ཆོས་གསན་ཚུལ་གསལ་ན། ཡིག་ཆ་འདི་འདྲ་ལ་བརྟེན་ནས་བློ་བརྟན་བཞི་པའི་འཁྲུངས་འདས་ཀྱི་དུས་བསྒྲིགས་པར་འཚལ་ལོ།།

བདུན་པ།  སྒྲ་པ་ནམ་བཟང་དང་རྗེ་རིན་པོ་ཆེའི་སྐོར་གྱི་མཆན་ཐུང་།

དཔང་ལོ་ཙ་བ་བློ་གྲོས་བརྟན་པའི་སློབ་མའི་ཁྲོད་ཀྱི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་ས་བཟང་མ་ཏི་པཎ་ཆེན། ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་རྗེ་རིན་པོ་ཆེའི་བླ་མའི་ཁོངས་སུ་བཞུགས་ཤིང་། དེ་དག་ལས་ཆོས་བཀའ་ཅི་གསན་གྱི་རིགས་ནི་འདིར་ཞུ་རྒྱུ་མིན།  སྙན་ངག་གི་སྐོར་ལ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྣམ་ཐར་ལས། “འོལ་ཁ་ལ་སོགས་པར་བོ་དོང་པ་སྒྲ་པ་ནམ་བཟང་ལ་ཀ་ལཱ་པ་དང་།  ཙནྡྲ་པ་ལ་སོགས་པ་གསན་ནས་མཁས་པར་མཁྱེན་ཀྱང་ཞལ་གྱིས་མི་བཞེས་སོ།། དེ་ཡང་དེ་ཉིད་ལ་མེ་ལོང་མ་ལ་སོགས་པ་སྙན་ངག་གི་གཞུང་ལུགས་རྣམས་གསན་ནས་ཐུགས་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མའི་བསྟོད་པ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། ཅེས་སོགས་མཛད་པས། རྒྱན་གྱི་ཉམས་འཆར་ཞེས་གྲགས་སོ།།” [24]ཞེས་འབྱུང་། དེ་ལྟར་ན་རྗེ་རིན་པོ་ཆེའི་སྙན་ངག་གི་ཁྲིད་རྒྱུན་ནི་ཤོང་སྐུ་མཆེད་ནས་ལོ་མཆོག་པ་དང་། དེ་ནས་དཔང་ལོ་དང་དེས་ལོ་ཆེན་བྱང་རྩེ། དེས་སྒྲ་པ་ནམ་བཟང་། དེས་རྗེ་ཉིད་ལ་གནང་བའི་བརྒྱུད་པ་ཞིག་འདེད་དུ་ཡོད་པ་འདྲ་མོད། འདི་ཙམ་གྱིས་འཐུས་པར་བྱེད་དོ།།

རེ་ཞིག་རྫོགས་སོ།། ༢༠༡༧ ལོའི་ཟླ་ ༥ ཚེས་ ༢༡ ཉིན་རེག་ཟིག་འདི་གྲུབ།. གཤམ་མཆན་དུ་བཀོད་པ་རྣམས་ལ་གཟིགས་རྒྱུ་ཐུགས་ལ་འཛིན་འཚལ།

འདི་ནི་རྩོམ་རིག་གླེང་ངམ་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་འདིའི་སྐོར་གྱི་གཏམ་བརྗོད་ཅིག་བྱེད་རྒྱུའི་ས་བོན་དུ་རེག་ཟིག་ཏུ་བཏབ་པ་ཡིན་ནོ།།  བཀྲ་ཤིས་པར་གྱུར་ཅིག། །།

 

=========================================

[1] རང་གིས་གང་ཞིག་ཇི་ལྟར་ཤེས་པའི་ཁུངས་འཆད་པ་ནི་ཐམས་ཅད་མཁྱེན་པ་མིན་པའི་སྐྱེ་བོ་ཡོངས་ཀྱི་ཡ་རབས་ཀྱི་གཤིས་ཤིག་ཡིན་པ་དང་། དེ་ཡང་གཞན་གྱིས་དེ་ལྟར་མཁྱེན་པའི་ཚུལ་ལ་རྗེས་སུ་ཡི་རངས་པ་དང་། རང་ཉིད་ཀྱང་དེ་དག་གི་རྗེས་སུ་ཞུགས་པར་འབད་པའི་ཚུལ་ཞིག་རེད།  དེ་ལྟར་འདིར་ཡང་། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱ་ www.tbrc.org འདི་བརྒྱུད་ནས་དཔྱད་གཞིའི་ཡིག་ཆ་འབོར་ཆེ་བ་དེ་ཐོབ་ཅིང་།  དཔེ་མཛོད་ཁང་འདིས་དེང་རབས་ཀྱི་བོད་ཀྱི་ཞིབ་འཇུག་ལ་བཞག་པའི་མཛད་རྗེས་ལ་གུས་ཤིང་ཡི་རངས་ཆེན་པོ་དང་བཅས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།  དེ་བཞིན་མཁན་པོ་བེ་རི་རིག་པའི་རྡོ་རྗེ་ལགས་ཀྱིས་བསྐྲུན་པའི་ནང་བསྟན་རིག་མཛོད་ཆེན་མོ་(http://www.rigzod.org)དང་། ས་སྐྱ་ཌི་ཇི་ཊལ་དཔེ་ཚོགས་(http://sakyalibrary.com/)གཉིས་ནས་ཀྱང་འདིར་མཁོ་བའི་ཡིག་ཆ་རག་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ།

[2] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཤོག་གྲངས་ ༡༢༧༦ ནས་ ༡༢༧༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ པེ་ཅིན།

[3] ནོར་བྲང་ཨོ་རྒྱན།  ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་གཅེས་བཏུས།  ཤོག་གྲངས་ ༦༡༠ ནས་ ༦༡༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ པེ་ཅིན།

[4] ཀོ་ཤུལ་གྲགས་པ་འབྱུང་གནས་དང་། རྒྱལ་བ་བློ་བཟང་མཁས་གྲུབ།   གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད།  ཤོག་གྲངས་ ༢༩༣ ནས་ ༢༩༥ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢

[5] ཤེལ་དཀར་བ་ངག་དབང་སྐལ་ལྡན་རྒྱ་མཚོ།  ཤེལ་དཀར་ཆོས་འབྱུང་། ཤོག་གྲངས་ ༧༩ ནས་ ༩༡ བར། བོད་ཀྱི་དཔེ་མཛོད་ཁང་།  ༢༠༡༢  ༼དཔེ་ཆ་འདི་བཞིན་ནས་བོད་ནས་ཀྱང་ལན་ཁ་ཡར་ལ་དཔར་སྐྲུན་བྱས་འདུག༽

[6] འགོས་ལོ་གཞོན་ནུ་དཔལ།  དེབ་ཐེར་སྔོན་པོ། སྨད་ཆ། ཤོག་གྲངས་ ༩༢༠ ནས་ ༩༢༤ གཟིགས།

[7] བེ་རི་རིག་པའི་རྡོ་རྗེས་ ༢༠༡༣ ལོར་འཕྲུལ་དེབ་ཏུ་ཕབ་པ།

[8] http://www.rigzod.org

[9] འཇིགས་མེད་འབངས། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་བཞུགས་སོ།། ཤོག་གྲངས་ ༡༨ ནས་ ༡༩ བར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༠  [བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཡུམ་ནི་] “རྣལ་འབྱོར་གྱི་དབང་ཕྱུག་ལོ་ཆེན་བྱང་ཆུབ་རྩེ་མོའི་གཅུང་གི་སྲས་མོ།  བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ལྕམ་མོ།[སྲིང་མོ།] རང་བཞིན་གྱི་རྣལ་འབྱོར་མ་་་་བྱང་ཆུབ་སྒྲོན་ཞེས་པ་སྟེ་” ཞེས་དང་། ཡང་། “དཔལ་ལྡན་བྱང་ཆུབ་རྩེ་མོའི་རུས་ལས་ཡང་དག་པར་བྱོན་པའི་དབོན་པོ། གང་གི་གསུང་ལས་སྐྱེས་པ་ཆོས་ཀྱི་རྒྱལ་པོ་ལོ་ཆེན་གྲགས་པ་རྒྱལ་མཚན་” ཞེས་འབྱུང་།   ཡང་། དུང་དཀར་ཚིག་མཛོད་དུའང་འདི་སྐོར་ལོ་ཆེན་བྱང་རྩེའི་རྣམ་ཐར་སྐབས་འཁོད་འདུག   ཡང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892)ཀྱང་ལོ་ཆེན་འདི་དཔང་ལོའི་དབོན་པོ་ཡིན་པར་བཤད།  ཤོག་གྲངས་ ༡༤༤ གངས་ཅན་བོད་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པད་མའི་དགའ་ཚལ།  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་དྲུག་པ།  ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ལྷན་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩

[10] གཙང་ཕྲུག་སྟོབས་ལགས་ཀྱིས་ས་ཆ་འདི་ནི་ “ངམ་རིང་རྫོང་ཆུ་འོག་ཤང་བུ་ཁང་གྲོང་ཚོའི་བྱང་ངོས་མདོག་ཆུ་གཙང་པོའི་ཆུ་ངོགས་ལ་ཡོད་རེད།  ཆུ་བྱང་ངོས་ཀྱི་རི་འདབས་སུ་ཞི་དགོན་ཞེས་བུདྷ་ཤྲིའི་དགོན་པ་ཡོད་རེད།”  ཅེས་ངོས་འཛིན་གནང་བྱུང་།

[11] སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་བཻཌཱུ་རྱ་སེར་པོ་ལས་དགེ་བསྟན་གཙང་ཕྱོགས་སུ་དར་ཚུལ་བཤད་སྐབས་ “མང་མཁར་ཆོས་སྡིངས་”དང་ “མང་མཁར་ཆ་ལུང་”ཞེས་པའི་དགོན་པ་གཉིས་ཀྱི་མིང་གསལ། ཤོག་གྲངས་ ༢༦༨ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ པེ་ཅིན།  དེ་བཞིན་ས་ཆ་འདིའི་སྐོར་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དབུས་གཙང་གནས་ཡིག་ནའང་འཁོད་འདུག  གཙང་ཕྲུག་སྟོབས་ལགས་ཀྱིས་འདི་ནི་ད་ལྟའི་ལྷ་རྩེའི་ཁོངས་སུ་ཡོད་ཅིང་དེང་སང་མང་དཀར་ཞེས་འབོད་ཅེས་གསལ་བཤད་གནང་བྱུང་།

[12] འགྱུར་བྱང་དུ།   “ཀ་ལཱ་པའི་མདོ་རྫོགས་སོ།། །།ཚུལ་འདི་དཔལ་ལྡན་ས་སྐྱ་རུ། །བློ་གྲོས་བརྟན་པ་གསུམ་པ་ཡིས། དུར་ག་སིང་ཧའི་འགྲེལ་པ་ལ། བརྟེན་ནས་སྒྲ་དོན་ཇི་བཞིན་བསྒྱུར། །འདི་ན་ཕྱོགས་ཀྱང་མ་མཐོང་བར། །མུན་སྤྲུལ་བསྒྱུར་དང་འཆད་བྱེད་པ། དེ་དང་སྐྱེ་བོ་གཞན་གྱིས་ཀྱང༌། འདི་དོན་མྱུར་དུ་རྟོགས་གྱུར་ཅིག །བློ་གྲོས་བཞིན་རས་ཡངས་པ་ལ། །སྒྲ་དང་ཚད་མའི་མིག་གཉིས་གསལ། །མང་དུ་ཐོས་པའི་རྣ་བ་ཅན། ། དབྱིག་གཉེན་སོགས་ཀྱི་ཞལ་སྐྱིན་བཞིན།  །འོན་ཀྱང་དེང་དུས་གངས་ཅན་འདིར། །ཁྱོན་པའི་རུས་སྦལ་རང་གནས་བཞིན། །བློ་ཆུང་རང་གི་བློ་ནུས་ཀྱིས། །ཆེར་ངོམས་རྣམས་ཀྱིས་བརྙས་པའི་གནས། །སྐད་གཉིས་སྨྲ་བའི་གཙུག་གི་ནོར་བུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི། །ལེགས་བཤད་ལྡེ་མིག་མཆོག་གིས་ལེགས་སྦྱར་རིན་ཆེན་གཏེར་གྱི་ཁ་ཕྱེ་ནས། །སྣ་ཚོགས་གཞུང་ལུགས་ལེགས་པར་རྟོགས་པའི་འབྱོར་བར་དབང་བྱེད་འདི་ཙམ་ཞིག །དུས་འདིར་དཔལ་ལྡན་བློ་གྲོས་བརྟན་པའི་ཡིད་ཀྱི་ངལ་སོའི་གནས་སུ་གྱུར། ། རང་གི་རྟོགས་པ་འཕེལ་དང་དེ་འདྲ་དོན་གཉེར་བ། །བློ་ལྡན་གཞན་ལ་ཕན་ཕྱིར་བསྒྱུར་བར་རྩོམ་པ་ན། །གཞུང་ལུགས་ནགས་སུ་རྣམས་དག་བློ་ཡིས་རོལ་བྱེད་པ། །དཔལ་ལྡན་སྨྲ་བའི་སེང་གེས་བསྐུལ་བ་རྫོགས་བར་བསྒྲུབས། དེང་སང་བསྟན་པ་ཉམས་དམས་པས། །འདི་ལྟའི་ཚུལ་ལ་མཐུན་བསྒྲུབ་དང༌། །འཇུག་པ་ཤིན་ཏུ་ཉུང་མོད་ཀྱི། །ཤེས་ན་མཁས་པའི་གོ་འཕང་འཐོབ། །འདི་ན་མཁས་པར་བྱ་འདོད་ཅིང༌། །གང་ཞིག་ཤེས་ན་མཁས་འགྱུར་བ། །འདི་དང་འདི་འདྲའི་གཞུང་མི་སློབ། །དེ་རྣམས་བློ་ནི་བེམ་པོའམ་ཅི། །འཕགས་བློ་མ་ཐོབ་བློ་གྲོས་སྐྱོན། །མཉན་པ་མ་གྲུབ་སྐལ་བའི་སྐྱོན། །ཡང་ཡང་མ་བལྟས་བརྩོན་འགྲུས་སྐྱོན། །དེས་སྐྱོན་ལྡན་ན་མཁས་བཟོད་མཛོད། །འདིར་འབད་དགེ་བས་འགྲོ་བ་ཀུན། །རང་རང་སྐད་ལས་གསུང་རབ་དོན། །བརྗོད་མེད་དེ་ཉིད་རབ་རྟོགས་ནས། །ངག་གི་དབང་ཕྱུག་ཉིད་གྱུར་ཅིག །འགྲོ་བ་ཀུན་ལ་ཕན་པར་གྱུར་ཅིག། །།”

[13] བློ་བཟང་ཆོས་འབྱོར། བོད་ཀྱི་དགོན་སྡེ་ཁག་གཅིག་གི་ངོ་སྤྲོད་མདོར་བསྡུས། ཤོག་གྲངས་ ༡༠༤ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ “བོ་དོང་ཨེ་དགོན་པ།    བོད་ཀྱི་ལོ་རྒྱུས་ཅུང་སྔ་བར་བྱུང་བའི་བོ་དོང་ཨེ་དགོན་པ་ནི་རབ་བྱུང་དངཔོའི་ས་གླང་སྤྱི་ལོ་ ༡༠༤༩ ལོར་དགེ་བཤེས་མུ་ཏྲ་བ་ཆེན་པོས་ཕྱག་བཏབ་པའི་དགོན་པ་འདི་ནི་དུས་ཕྱིས་སུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་(༡༢༧༦ད་༡༢༤༢)སོགས་ཀྱི་འཆད་ཉན་མཛད་མྱོང་བ་དང་རྗེ་ཙོང་ཁ་པ་ཆེན་པོས་ཀྱང་བོ་དོང་ཨེ་དགོན་པར་ལོ་ཙཱ་བ་ནམ་མཁའ་བཟང་པོ་ལ་〈སྙན་ངག་མེ་ལོང་〉གི་བཤད་པ་ཡང་གསན་མྱོང་བ་ཡིན། བོ་དོང་ཨེ་དགོན་པ་ནི་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་གཡུ་ཐོག་ཅེས་པའི་ས་ཡུལ་འདི་རང་ཡིན་པ་ནི་ཀ་ཐོག་སི་ཏུའི་གནས་ཡིག་ཏུ་གསལ་བཤད་གང་ལེགས་གནང་འདུག”

[14] ཤེལ་དཀར་བ་ངག་དབང་སྐལ་ལྡན་རྒྱ་མཚོ།  ཤེལ་དཀར་ཆོས་འབྱུང་། ཤོག་གྲངས་ ༨༩ ། བོད་ཀྱི་དཔེ་མཛོད་ཁང་།  ༢༠༡༢

[15]སྡེ་དགེ་བསྟན་འགྱུར། རྒྱུད། པ་ ཤོག་གྲངས་ ༣༠༣ ན་ ༡ ནས་ “དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པར་རྒྱུད་སྣ་ཚོགས་པ་རྣམས་ཀྱི་རྣལ་འབྱོར་ཡན་ལག་དྲུག་རྫོགས་སོ། །འདི་ནི་མཁས་པ་དཔེ་མེད་པས་གསུངས་པའི་ཞབས་ཀྱིས་མཛད་པའོ། །ལ་སྟོད་དིང་རིའི་གླང་འཁོར་མཁན་པ་ཁྲོད་དུ་རྒྱ་གར་ཤར་ཕྱོགས་ཛ་གད་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷུ་ཏི་ཙནྡྲ་དང་། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བའོ། །སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ་བསོད་སྙོམས་པ་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་ལྷག་པར་མོས་ཤིང་བློ་གྲོས་ཀྱི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་བཟང་པོའི་བཀས་བསྐུལ་ཏེ། སྒྲ་དོན་ཇི་ལྟ་བ་བཞིན་དུ་བསྒྱུར་ཞིང་ཞུ་ཆེན་གྲུབ་པའོ༎  འདིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག།”  ཡང་སྡེ་དགེ་བསྟན་འགྱུར། རྒྱུད། པ་  ཤོག་གྲངས་ ༣༢༨ ན་ ༤  “མཁས་པ་ཆེན་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱི་འགེངས་པ་ཞེས་བྱ་བ་རྫོགས་སོ། ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བའོ༎ འདིའི་གཞུང་གི་ཚད་ནི་ཕྱེད་དང་བཅས་པའི་བརྒྱ་ཕྲག་དྲུག་གོ།  སླར་ཡང་ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་དུས་ཀྱི་འཁོར་ལོའི་ཚུལ་ལ་མོས་ཤིང་བློའི་སྣང་བ་ཆེར་རྒྱས་པའི་སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་བཟང་པོའི་བཀའ་བསྐུལ་ཏེ་བསྒྱུར་ཅིང་ཞུས་ཆེན་གྲུབ་པའོ༎ པཎ་ཆེན་རྣལ་འབྱོར་ཟླ་བའི་རང་འགྱུར་ལ༎  ཕྱེད་ཙམ་མ་བསྒྱུར་འོལ་ཕྱིར་མཛད་པ་ལས༎ བློ་གྲོས་བརྟན་པས་སྒྲ་དོན་ཇི་བཞིན་བསྒྱུར༎ དགེ་དེས་འགྲོ་ཀུན་མཁྱེན་མྱུར་ཐོབ་ཤོག། འདིས་འགྲོ་བ་ཤིན་ཏུ་མང་པོ་ལ་ཕན་པར་གྱུར་ཅིག།”

[16] བེ་རི་རིག་པའི་རྡོ་རྗེས་འཕྲུལ་དེབ་ཏུ་བཟོས་པའི་ཀུན་སྤངས་ཆོས་གྲགས་དཔལ་གྱི་ “ སེམས་འགྲེལ་སྐོར་གསུམ་གྱི་བླ་མའི་བརྒྱུད་རིམ་གསལ་བ།”

[17] ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུ་ཞེས་པས་བསྒྲིགས་པ།  ཤོག་གྲངས་ ༣༠༤ ནས་ ༣༠༧ བར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

[18] སྡེ་དགེ་བསྟན་འགྱུར། མདོ་སྡེ། ཨ༽ ཤོག་གྲངས་ ༢༩༣ ན་ ༢ ནས་གསལ།

[19] https://www.tbrc.org/?locale=bo#!rid=W2PD17532

[20] འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས།  དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་ཟབ་མོ་འཆད་ཅིང་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ལེགས་པར་བཤད་པ་དུས་འཁོར་བསྟན་པའི་མཛེས་རྒྱན།  http://sakyalibrary.com  ཡང་།  བེ་རི་རིག་པའི་རྡོ་རྗེས་འཕྲུལ་དེབ་ཏུ་བཟོས་པ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་(1306-1386)གྱིས་བརྩམས་པའི་ “དུས་འཁོར་རྒྱུད་འགྲེལ་ངོ་མཚར་རྟོགས་བརྗོད།” ལས་ཀྱང་གཅུང་བློ་གྲོས་བརྟན་པའི་སྐོར་འཆད་སྐབས་ [ཤོང་སྟོན་རྡོ་རྗེ་རྒྱལ་མཚན་] “དེ་ཉིད་ལ་དེ་ཉིད་ཀྱི་ཅུང་[གཅུང]པོ་ཤོང་སྟོན་ལོཙྪ་བ་བློ་གྲོས་བརྟན་པ་ཞེས་བྱ་བར་གྲགས་པས། ཀྱཻ་རྡོ་རྗེའི་འགྲེལ་པ་ཊཾ་ཀ་ད་ཤ་དང༌། སྡོམ་བྱུང་གི་འགྲེལ་པ་པད་མོ་ཅན་དང༌། །གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཞིང༌། ཞུ་ཆེན་ཡང་དུ་མ་མཛད་ལ༑ འཕགས་པ་རིན་པོ་ཆེའི་བླ་མའི་ཐུ་བོར་གྱུར་ཅིང༌། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བསྐུར་[བཀུར]བ༑ གཅེན་པོའི་ཡོན་ཏན་ལ་བསྒྲུན་དུ་རུང་བར་ཡོད་པ་དེ་ཉིད་ཀྱིས་ཞུས་ལ། ”ཞེས་སེ་ཆེན་རྒྱལ་པོའི་དབུ་བླར་གྱུར་ཚུལ་འབྱུང་།

[21]གཙོ་སྒྲིག་པ། མཁན་པོ་ཀུན་དགའ་བཟང་པོ། དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་བཞི་པ།  མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས། ༢༠༠༣ པེ་ཅིན།

[22] “པཎ་ཆེན་བློ་བརྟན་བཞི་པ་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། དཔལ་ལྡན་བློ་བརྟན་བཞི་པ་ཡི། །ཡ་མཚན་ཀུན་གྱིས་བསྔགས་འོས་པ། །གང་གི་ཞབས་རྡུལ་ལེན་བདག་ཀྱང༌། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཁྱོད་སྐུ་ཡུམ་གྱི་ལྷུམས་ཞུགས་ཚེ། །བློ་གྲོས་བརྟན་པར་མཚན་གསོལ་ཞེས། །བྱང་ཆུབ་རྩེ་མོས་ལུང་བསྟན་པར། །མཛད་ལ་གུས་པར་ཕྱག་འཚལ་ལོ། །དཔང་ལོ་ཆེན་པོ་བསམས་བཞིན་དུ། །འཁྲུངས་པར་ཁྱོད་ཀྱི་སློབ་མའི་ཚོགས། །ཆོས་རྗེས་འབྲང་རྣམས་དོགས་མེད་པར། །སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཞོན་ནུའི་དུས་ནས་རིག་པ་ཡི། །གནས་ཕྲན་ལྔ་པོ་ཚེགས་མེད་པར། །མཁྱེན་པས་དེ་དག་ཀུན་གྱི་ཡང༌། །འགྲེལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་དཔང་ལོས་སྒྲ་ཚད་ལ། །རྩལ་དུ་སྟོན་པའི་སྲོལ་བཟུང་ནས། །སྒྲ་ཚད་དགོངས་འགྲེལ་བརྩོམ་པའི་ཚོགས། །མང་པོར་མཛད་ལ་ཕྱག་འཚལ་ལོ། །མཁས་པའི་དབང་པོ་རེད་མདའ་པའི། །དྲུང་དུ་སྡེ་སྣོད་ཀུན་སྦྱངས་ནས། །དཀའ་བཅུ་སྨྲ་བའི་མཆོག་ཏུ་ཡང༌། །ལྷག་པར་བསྔགས་ལ་ཕྱག་འཚལ་ལོ། །ལོ་ཆེན་ནམ་མཁའ་བཟང་པོ་དང༌། །འཇམ་དབྱངས་རལ་གྲིའི་ཞབས་པད་ལས། །གསང་སྔགས་རྒྱ་མཚོའི་ཕ་རོལ་དུ། །བྱོན་པར་མཛད་ལ་ཕྱག་འཚལ་ལོ། །གཤིན་རྗེ་གཤེད་དང་ཆོས་སྐྱོང་གི །ལས་ཚོགས་མང་པོའི་མཐུ་གྲུབ་པས། །བགེགས་དཔུང་འཇོམས་པའི་རྩལ་ཐོབ་པར། །ཀུན་གྱིས་བསྔགས་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་སུ་མཁས་པ་ཡི། །གྲགས་ཐོབ་གྱུར་པ་མང་པོ་དང༌། །འབེལ་བའི་གཏམ་གྱིས་སྨྲ་བའི་རྒྱན། །རིགས་པར་མཛད་པ་ཕྱག་འཚལ་ལོ། །བོད་ཡུལ་དབུས་སུ་བརྡ་སྤྲོད་དང༌། །སྙན་ངགས་གཞུང་ལུགས་དར་མཛད་ཅིང༌། །དབང་དང་གདམས་པས་སློབ་མའི་ཚོགས། །བགྲང་ཡས་སྨིན་ཅིང་མཁས་མཛད་པ། །ཁྱོད་ཀྱི་ཞབས་རྡུལ་དྲི་མ་མེད། །ས་ཆེན་སྐྱོང་མཛད་ཆེ་རྣམས་དང༌། །དུས་དེར་མཁས་པའི་གྲགས་ཐོབ་པ། །ཀུན་གྱིས་ལེན་མཛད་ལ་ཕྱག་འཚལ། །དེ་ལྟར་དབང་གིས་སྨིན་མཛད་ཅིང༌། །སྡེ་སྣོད་ཆོས་དང་ཐ་སྙད་ཀྱི། །གཙུག་ལག་ཐོས་པའི་སློབ་དཔོན་ལ། །བསྟོད་པས་དེ་ཡི་གནས་ཐོབ་ཤོག བོ་དོང་བ་པཎ་ཆེན་བློ་བརྟན་བཞི་པ། སྙེ་ཐང་ཆོས་རྫོང་པ་ལ་བསྟོད་པའོ།།”ཞེས་འབྱུང་ངོ་།།

[23] ༄༅། །པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་བཞུགས་སོ། ། ཤིང་སྤར།  ཤོག་གྲངས་ ༡༩ བ་ ༧ ནས་གསལ།  http://www.tbrc.org/eBooks/W25586-I00KG03577-1-218-any.pdf

[24] རྟོགས་ལྡན་འཇམ་དཔལ་རྒྱ་མཚོ།  རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས།  ཤོག་གྲངས་ ༡༧ རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། པོད་དང་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥