རྩོམས་ཁུངས་རྨ་ལྷོ་བོད་ཡིག་ཚགས་པར།༽ དུས་ཚོད། 2017ལོའི་ཟླ5བའི་ཚེས 25ཉིན།
ས་གནས། བྱམས་སྐྱོང་བུ་གསོ་ཁང་གསུམ་པ།
གསར་འགོད་པ། མི་རྒོད


གསར་འགོད་པ། སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཁྱེད་བདེ་མོ། ད་ལམ་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དུས་སྟོན་ཁྱད་པར་ཅན་འདི་དང་འབྲེལ་ཁྱེད་ལ་བཅར་འདྲི་བྱེད་པའི་གོ་སྐབས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ད་ལོར་ཁྱེད་བྱམས་སྐྱོང་བུ་གསོ་ཁང་དག་གིས་གཟབ་རྒྱས་ངང་སྤེལ་བའི་རིག་རྩལ་འཁྲབ་སྟོན་གྱིས་ལྟད་མོ་བ་དག་གི་ཡིད་དབང་འཕྲོག་འདུག དེ་བས་བཅར་འདྲི་དངོས་ལ་མ་ཞུགས་གོང་ཉིད་ཀྱིས་ད་རེབ་ཀྱི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རིག་རྩལ་འདི་དག་གི་ཁྱད་ཆོས་དང་དཀའ་གནད། བརྗོད་སྙིང་སོགས་ཀྱི་ཐད་ནས་ཅུང་ཙམ་གླེང་ན།

རླངས་ཚང་བསོད་ནམས་རྡོ་རྗེ། གསར་འགོད་པ་བདེ་མོ། རྨ་ལྷོ་ཚགས་པར་ཁང་གིས་ང་ལ་བཅར་འདྲིའི་གོ་སྐབས་གནང་བར་བཀའ་དྲིན་ཆེ། ད་ལོར་ང་ཚོའི་བྱམས་སྐྱོང་ཚང་གི་བྱིས་སྐྱོང་ཁང་ལྔ་བོ་ལས་བཞི་ཡིས་མ་གཏོགས་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་སྤེལ་ཐུབ་ཡོད་པ་མ་རེད། དེ་དག་གི་ངོས་ཐད་ནས་བཤད་ན། ཁྱིམ་བདག་དང་སྐུ་མགྲོན་ཚོས་དགའ་བསུ་ཚད་མེད་ཐོབ་སོང་། དེ་ང་ཚོར་མཚོན་ན་ཡང་གྲུབ་འབྲས་བཟང་བོ་ཞིག་དང་སློབ་གྲྭའི་སློབ་གསོ་ཡར་རྒྱས་ཀྱི་ངོ་བོ་ཞིག་ལ་བསམ་གྱིན་ཡོད། གང་ཡིན་ཟེར་ན། འདུ་ཚོགས་རྒྱ་ཆེན་བསྡུས་ནས་བྱིས་པ་ཚོར་རང་གི་སྤོབས་པ་དང་འཇོན་ནུས་སྔོག་འདོན་གྱི་གོ་སྐབས་ཇི་ལྟར་མང་བོ་བསྐྲུན་ཐུབ་ན་དེ་ལྟར་ལེགས་པོ་རེད། ང་ཚོའི་སློབ་གྲྭ་ཁག་ལ་མཚོན་ན་ཟླ་རེའི་ནང་བྱ་འགུལ་མི་འདྲ་བ་རེ་རེ་སྤེལ་ནས་བྱིས་པ་དག་གི་སྤོབས་པ་སྐྱེད་སྲིང་དང་། འཇོན་ནུས་སྔོག་འདོན། སྒྱུ་རྩལ་གྱི་སེམས་ཁམས་སྐྱེད་སྲིང་བཅས་ཀྱི་ཕྱོགས་ལ་ཤུགས་རྒྱག་གིན་ཡོད། བྱིས་པ་ཆུང་དུས་ནས་སྒྱུ་རྩལ་གྱི་སེམས་ཁམས་གྲུབ་པར་བྱེད་ཐུབ་ཚེ་མི་རེ་རེར་གཤིས་ཀ་དང་མཐུན་པའི་དགའ་ཕྱོགས་ཤིག་གྲུབ་རྒྱུ་དང་། དགའ་ཕྱོགས་དང་མཐུན་པའི་ཆེད་ལས་ཤིག་ཡོད་པ་ཡིན་ན་མ་འོངས་པར་ང་ཚོའི་སྤྱི་ཚོགས་ཁྲོད་ཆེད་ལས་མི་འདྲ་བའི་མི་མང་བོ་འབྱུང་ཐུབ་པར་བསམས་ནས་ང་ཚོས་དེའི་ཕྱོགས་ལ་ཤུགས་རྒྱག་གིན་ཡོད། དམིགས་བསལ་གྱིས་ང་ཚོས་རེབ་གོང་གི་ཡུལ་སྲོལ་ཁྲོད་ཀྱི་རྩེད་མོ་འགའ་གོ་སྒྲིག་བྱས་པ་ཡིན། བྱིས་པ་དག་ལའང་དེའི་བག་ཆགས་ཡོད་པའི་རྐྱེན་གྱིས་བསླབ་བདེ་བོ་འདུག་པ་མ་ཟད། དམངས་སྲོལ་ཆ་ཚང་སློབ་གྲྭའི་ནང་བསླབ་ཐབས་ཡོད་པ་མ་རེད་དེ་དམངས་སྲོལ་རང་བཞིན་གྱི་རྩེད་རིགས་འགའ་རེ་སློབ་གྲྭའི་ནང་ནས་ཡང་རྩེད་མོའི་རྣམ་གྲངས་ཁྲོད་འཇོག་གིན་བསྡད་ན་བྱིས་པ་ཚོས་ཀྱང་དེའི་ཕྱོགས་ལ་དོ་སྣང་བྱེད་རྒྱུར་ཕན་པ་ཞིག་ཡོད་ཀྱི་རེད་སྙམ་གི ད་ལོར་ང་ཚོས་ལྷ་རྩེད་དང་། གླུ། གར་དང་ཞབས་བྲོ་སོགས་མང་བོ་ཞིག་གོ་སྒྲིག་བྱས་པ་དང་། བྱིས་པ་དག་གི་དུས་ཆེན་ཡིན་པས་དགེ་རྒན་དག་གིས་ཁོང་ཚོར་འཁྲབ་སྟོན་གྱི་ལེགས་སྐྱེས་འབུལ་རྒྱུ་གལ་ཆེན་དུ་དམིགས་ནས་དགེ་རྒན་དག་གིས་ཀྱང་འཁྲབ་སྟོན་མང་པོ་བྱས་པ་དེས་ང་ཚོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཡང་ཁྱད་ཆོས་མ་འདྲ་བ་ཞིག་སླེབས་སོང་། དེ་ང་ཚོའི་ཁྱད་ཆོས་ཤིག་ལ་སེམས་ཀྱི་ཡོད། འོན་ཀྱང་མཛད་སྒོ་ཆེན་པོ་ཞིག་བསྡུ་བ་ལ་དཀའ་ངལ་ཆེན་པོ་ཡོད་པ་རེད། དེའི་ཕྱོགས་ལ་འགྲོ་གྲོན་གཏོང་བའི་དཔལ་འབྱོར་གྱི་དཀའ་ངལ་དང་། སྦྱོང་བརྡར་བྱེད་པའི་གོ་རིམ་ཁྲོད་བྱིས་པ་དག་ལོ་ན་ཆུང་དྲགས་པ་དང་རྩེད་རིགས་སློབ་དཀའ་བ། བྱིས་པ་མང་བོ་ཞིག་རྩེད་མོའི་ཁྲོད་ཞུགས་སུ་མ་བཅུག་ན་ཁྱིམ་བདག་མང་བོ་ཞིག་མི་དགའ་བ། ཕ་མ་ལྷན་རྒྱས་རང་རང་གི་བྱིས་པ་རྩེད་མོ་རྩེ་ཀིན་པར་ལྟད་མོར་བལྟ་རུ་ཡོང་ནའང་རྩེ་བའི་ཉིན་མོར་བྱིས་པ་དག་གིས་རང་རང་གི་ཕ་མ་མཐོང་བའི་མོད་ལ་གཅེས་ལང་ལ་ཤོར་དེ་གར་སྟེགས་སྟེང་ངུས་ནས་རྩེ་ཁ་མི་ཉན་པ་སོགས་དཀའ་ངལ་ཆེ་ཆུང་མང་པོ་འདུག ང་ཚོས་བརྗོད་སྙིང་ཐད་ནས་བྱིས་པའི་བློ་ཁ་དང་འཚམ་པའི་རྩེད་རིགས་དང་ལུས་པོས་ལྕོགས་ཚད་ལ་བསྟུན་ནས་གནའ་དེང་ཟུང་འབྲེལ་གྱི་རྩེད་མོ་དང་མི་རིགས་རང་གི་ཁྱད་ཆོས་ཡོད་པའི་རྩེད་མོའི་རིགས་གཙོ་བོར་བཟུང་བ་ཙམ་མ་ཟད། གླུ་ཚིག་འགྲེལ་བཤད་དང་བློར་འཛིན། གར་གྱི་སྟངས་སྟབས་སོགས་ལ་ཡང་རེ་བ་ནན་མོ་བཟུང་ནས་བྱིས་པའི་སེམས་ཁམས་ལ་སྤྲོ་དགའ་ལོངས་སྤྱོད་ཀྱི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་དེ་གཙོ་བོར་བཟུང་བ་ཡིན། བྱིས་པ་དག་ལ་མཚོན་ན་དྲུག་གཅིག་ནི་ལོ་གསར་ལས་ཀྱང་གལ་ཆེ་བའི་མཛད་སྒོ་ཞིག་ཡིན་པས་དེ་གྱ་ནོམ་པ་ཞིག་ཏུ་སྒྲུབ་དགོས་པ་ནི་སློབ་གྲྭ་དང་ཁྱིམ་ཚང་གཉིས་ཀའི་འགན་ཁུར་རེད།

གསར་འགོད་པ། ད་ལྟ་ཀུན་གྱིས་གླེང་བཞིན་པའི་སློབ་སྔོན་སློབ་གསོ་ཞེས་པ་གོང་རིམ་ནས་གཙིགས་འཛིན་བྱེད་ཀྱིན་ཡོད་པར། ཡང་སྙིང་ཅི་ཞིག་ལ་སློབ་སྔོན་སློབ་གསོ་ཟེར་བ་དང་། ཤར་ཕྱོགས་དང་ནུབ་ཕྱོགས། དེ་བཞིན་ས་ཁུལ་རང་གི་ཁྱད་ཆོས་དང་ཕན་ཚུན་བསྡུར་བའི་ཚུལ་གྱིས་དེ་དག་རེ་རེར་འགྲེལ་བཤད་ཅིག་བྱས་ན།

རླངས་ཚང་བསོད་ནམས་རྡོ་རྗེ། ད་ལྟ་གོང་རིམ་ནས་སློབ་སྔོན་སློབ་གསོའི་སྐོར་ལ་གཙིགས་ཆེན་བྱེད་ཀྱིན་པ་ཤིན་ཏུ་དགའ་འོས་པ་དང་དེར་རང་ངོས་ནས་ཀྱང་གལ་ཆེན་དུ་བསམས་བཞིན་ཡོད། དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། “སློབ་གསོ་ནི་དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་མི་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ཀྱིས་ཁ་ལོ་སྒྱུར་གྱི་ཡོད་པ་མ་ཟད། སྤྱི་ཚོགས་དེའི་ཐོན་སྐྱེད་ནུས་ཤུགས་དང་། ཐོན་སྐྱེད་གོང་དུ་འཕེལ་བར་སྐུལ་འདེད་བྱེད་ཀྱི་ཡོད་པ། རིག་གནས་དང་ཚན་རིག་ལག་རྩལ་བཅས་ཀྱི་ཆུ་ཚད་ཡོད་པའི་མི་ནི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད་རིག་གནས་བཅས་ཀྱི་འཚོ་བའི་ནང་གི་གཙོ་ཤུགས་ཡིན།” ཞེས་གསུངས་པ་ལྟར། སློབ་གསོ་ཞེས་པ་ནི་མི་ཚེ་དོན་ལྡན་ཞིག་སྐྱེལ་བྱེད་ཀྱི་ལག་ཆའམ་རྨང་གཞི་གལ་ཆེན་ཞིག མི་རྣམས་ལེགས་ལམ་དུ་ཁྲིད་བྱེད་ཅིག ཡང་ན་སྲིད་འབྱོར་རིག་གསུམ་ཡར་རྒྱས་ཀྱི་རྨང་རྡོ་དང་འཛུལ་སྒོར་གྲུབ་ཡོད་པ་ལྟར། སློབ་སྔོན་སློབ་གསོ་ཞེས་པ་འདི་ཉིད་སློབ་གསོའི་རིགས་གཞན་ལས་སྔོན་དུ་འགྲོ་དགོས་པའི་གོ་རིམ་རྩ་ཆེན་པོ་དང་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། སློབ་སྔོན་སློབ་གསོ་ནི་སློབ་གསོའི་གོ་རིམ་ཁྲོད་ཀྱ་ཙེ་གོམ་ཙེའི་རིམ་པ་ཞིག་ཡིན་པས་འདི་འཆོལ་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་གནོད་པ་ཤིན་ཏུ་ཆེ་བ་མ་ཟད། མི་ཞིག་གི་མི་ཚེའི་འགྲོ་ལྡོག་གི་རྨང་རྡོ་ལྟ་བུར་གྲུབ་ཡོད། མདོར་ན་སློབ་སྔོན་སློབ་གསོ་ནི་སྡོང་ཕྲུག་བཙུགས་མ་ཐག་ནས་ཆུ་ལུད་དྲོད་གསུམ་གྱི་ཆ་རྐྱེན་འཛོམས་པོའི་སྒོ་ནས་གསོ་དགོས་པའི་གོ་རིམ་ཞིག་རེད། སློབ་སྔོན་སློབ་གསོ་མྱོང་མཁན་གྱི་བྱིས་པ་དག་གི་ཁོར་ཡུག་གི་མི་དེ་དག་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པས། ངས་ནམ་རྒྱུན་ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་དང་། དགེ་རྒན་ནི་བྱིས་པའི་ཕ་མ་གཉིས་པ། ཁོར་ཡུག་ནི་བྱིས་པའི་དགེ་རྒན་གསུམ་པ་ཡིན་ཞེས་བཤད་བཞིན་ཡོད། དོན་ངོ་མ་བཤད་ན་ཡང་ཕ་མས་མངལ་གྱི་གནས་སྐབས་ནས་བྱིས་པ་ནར་སོན་གྱི་གོ་རིམ་ཁྲོད་སློབ་གསོའི་གྲུབ་ཆ་ཆེ་ཤོས་དེ་བཟུང་ཡོད་པ་རེད། དེ་ནས་དགེ་རྒན་གྱི་འགྲོ་འདུག་སྤྱོད་གསུམ་བྱིས་པའི་མིག་དཔེར་འོས་པ་ཞིག་བྱེད་དགོས་པ་དང་། ཁོར་ཡུག་གི་མི་དག་གིས་ཀྱང་བྱིས་པའི་མཐོང་སར་བྱིས་བློ་དང་མི་འཚམ་པའི་ལས་རིགས་གཉེར་བ་དང་། དམིགས་བསལ་གྱིས་དུ་བ་འཐེན་པ་དང་ཆང་འཐུང་བ། ཤོ་རྒྱག་པ། བཟའ་འཁོན་རྒྱག་པ་སོགས་ལ་ངེས་པར་དུ་འཛེམ་དགོས་པ་རེད། དེ་བཞིན་རྩེད་ཆས་ཉོ་སྟངས་ནས་རང་གིས་སྐད་ཆ་བཤད་སྟངས་ཚུན་ལ་དོ་སྣང་དང་འབྲེལ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་པར་མི་སུ་ལ་ཡང་འགན་ཡོད་པའི་འདུ་ཤེས་ཡོད་དགོས་པ་རེད།
འདིར་ནུབ་ཕྱོགས་དང་ང་ཚོའི་སློབ་སྔོན་སློབ་གསོའི་མི་འདྲ་ས་ཅུང་བཤད་ན། ང་རང་ཨ་རི་དང་། ཡོ་རོབ་རྒྱལ་ཁབ་འགར་བྱིས་པའི་སློབ་གསོའི་སྐོར་ལ་སློབ་སྦྱོང་དང་གསབ་སྦྱོང་། ལྟ་སྐོར་དང་ཉམས་མྱོང་བརྗེ་རེས། བྱིས་པའི་སློབ་གསོའི་སྐོར་གྱི་དཔེ་ཆར་བལྟས་པ་སོགས་ཀྱི་ཁྲོད་ནས་རྙེད་པ་ནི། རང་དབང་དང་བཅས་པའི་སྒོ་ནས་བྱིས་པའི་བློ་རིག་དང་ལུས་ཁམས་ཡར་རྒྱས་སུ་ཇི་ལྟར་གཏོང་རྒྱུ་དེ་གཙོ་བོ་ཞིག་རེད། དགེ་རྒན་གྱི་ངོས་ནས་ཀྱང་བྱིས་པ་ཚོར་རོགས་རམ་བྱེད་མཁན་ཞིག་ལས་རང་ཉིད་ཀྱིས་གང་ཤེས་པ་དེ་བྱིས་པ་ཚོར་སློབ་རྒྱུ་གཙོ་བོ་མི་བྱེད་པ། བྱིས་པ་ལོ་ཚད་མི་འདྲ་བ་དག་འཛིན་གྲྭ་གཅིག་ཏུ་འདུས་ཏེ་ཚོགས་ཐུན་གཅིག་གི་རིང་བྱིས་པ་རེ་རེས་རང་རང་ས་ན་སློབ་ཐུན་རེ་རེ་སྦྱོང་བཞིན་ཡོད་པ་དང་། འཛིན་གྲྭ་རེ་རེར་དགེ་རྒན་གསུམ་ནས་བཞི་ཡོད་པ་དག་གིས་ཀྱང་འཆར་གཞི་ཡོད་པའི་སྒོ་ནས་སློབ་སྐབས་གཅིག་གི་རིང་གི་སློབ་ཚན་དག་བྱིས་པ་དག་གིས་རེ་རེ་བཞིན་ཤེས་ཡོད་མེད་ལ་ཞིབ་བཤེར་གྱིས་བྱིས་པ་ཚོར་རོགས་རམ་བྱེད་པ་དེ་རེད། མོན་ཁྲི་སོ་རེའི་སློབ་གསོའི་ཐབས་ལམ་ལྟར་ན་འདོད་ཡོན་ལྔ་ལ་བརྟེན་ནས་བྱིས་པའི་ལུས་ངག་ཡིད་གསུམ་ཡར་རྒྱས་ཇི་ལྟར་གཏོང་བ་དང་། ས་ཁམས་དང་ཚན་རིག ལོ་རྒྱུས་དང་རིག་གནས་སོགས་བྱིས་པ་དང་མཐུན་པར་བྱས་ཏེ་སློབ་ཁྲིད་བྱེད་པ། སློབ་ཁྲིད་བྱེད་དུས་ཀྱང་བྱིས་པ་ལག་ལེན་དངོས་སུ་ཞུགས་སུ་འཇུག་རྒྱུ་དང་། དགེ་རྒན་གྱིས་ཀྱང་དངོས་པོ་དང་དངོས་ཚབ། འདྲ་པར་སོགས་གྲ་སྒྲིག་བྱས་ནས་བྱིས་པ་དག་ལག་ལེན་དངོས་ལ་འཇུག་པར་བརྩོན་པ་དེ་ཡིན་པ་མ་ཟད། འཛིན་གྲྭ་རེ་རེར་བྱིས་པ་ཉེར་ལྔའི་ཡན་ལ་འབུད་དུ་མི་འཇུག་པ། སློབ་ཁང་གཅིག་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་བརྒྱ་ནས་བརྒྱ་དང་ལྔ་བཅུའི་བར་རེད། དེའི་ནང་སྐད་ཡིག་ཚན་ཁག རིག་གནས་ཚན་ཁག ལོ་རྒྱུས་ཚན་ཁག ས་ཁམས་ཚན་ཁག ཚན་རིག་ཚན་ཁག་བཅས་ཚན་ཁག་མི་འདྲ་བ་རེ་རེར་བཀར་ནས་རྒྱུ་ཆ་གྲ་སྒྲིག་སོགས་ཕུན་སུམ་ཚོགས་པ་ཡོད་པ་རེད། དེ་བཞིན་མེ་གསོད་ལས་ཁུངས་སུ་སོང་ནས་མེ་ཟོན་དང་འབྲེལ་བའི་སློབ་ཁྲིད། འགྲིམ་འགྲུལ་ཉེན་རྟོག་པའི་ལས་ཁུངས་སུ་སོང་ནས་འགྲིམ་འགྲུལ་སྐོར་གྱི་སློབ་ཁྲིད་བྱེད་པ། དེ་བཞིན་བཟོ་གྲྭ་དང་ལས་རིགས་མི་འདྲ་བ་གང་ཞིག་བྱིས་པ་ཚོར་ངོ་སྤྲོད་བྱེད་དགོས་བྱུང་དུས་དེ་ལྟར་ལས་ཁུངས་གང་ལ་འབྲེལ་བ་བྱས་ཀྱང་ཚང་མས་གལ་ཆེན་དང་གཙིགས་ཆེན་བྱས་ཏེ་སློབ་གྲྭ་ལ་གཞོགས་འདེགས་བྱེད་ཀྱིན་འདུག དེ་བཞིན་ལས་འཁྱུར་བྱས་པའི་མི་མང་བོ་རབས་དང་རིམ་པ་བྱས་ཏེ་བྱིས་སྐྱོང་ཁང་དུ་ཐོ་འགོད་ཀྱིས་རང་གི་ཆེད་ལས་ལྟར་རི་མོ་དང་རོལ་དབྱངས། གནའ་གཏམ་དང་དཔེ་ཀློག་སོགས་ཀྱི་སློབ་ཁྲིད་བྱེད་ལུགས་དེ་ཧ་ལས་པ་ཞིག་ཡོད་པ་རེད། བྱིས་པ་སློབ་གྲྭའི་ནང་འདུག་པའི་དུས་ཚོད་ཀྱང་རིང་ཐུང་གཉིས་ཀ་ཡོད་པ་རེད། མང་ཤོས་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་གསུམ་བར་རེད། སློབ་གྲྭ་གྲོལ་མཚམས་ཕ་མས་བྱིས་པར་རོགས་རམ་བྱས་ཏེ་རི་མགོར་འགོ་བ་དང་ཆུར་རྐྱལ་བ། རོལ་དབྱངས་དང་རི་མོ་སློབ་པ་སོགས་བྱིས་པ་རང་རང་གི་དགའ་མོས་བཞིན་གྱི་སློབ་སྦྱོང་བྱེད་ཆོག་ཅིང་། ཕ་མ་དག་གིས་ཀྱང་དེར་གལ་ཆེན་དང་གཙིགས་ཆེན་བྱས་ནས་འབད་པ་བྱེད་ནི་རེད། ཧྥ་རན་སིའི་སི་ཊན་ནར་ལྟ་བུར་མཚོན་ན། འཛིན་གྲྭ་གཅིག་ལ་སློབ་ཁང་མི་འདྲ་བ་བཞི་ནས་ལྔ་ཡོད་པ་རེད། དེ་ཡང་ཤིང་བཟོ་སློབ་ཁང་དང་མགར་བཟོ་སློབ་ཁང་། ལྡེར་བཟོ་སློབ་ཁང་། རི་མོ་སློབ་ཁང་སོགས་ཡོད་པ་རེད། སློབ་ཁང་དེ་དག་ནང་གི་ལག་ཆར་བལྟས་ཡོང་དུས་ང་ཚོས་བྱིས་པས་བདེ་འཇགས་ལ་ཁག་ཐེག་བྱེད་པར་སྐྲག་ནས་ལག་ལེན་བྱེད་དུ་འཇུག་མི་ཕོད་པ་ལྟ་བུ་ཞིག་ཡོད་པ་རེད་དེ། བྱིས་པ་དག་གི་འཇོན་ཐང་ནི་ངོ་མ་ཧ་ལས་པ་ཞིག་འདུག ཁོང་ཚོའི་བྱིས་གཉོར་ཁང་གི་བྱིས་པས་ཉིན་ཐོ་དང་རྩོམ་ཡིག རི་མོ་སོགས་བྲིས་ནས་དེབ་བརྩམས་བཞག་པ་མང་བོ་འདུག དེ་ཡང་བྱིས་པ་ཞིག་གི་ཚོད་ཀྱིས་ཧ་ལས་པ་ཡོད་པ་རེད། གཟའ་ཉི་མ་དང་གུང་གསེང་ནམ་ཡིན་ལ་དཔེ་མཛོད་ཁང་དུ་ལས་འཁྱུར་བྱས་པའི་དང་བླངས་པ་མང་བོས་བང་བསྒྲིགས་ནས་བྱིས་པ་དག་ལ་དཔེ་ཀློག་དང་གཏམ་བཤད། གར་ཆུང་སོགས་གྲ་སྒྲིག་བྱས་ནས་བྱིས་པ་དག་དཔེ་མཛོད་ཁང་དུ་འགྲོ་བ་ནི་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་ཏུ་བསམ་ཐུབ་པར་བྱས་ཡོད་པ་རེད། སྦྲུམ་མ་དག་ཀྱང་བྱིས་གཉོར་ཁང་དུ་སློབ་ཁྲིད་ལ་ཉན་དུ་ཡོང་གི་འདུག གཅིག་ནས་ཁོག་གི་བྱིས་པར་དམིགས་ནས་སློབ་ཁྲིད་ལ་ཉན་པ་དང་། གཉིས་ནས་མ་འོངས་པར་བྱིས་པ་ནར་སོན་ན་སློབ་གྲྭ་གང་བཟང་མིན་གྱི་བརྟག་དཔྱད་ཆེད་ཡོང་གི་འདུག དེ་མ་ཟད་སྦྲུམ་མ་དག་གི་སྤྱོད་ལམ་ཐད་སློབ་ཁྲིད་བྱེད་མཁན་གྱི་སྨན་པ་དང་ཆེད་མཁས་པ་མང་བོས་ཁོང་ཚོར་སློབ་ཁྲིད་བྱེད་པ་མ་ཟད། བཙས་མ་ཐག་པའི་བྱིས་པ་དང་ཨ་མའི་ཟས་སྤྱོད་སོགས་ལ་ལམ་སྟོན་བྱེད་མཁན་གྱི་ཆེད་ལས་མཁས་པ་མང་བོ་ཡོད་པ་རེད། དེ་ཚོ་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད་ལ།.  སློབ་ཆུང་དང་སློབ་འབྲིང་སྐབས་ཀྱང་སློབ་གྲོགས་ཕན་ཚུན་གྱི་སྐར་འབྲས་ལ་བལྟ་བའི་ལུགས་སྲོལ་ཡོད་པ་མ་རེད། ཨང་རིམ་དགར་བའི་ལུགས་སྲོལ་ཀྱང་ང་ཚོའི་འདི་འདྲའི་གུ་དོག་པོ་ཡོད་པ་མ་རེད། ཁོང་ཚོའི་ཨང་རིམ་དགར་སྟངས་དེ་ཡངA B C D བཞི་ལས་དགར་རྒྱུ་ཡོད་ནི་མ་རེད། འཛིན་གྲྭ་གང་བོ་ཨང་རིམ་བཞི་བོ་འདིའི་ནང་ཚུད་ཀྱི་ཡོད་པ་རེད། ཨང་རིམ་གཅིག་གི་ནང་སློབ་མ་མང་བོ་ཡོད་པ་རེད། དེས་བྱིས་པ་བློ་རིག་ཞན་པ་དག་ལ་གནོན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད་པ་མ་རེད། ང་ཚོ་ཡིན་ན་ཨང་རིམ་རེ་རེ་བཞིན་བཀར་ཡོང་དུས་སློབ་ཆུང་དང་མཐོ་འབྲིང་མཐར་མ་ཕྱིན་བར་དུ་འཛིན་གྲྭ་སོ་སོའི་ནང་གི་ཨང་རིམ་མཐའ་མ་རེ་རེས་སློབ་མཚམས་བཞག་ཡོང་དུས་སློབ་མ་མང་བོ་ཞིག་གིས་སློབ་མཚམས་འཇོག་གིན་པ་འདི་གནད་དོན་ཆེན་པོ་ཞིག་རེད། ལོ་རེར་ངས་མཚོ་སྔོན་ཞིང་ཆེན་ནས་ཨང་དང་པོ་བླངས་ཚུལ་དང་རྨ་ལྷོ་ཁུལ་ནས་ཨང་དང་པོ་བླངས་ཚུལ་གྱི་རྟེན་འབྲེལ་ཞུ་ཡིག་རིང་བོ་དག་རྒྱ་སྲང་དུ་འཐེན་པ་མཐོང་ཡོང་དུས་འདི་དག་གི་ལྡོག་ཕྱོགས་ཏེ་ཨང་རིམ་མཐའ་མ་དག་གི་སེམས་ཁམས་དང་སློབ་གསོར་བཟུང་བའི་རྣམ་འགྱུར། མི་ཚེའི་ལྟ་བའི་འགྱུར་ལྡོག་སོགས་ལ་འདང་རྒྱབ་ཡོང་དུས་འཇིགས་ཡེར་བ་དང་ཞེ་མེར་བ་མང་བོ་འདུག འདི་དག་ཞོར་འཕྲོས་ཙམ་རེད། ཕྱིར་བརྗོད་བྱའི་སྟེང་བབས་ནས་བཤད་ན། སློབ་གསོ་གཉེར་སྟངས་ཁྲོད་ནུབ་ཕྱོགས་པའི་སློབ་གསོ་ནི་བྱིས་པ་གཙོ་བོར་བཞག་སྟེ་སློབ་ཁྲིད་བྱེད་སྟངས་ཤིག་རེད་མ་གཏོགས། ང་ཚོའི་ས་ཆ་འདི་ལྟར་དགེ་རྒན་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་ལུགས་ཤིག་རྩ་བ་ནས་མི་འདུག བྱིས་པ་གཙོ་བོར་བཞག་ཟེར་བ་ནི་བྱིས་པ་དག་ལ་སྐད་ཆ་དང་ལག་ལེན་མང་བོ་བྱེད་དུ་འཇུག་པའི་ལམ་ལུགས་ཤིག་རེད། དགེ་རྒན་གཙོ་བོར་བྱས་ཟེར་དོན་ནི་དགེ་རྒན་གྱིས་སྐད་ཆ་མང་བོ་བཤད་ནས་སློབ་ཁྲིད་བྱེད་པ་ལས་བྱིས་པ་དག་ལ་སྐད་ཆ་བཤད་པའི་གོ་སྐབས་མང་བོ་མེད་པའི་སློབ་ཁྲིད་བྱེད་ལུགས་ཤིག་རེད། སྔ་མས་བྱིས་པའི་ལུས་སེམས་འཚར་སྐྱེད་དང་འཇོན་ནུས་སྔོག་འདོན་ལ་ནུས་པ་བླ་ལྷག་ཏུ་འདོན་གྱིན་ཡོད་པ་དང་། ཕྱི་མས་བྱིས་པར་བག་འཁུམས་དང་ནུས་མེད་ཉམ་ཆུང་གི་ཚོར་བ་རྒྱུན་སྲིང་བྱེད་པའི་གོ་རིམ་ཞིག་རེད། ཤར་ནུབ་གཉིས་ཀྱི་སློབ་གསོའི་ལམ་ལུགས་མ་འདྲ་ས་གཙོ་བོ་ཡང་འདི་ན་ཡོང་གི་ཡོད། དམིགས་བསལ་བྱིས་པའི་སློབ་གསོའི་ངོས་ནས་བཤད་ན། ང་རང་རྒྱལ་ནང་གི་གྲོང་ཁྱེར་མང་བོ་ཞིག་དང་བོད་ཁམས་ཀྱི་བྱིས་སྐྱོང་ཁང་མང་བོ་ཞིག་ལ་སོང་མྱོང་། དེ་དག་དང་ཕྱི་རྒྱལ་གྱི་བྱིས་སྐྱོང་ཁང་དག་བསྡུར་ཡོང་ན། ཕྱི་རྒྱལ་གྱི་བྱིས་སྐྱོང་ཁང་དག་ནི་བྱིས་པ་ཇི་ལྟར་རྩེད་མོར་གཡེང་བའི་ཁྲོད་ནས་སློབ་སྦྱོང་སྤྲོད་ཐབས་ལ་འབད་དེ། རྩེད་ཞོར་དགོད་ཞོར་དུ་ཤེས་བྱ་མང་བོ་ཞིག་སྦྱོང་ཐུབ་ཀྱིན་པའི་སློབ་གྲྭ་རྐྱང་རྐྱང་རེད། སློབ་སྦྱོང་ནི་དཀའ་ངལ་ཅན་ཞིག་ཡིན་པའི་ཚོར་སྣང་སླེབས་སུ་མ་བཅུག་པར་སློབ་སྦྱོང་སྤྲོད་ཐབས་ལ་འབད་པ་བྱེད་བཞིན་འདུག བོད་ཁམས་ཀྱི་སློབ་གྲྭ་མང་ཤོས་ནི་སློབ་ཁང་ནང་གི་མཛེས་སྤྲས་དང་བྱིས་པ་དག་ལ་ཡི་གེ་སློབ་ཐབས། མགོ་ཁྲིད་ཡོང་ན་མིག་ཁར་དགྲམ་རྒྱུའི་རི་མོ་སོགས་བཟོ་བར་དགེ་རྒན་དག་གིས་དུས་ཚོད་མང་བོ་འཕྲོ་བརླག་ཏུ་གཏོང་བ་དང་། བྱིས་པ་དམག་དང་དགེ་རྒན་དམག་དཔོན་ནམ་དགེ་རྒན་དཔོན་པོ་དང་བྱིས་པ་བློན་པོ་ལྟ་བུའི་རྣམ་པ་ཞིག་ཡོང་གིན་འདུག འདིའི་ཁྲོད་ན་བྱིས་པ་དག་གིས་སློབ་སྦྱོང་ནི་སུན་སྣང་དང་དཀའ་ངལ་ཅན་ཞིག་ཡིན་པའི་འདུ་ཤེས་ཤུགས་ཆེན་པོ་རེད། ཚོར་སྣང་དེའི་ཁྲོད་ནས་གྲུབ་འབྲས་ལེགས་པོ་ཞིག་ལེན་ཐུབ་མིན་ཐེ་ཚོམ་རེད། རྣམ་པ་འདི་ལ་འགྱུར་བ་ཞིག་མ་བྱུང་བར་དུ་བོད་ཁུལ་གྱི་བྱིས་པའི་སློབ་གསོ་ལ་ཡང་ཡར་རྒྱས་ཆེན་པོ་ཞིག་འགྲོ་བའི་རེ་བ་ཆེན་པོ་མེད་པ་འདྲ་ཞིག་ཆགས་འདུག

གསར་འགོད་པ། དེ་བཞིན་སྐུ་ཉིད་མོན་ཁྲི་སོ་རི་སོགས་ཆེད་ལས་སློབ་གཉེར་ལ་ཞུགས་མྱོང་མཁན་ཞིག་དང་། བླ་ལྷག་ཕྱི་རྒྱལ་ལ་ཆེད་དུ་མོན་ཁྲི་སོ་རིའི་སློབ་གསོ་ཆེད་སྦྱོང་དུ་བསྐྱོད་མྱོང་མཁན་ཞིག་ཡིན་པས། ཉིད་ཀྱིས་བྱིས་པའི་སློབ་གསོ(སློབ་སྔོན་སློབ་གསོ)དང་སྦྲེལ་རང་གི་མཐོང་ཐོས་མྱོང་འཇུག་སྐོར་བརྗོད་ན།

རླངས་ཚང་བསོད་ནམས་རྡོ་རྗེ། མཐོང་ཐོས་སྐོར་སྐོར་གོང་ནས་ཅུང་བརྗོད་ཟིན་པ་རེད། མྱོང་བའི་སྐོར་མདོར་བསྡུས་ནས་བཤད་ན་རང་ཉིད་དགེ་རྒན་གྱི་ལས་ཀ་འདི་འཇོན་ན་གཟི་བརྗིད་ཅན་ཞིག་དང་། མི་འཇོན་ན་དེ་ལས་ལྷག་པའི་ཉེས་ཅན་ཞིག་མི་འདུག་བསམ་མཁན་ཞིག་ཡིན་པས་བྱིས་སྐྱོང་སློབ་གསོ་གཉེར་མཁན་གྱི་དགེ་རྒན་དག་ནི་བཟོད་བསྲན་ངང་རིང་ཅན་ཞིག་དང་། སློབ་གྲྭ་དག་ནི་རྩེད་མོ། སྦྱོང་བརྡར། འཚར་ལོངས་གསུམ་གཙོ་བོར་འཛིན་པའི་རང་དབང་གི་རྩེད་ར་ཞིག་གི་ངོ་བོ་ནས་ཤེས་རིག་གི་བསྟི་གནས་ཤིག་ཏུ་གྲུབ་པར་བྱེད་དགོས་པ་མ་ཟད།་ཁྱིམ་བདག་སོ་སོར་ཡང་བྱིས་པའི་སློབ་གསོའི་སྐོར་གྱི་གསབ་སྦྱོང་དང་ཚོགས་འདུ་མང་དུ་འཚོག་ནས་བྱིས་པའི་སློབ་གསོའི་སྐོར་ནས་གོ་རྟོགས་སྤེལ་ཐུབ་ན་བྱིས་པའི་སློབ་གསོ་ལ་ཕྱོགས་ཡོང་ནས་འཕེལ་རྒྱས་ཡོད་རྒྱུ་རེད་བསམ།

གསར་འགོད་པ། ཁྱེད་ཀྱིས་བལྟས་ན་སྐད་གཉིས་སློབ་གསོ་གཙིགས་ཆེན་དུ་འཛིན་པའི་རང་ས་ཁུལ་ལྟ་བུར་བྱིས་གཉོར་ཁང་གང་འདྲ་ཞིག་བཙུགས་ན་ལེགས་སྙམ།

རླངས་ཚང་བསོད་ནམས་རྡོ་རྗེ། སྤྱིར་སྐྱེས་མ་ཐག་པ་ནས་ལོ་བཅུའི་བར་གྱི་བྱིས་པར་སྐད་རིགས་སྣ་མང་དུས་གཅིག་ཏུ་སྦྱོང་བའི་དུས་ཡོད་པ་རེད། འོན་ཀྱང་ཕ་སྐད་སློབ་གསོ་གཙོ་བོར་བྱས་ཏེ་སྐད་ཡིག་གཅིག་གི་སྟེང་ནས་རང་རྐྱ་ཐུབ་དགོས་པ་ནི་བྱིས་པར་སྐད་བརྡ་སློབ་པའི་རྩ་བའི་རྨང་གཞི་རེད། ང་ཚོ་བྱམས་སྐྱོང་ཚང་ལ་མཚོན་ན་འཛིན་གྲྭ་ལ་དམའ་འབྲིང་མཐོ་གསུམ་དུ་བཀར་ཡོད་པ་རེད། དམའ་བ་ནི་ཕ་སྐད་རྐྱང་བའི་ངོས་དང་འབྲིང་བ་ནས་སྐད་གཉིས། མཐོ་བའི་སྐབས་རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་ཀྱང་ངེས་པར་དུ་རྒྱ་སྐད་བཤད་དགོས་ཀྱི་ཡོད། དེ་ལྟ་བུའི་ཐབས་ལམ་ཞིག་གཉེར་ནས་ཡོང་བས། ཉེ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མི་རིགས་ས་ཁུལ་གྱི་རྒྱ་སྐད་ཀྱི་རྨང་གཞིར་རྟོག་ཞིབ་ཏུ་ཕེབས་མཁན་ཚོས་ང་ཚོའི་སློབ་མ་ཚོར་རྒྱ་སྐད་ཀྱི་ཚད་རྒྱུགས་ཤིག་བླངས་པར་ཁོང་ཚོ་ཡང་ཧ་ལས་སོང་། འདི་གཅིག་ནས་དེང་གི་རྒྱ་སྐད་ཀྱི་ཁོར་ཡུག་ལེགས་པ་དང་། གཉིས་ང་ཚོའི་སློབ་གསོའི་ཐབས་ལམ་ལ་གྲུབ་འབྲས་ཤིག་འབྱུང་བཞིན་པར་ངོས་འཛིན་གྱིན་ཡོད། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་ལགས་དང་ཁུལ་དང་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སོགས་ནས་ང་ཚོའི་སྐད་གཉིས་སློབ་གསོའི་ཐབས་ལམ་འདིར་གདེང་འཇོག་བྱས་ཏེ། མ་འོངས་པར་རྨ་ལྷོ་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་ཁྲིད་ཐབས་སུ་བྱམས་སྐྱོང་ཚང་གི་སློབ་ཁྲིད་ཐབས་ལམ་འདི་བཞག་ན་ལེགས་ཚུལ་གྱི་བསམ་ཚུལ་བཏོན་སོང་། དེ་ལྟར་ཁོང་ཚོས་ཀྱང་ཞིབ་འཇུག་བྱེད་ཀྱིན་ཡོད་ཚོད་རེད། ང་ཚོའི་ས་ཁུལ་ལ་མཚོན་ན་ཡང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སློབ་གསོའི་དམིགས་བསལ་རོགས་སྐྱོར་ཐོབ་བཞིན་པའི་ས་ཁུལ་ཞིག་ཡིན་པ་ལྟར། རྒྱལ་ཁབ་ཀྱིས་ཀྱང་དེ་ལ་གཙིགས་ཆེན་བྱེད་བཞིན་པ་འདི་ལྟར། འཛིན་གྲྭ་དམའ་བ་དང་འབྲིང་བ་གཉིས་ལ་ཕ་སྐད་སློབ་གསོ་གཙོ་བོ་བྱེད་རྒྱུ་དང་མཐོ་བ་ནས་རིམ་བཞིན་སློབ་ཆུང་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་ཐུབ་ན་གྲུབ་འབྲས་ལེགས་པོ་ཞིག་འབྱུང་གི་རེད་མ་གཏོགས། ལོ་གསུམ་ལ་བུད་པའི་བྱིས་པ་དག་སྐད་གཉིས་ལ་བྱང་དུ་འཇུག་རྒྱུའི་རེ་བ་བཏོན་ནས་བྱིས་སྐྱོང་ཁང་བསྒྲུབས་ན་གྲུབ་འབྲས་ལེགས་པོ་ཞིག་འབྱུང་ཐབས་ཡོད་ཀྱི་མ་རེད་སྙམ། ང་ཚོའི་ས་ཁུལ་ནི་ད་རུང་བྱིས་པའི་སློབ་གསོ་ལ་ངོས་འཛིན་གསལ་བོ་བྱེད་ཐུབ་ཀྱིན་མེད་པའི་ས་ཁུལ་ཡིན་པས་སློབ་ཡོན་རན་པ་དང་སློབ་གསོ་ལེགས་པ། དངོས་པོའི་ཆ་རྐྱེན་མི་ཚང་ཡང་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་སློབ་གསོ་གཉེར་དགོས་པ་འདི་གལ་ཆེ་བ་མ་ཟད། དངོས་ཡོད་དང་དྲང་བདེན་གཞི་ལ་བཞག་ནས་མངོན་ལྐོག་རྒྱབ་མདུན་མེད་པའི་སློབ་གསོའི་ལས་ཀ་གཉེར་ཐུབ་མཁན་དག་གིས་བྱིས་སྐྱོང་ཁང་འཛུགས་ཐུབ་ན་བཟང་གི་སེམས་ཀྱིན་འདུག

གསར་འགོད་པ། ཁྱེད་ཅག་གིས་བསྒྲུབས་པའི་བྱིས་གཉོར་ཁང་དག་ཏུ་མིང་ཚིག་ངོས་འཛིན་སྐོར་ལ་ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཡོད་རབས་ཐོས། ཁྱོད་རང་ལ་དེའི་སྐོར་གྱི་མན་ངག་འདྲ་བརྗོད་རྒྱུ་ཡོད་དམ།

རླངས་ཚང་བསོད་ནམས་རྡོ་རྗེ། ང་ལ་མན་ངག་ཅང་བཤད་རྒྱུ་མེད། གཅིག་ཡོད་པ་ནི་ང་ཚོའི་སློབ་གྲྭ་སོ་སོའི་ནང་བྱིས་པར་རང་དབང་དང་བཅས་པའི་སློབ་སྦྱོང་དང་། རྩེད་མོར་གཡེང་བ། བྱ་དངོས་ངོས་འཛིན་བྱེད་ལུགས་ཤིག་ཡོད། མིང་ཚིག་གང་ཞིག་བྱིས་པ་ཚོར་བཤད་དུས་ང་ཚོས་དངོས་པོ་དང་དངོས་ཚབ། འདྲ་པར་བཅས་ལས་གང་རུང་ཞིག་ངེས་པར་དུ་འཛོམས་དགོས་པའི་རེ་བ་འདོན་གྱིན་ཡོད། སློབ་ཁྲིད་གྲ་སྒྲིག་ཀྱང་ཁྲོམ་ནས་ཉོ་རྒྱུ་ཞིག་མིན་པར་དགེ་རྒན་ཚོས་བཟོ་རྒྱུ་ཞིག་དང་། སློབ་ཆས་ནི་ཆ་རྐྱེན་ཡོད་མེད་ལ་འབྲེལ་བ་མེད་པ། དགེ་རྒན་ཚེགས་ཡང་དང་ལྷག་བསམ་ཅན་ཞིག་ཡོད་པ་ཡིན་ན་སློབ་ཆས་ཐད་དཀའ་ངལ་ཡོད་པའི་ངོས་འཛིན་དང་བྲལ་ནས་སློབ་ཁྲིད་གྱ་ནོམ་པ་ཞིག་ཡོང་གིན་པ་འདི་ང་ཚོའི་ཁྱད་ཆོས་ཤིག་རེད་སྙམ།

གསར་འགོད་པ། རང་ས་ཁུལ་གྱི་བྱིས་སྐྱོང་ཁང་དག་གི་མི་འདང་སའི་སྐོར་བརྗོད་ན།

རླངས་ཚང་བསོད་ནམས་རྡོ་རྗེ། སྤྱིར་བོད་པ་ཚོས་བྱིས་པ་དག་བྱིས་སྐྱོང་ཁང་དུ་སློབ་གྲྭར་བསྐྱལ་བ་ནི་ཁྱིམ་མིའི་ཚེགས་ཇེ་ཡང་དུ་གཏོང་བ་དང་། མ་མ་ཞིག་རྙེད་པ་ལྟ་བུའི་འདུ་ཤེས་ལས་བྱིས་པ་མང་བོ་མཉམ་གཅིག་ཏུ་འདུས་ནས་རྩེད་མོའི་རིགས་འདྲ་མིན་རྩེ་བ་ཙམ་གྱིས་ཀྱང་བྱིས་པའི་ལུས་སེམས་ཡར་རྒྱས་ལ་གཞོགས་འདེགས་བྱེད་བཞིན་པ་ཚོར་གྱི་ཡོད་པ་མ་རེད། བྱིས་སྐྱོང་ཁང་གི་དགེ་རྒན་དག་ཀྱང་བྱིས་པ་གཉོར་མཁན་ཙམ་ལས་བསླབ་གནས་དང་ཆེད་ལས་ཡིན་དགོས་པའི་ངེས་ཤེས་གང་ཡང་ཡོད་པ་མ་རེད། ཁྱིམ་ཚང་དག་གིས་ཀྱང་བྱིས་པ་དག་ནི་ཁྱིམ་ཚང་གི་མ་རྩ་ཆེས་ཆེ་ཤོས་དེ་ཡིན་པའི་འདུ་ཤེས་ཡོད་པ་མ་རེད་མོད། ད་ལྟ་སྔོན་མ་ལས་ཅུང་ཡར་རྒྱས་འགྲོ་བཞིན་པའི་སྐབས་ཤིག་རེད། ད་ལྟ་ཁུལ་ཐོག་ན་གཞུང་གི་བྱིས་སྐྱོང་ཁང་གཉིས་དང་སྒེར་གྱི་བྱིས་སྐྱོང་ཁང་བརྒྱད་ཡོད་པ་རེད། གཞུང་གི་དེ་གཉིས་ལས་ཁུལ་བྱིས་སྐྱོང་ཁང་གིས་མཚོན་པའི་བྱིས་སྐྱོང་ཁང་བདུན་རྒྱ་སྐད་རྐྱང་བའི་བྱིས་སྐྱོང་ཁང་ཡིན་ནི་རེད། དྲུག་གཅིག་བྱིས་པའི་བློ་གསལ་གླིང་དང་ང་ཚོའི་བྱམས་སྐྱོང་བུ་གསོ་ཁང་གསུམ་པ་གཉིས་ནི་སྐད་གཉིས་བྱིས་སྐྱོང་ཁང་དང་། རྫོང་བྱིས་སྐྱོང་ཁང་གི་ནང་དུ་སྐད་གཉིས་འཛིན་གྲྭ་རེ་གཉིས་བཙུགས་ཡོད་པ་རེད། དེ་མིན་རྒྱ་སྐད་རྐྱང་བའི་ངོས་ནས་སྒྲུབ་ཀྱིན་པའི་བྱིས་སྐྱོང་ཁང་རྐྱང་བ་ཡིན་ན་སྐྱོན་ཆེན་པོ་མེད་ཀྱང་། སྒེར་བཙུགས་བྱིས་སྐྱོང་ཁང་མང་བོ་ཞིག་གིས་བྱིས་པར་ཡི་གེ་སློབ་རྒྱུ་ཁོ་ན་གཙོ་བོར་བཟུང་འདུག་པས་བྱིས་པ་དག་ལ་གནོན་ཤུགས་ཧ་ལས་པ་སྤྲོད་ཀྱིན་པའི་ཚོར་བ་བྱུང་། ངས་ལམ་ལུགས་འདི་ཤིན་ཏུ་ཐལ་ཆ་ཆེ་བར་སེམས་ཀྱིན་ཡོད། བྱིས་སྐྱོང་ཁང་འགའ་རེར་བྱིས་པ་འགུལ་སྐྱོད་བྱེད་སའི་ར་བ་དང་རང་དབང་གི་ཁོར་ཡུག་རྩ་བ་ནས་ཡོད་པ་མ་རེད། བྱིས་སྐྱོང་ཁང་གི་ཁྱད་ཆོས་ནི་ཟ་མ་བཟང་བ་དང་ཡི་གེ་སློབ་བཞིན་པ་དེ་འཇོག་གིན་འདུག་མོད། དོན་དམ་བཤད་ན་བྱིས་པའི་སློབ་གསོའི་གོ་རིམ་ཁྲོད་ཟས་བཅུད་འཛོམས་པ་དེ་བཞག་ཆོག་ཀྱང་ཡི་གེ་ཁོ་ན་སློབ་བཞིན་པ་དེ་ཁྲིམས་འགལ་ལྟ་བུར་ཆགས་འདུག་པས་འདི་དག་ལ་འགྱུར་བཅོས་གཏོང་དགོས་པ་མ་ཟད། སྒེར་བཙུགས་བྱིས་སྐྱོང་ཁང་དག་ལ་སློབ་རིན་བསྡུ་ཚད་དང་སློབ་གསོའི་ཁ་ཕྱོགས་གཏན་འཁེལ་མེད་པ་འདི་རེབ་གོང་གི་བྱིས་སྐྱོང་སློབ་གསོའི་ཁྲོད་ཀྱི་ཆེས་མི་འདང་ས་དེ་རེད་འདོད།

གསར་འགོད་པ། ཁྱེད་ཚོའི་སློབ་གྲྭའི་ནང་ས་ཁུལ་གཞན་ནས་སློབ་སྦྱོང་བྱེད་དུ་ཡོང་མཁན་དང་། ཁྱེད་རང་ས་ཁུལ་གཞན་དུ་སློབ་ཁྲིད་བྱེད་དུ་འགྲོ་བཞིན་པའི་གནས་ཚུལ་གོ་ཐོས་བྱུང་བས་དེའི་སྐོར་ཅུང་ལབ་ན།

རླངས་ཚང་བསོད་ནམས་རྡོ་རྗེ། ང་རང་གི་ངོས་ནས་འདས་པའི་ལོ་ངོ་མང་བོ་ཞིག་གི་རིང་རྒྱལ་ཁབ་ཕྱི་ནང་གི་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་དང་ཞིབ་འཇུག དེ་བཞིན་ང་ཚོའི་སློབ་གྲྭའི་ནང་ཚོད་ལྟ་དང་ལག་ལེན་བྱས་པ་སོགས་གང་ཐད་ནས་ཀྱང་གཞན་གྱི་རིག་པ་ཧྲིལ་གྱིས་ལེན་པ་དང་རང་གི་རིག་གནས་ཧྲིལ་གྱིས་མ་དོར་བར་གཞན་གྱི་ཐབས་ལམ་ལ་བརྟེན་ནས་རང་གི་རིག་གནས་ཇི་ལྟར་སློབ་པ་དང་། གཞན་གྱི་རིག་གནས་ཇི་ལྟར་ངོ་སྤྲོད་བྱེད་པའི་ཐད་འབད་བརྩོན་བྱས་པ་དང་། ང་ཚོའི་དགེ་རྒན་ཚོར་ཡང་ནམ་རྒྱུན་གཟའ་འཁོར་རེའི་གཟའ་ལྷག་པ་དང་ཕུར་བུ་གཉིས་ལ་བྱམས་སྐྱོང་ཚང་གི་དཔེ་ཀློག་གི་མཚན་མོ་ཞེས་དམིགས་བསལ་སློབ་སྦྱོང་བྱེད་པའི་དུས་ཚོད་ཅིག་གོ་སྒྲིག་བྱས་ཡོད་པ་དང་། ང་དང་དགེ་རྒན་ཚོའི་བར་ཐག་ཉེ་ཞིང་། སློབ་གྲྭའི་ནང་ཁུལ་གྱི་ལས་ཀ་གང་ཞིག་ཡིན་ཡང་དགེ་རྒན་དག་ལ་རང་འགུལ་གྱིས་གཉེར་བའི་གོམས་གཤིས་ཡག་པོ་ཞིག་ཆགས་ཡོད་པ་ལྟར་ཚང་མས་ལྷག་བསམ་དང་བཅས་པའི་སྒོ་ནས་ལས་ཀ་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་ང་ཚོའི་སློབ་གྲྭའི་སློབ་གསོའི་ཐབས་ལམ་འདིར་དགའ་མོས་བྱེད་མཁན་ཤིན་ཏུ་མང་བོ་འདུག ད་ལྟའི་བར་ཞིང་ཆེན་ནང་ཁུལ་དང། ཀན་སུའུ། ཟི་ཁྲོན། ལྷ་ས་སོགས་ནས་སློབ་སྦྱོང་བྱེད་མཁན་ཟམ་མ་ཆད་པར་ཡོང་བཞིན་འདུག་པ་མ་ཟད། ང་རང་ཕར་སློབ་གྲྭའི་ནང་བོས་ནས་དགེ་རྒན་དག་ལ་གསབ་སྦྱོང་བྱེད་དུ་སོང་ས་ཡང་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་མང་བོ་ཞིག་ཡོད། ཁོང་ཚོས་ཁ་ཡག་བཤད་པ་མིན་ན་གསབ་སྦྱོང་བྱེད་པར་ཕྱི་ནས་གདན་ཞུ་བྱས་པའི་དགེ་རྒན་ཆེན་མོ་དག་གིས་གཞུང་ལུགས་ཁོ་ན་བཤད་པ་དེ་དག་ལས་ང་རང་གིས་ཁ་ཡོད་ལག་ཡོད་ཀྱི་གནད་དོན་འདི་དག་རང་གི་ས་གནས་དང་འཚམ་པོར་སློབ་ཁྲིད་བྱས་པས་ཕན་ཆེན་པོ་ཐོགས་ཀྱི་འདུག་ཟེར།

གསར་འགོད་པ། ད་ལྟ་གལ་བོ་ཆེ་ལ་ནན་ཏན་དུ་འཛིན་གྱིན་པའི་ཁོར་ཡུག་སྲུང་སྐྱོང་དང་། ཟས་རིགས་བདེ་འཇགས་སོགས་ཀྱི་ཐད་བྱིས་པ་དག་ལ་སློབ་གསོ་གཏོང་སྟངས་སྐོར་ཅུང་ཙམ་ལབ་ན།

རླངས་ཚང་བསོད་ནམས་རྡོ་རྗེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མཆོག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཟས་རིགས་བདེ་འཇགས་སྐོར་ལ་དམིགས་བསལ་མཐོང་ཆེན་བྱས་པ་ལྟར། ང་ཚོའི་ངོས་ནས་ཀྱང་ཕ་མ་དང་བྱིས་པ་མཉམ་དུ་བསྡུས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོར་འདེགས་དང་། དེའི་སྐོར་གྱི་ཤེས་བྱ་དྲིལ་སྒྲོག ནགས་སྐྲུན་ལྗང་བསྒྱུར་སོགས་ལག་ལེན་ལ་དགེ་རྒན་དང་སློབ་མ་ཁྱིམ་བདག་བཅས་མཉམ་དུ་ཞུགས་ནས་འབད་པ་བྱས་པ། སྐོམ་ཆུའི་འགྱིག་སྣོད་དང་། རླངས་འཁོར་གྱི་འཁོར་ལོ་རྙིང་བ་སོགས་ཀྱི་ནང་དུ་སྔོ་ཚལ་དང་མེ་ཏོག་གཉོར་ཏེ་གད་སྙིགས་ཇེ་ཉུང་དང་ས་གཞི་ལྗང་མདོག་ཅན་དུ་བསྒྱུར་བའི་འདུ་ཤེས་གོང་སྤེལ་སོགས་བྱས་ནས་ད་ལྟ་ང་ཚོའི་སློབ་གྲྭ་དག་གི་ཁོར་ཡུག་ལ་མཛེས་སྡུག་དམིགས་བསལ་ཞིག་བསྐྲུན་ཡོད་པ་དང་། ཟས་རིགས་བདེ་འཇགས་ཀྱི་ཐད་ནས་ཀྱང་བྱིས་པས་བཟའ་རུང་དང་མི་རུང་བའི་ཟས་རིགས་དངོས་སུ་ཉོས་ཡོང་སྟེ་སློབ་ཁྲིད་བྱེད་པ་དང་། ཁྱིམ་བདག་ཚོགས་འདུ་བསྡུས་ཏེ་གསལ་བཤད་བྱེད་པ། དམིགས་བསལ་གཟའ་ཟླ་བའི་ཉིན་བྱིས་པ་དག་ལ་ཆམ་ནད་ཕོག་ཚད་མང་བ་དང་གྲོད་ཁོག་ན་བ་སོགས་མང་བོ་འབྱུང་གིན་འདུག་པས་གཟའ་མཇུག་བྱིས་པའི་ལག་ཏུ་སྒོར་མོ་མི་འཇོག་པ་དང་ཕ་མས་བྱིས་པར་ཞོར་ཟས་ཉོ་སྐབས་ཟླ་ཚེས་འགོར་འགྱངས་ཅན། བྱིས་པར་མི་རན་པའི་ཟས་རིགས། མངར་ཆ་དང་ཁ་ཚ་མང་དྲགས་པའི་ཟས་རིགས་སོགས་སྤྲོད་མི་རུང་བའི་གསབ་སྦྱོང་སྤྲོད་ཀྱིན་པར་མ་ཟད། ང་ཚོའི་སློབ་གྲྭ་བཞི་གྲོང་གསེབ་ཁག་ཏུ་ཡོད་པས་ས་དེའི་ཚོང་ཁང་དག་ལ་ཡང་བྱིས་པའི་བདེ་ཐང་ལ་གནོད་པའི་ཟས་རིགས་གཏན་ནས་མི་བཙོང་རྒྱུའི་རེ་བ་བཏོན་པ་སོགས་བྱ་འགུལ་རབས་དང་རིམ་པར་སྤེལ་བས་ད་ལྟ་སྔོན་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་འགྲོ་བཞིན་འདུག མདོར་བསྡུས་ན་བྱིས་པའི་ལུས་ཁམས་བདེ་ཐང་མ་ཡོང་ཚེ་སློབ་སྦྱོང་བྱེད་པའི་གོ་སྐབས་རྩ་བ་ནས་མེད་པའི་སྐོར་དང་། བྱིས་པ་ནི་ཁྱིམ་ཚང་འཕེལ་རྒྱས་ཀྱི་གཞི་རྩར་འཛིན་དགོས་པ་སོགས་ཀྱི་སློབ་གསོ་ལ་བརྟེན་ནས་ཁྱིམ་བདག་དག་གིས་ཀྱང་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱིན་འདུག ཁྱིམ་བདག་གིས་ཇི་ལྟར་སློབ་གྲྭར་རྒྱབ་སྐྱོར་བྱས་པ་ཡིན་ན་བྱིས་པའི་སློབ་གསོ་ཡང་དེ་ལྟར་ཡར་རྒྱས་ལ་འགྲོ་ཤ་སྟག་རེད།

གསར་འགོད་པ། སྐུ་ཉིད་ཀྱིས་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེན་ཞུ།

རླངས་ཚང་བསོད་ནམས་རྡོ་རྗེ། བཀྲ་ཤིས་བདེ་ལེགས།