ཁོ་བོས་ཉེ་ཆར་སོག་རིགས་ཀྱི་ལོ་ཙ་པ་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་ཐང་ཟིན་ལམ་ཡིག་སྟེ། ཁ་བྱང་ཆ་ཚང་ལ་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་བྱ་བ་དེ་ཞིབ་ཏུ་བཀླགས་པ་ཡིན། རང་གི་དྲན་ཚོར་ལ་ལམ་ཡིག་འདི་ནི་དེ་འདྲའི་ཆ་ཚང་བའམ་འཐུས་ཚང་བ་ཞིག་བསྒྱུར་ཨེ་ཡོད་དམ་སྙམ་པའི་སེམས་ཁྲལ་ལྷག་མ་ཞིག་ཀྱང་ངང་གིས་བྱུང་མོད། རྒྱ་ནག་གི་ཡི་གེར་རྨོངས་པ་བདག་ལྟ་བུར་མཚོན་ན་ཐབས་ཤེས་ཅི་ཡང་མི་འདུག ཐང་གི་སྡེ་སྣོད་འཛིན་པ་ཁོང་གིས་སྐབས་དེའི་རྒྱ་གར་ཞིང་གི་བཀོད་པའི་གནས་ཚུལ་རྣམས་བྲིས་པ་ཞིབ་ཚགས་པོ་ཡིན་པའི་སྣང་བ་ཞིག་ཀྱང་ཞར་ནས་སླེབས་སོང་།

ཐང་བཙུན་གྱི་ལམ་ཡིག་དེར་རྒྱ་གར་གྱི་པཎ་གྲུབ་སྐྱེས་བུ་གང་མང་འབྱུང་བའི་ཆོས་ཀྱི་ཚལ་ཆེན་པོ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་གི་མཚན་ཙམ་ཡང་མཐོང་དུ་མེད་པས་བསྐུལ་ཏེ། ཡང་བསྐྱར་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་གཏམ་རྒྱུད་གསེར་ཐང་གི་ཚན་པ་བཅོ་ལྔ་པ་སྔོན་དུས་བོད་པ་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་ལུགས་སྐོར་ཞེས་པ་དེ་ཞིབ་ཏུ་བཀླགས་པ་ཡིན། དེ་རུ་ཏག་ཏག་སྲོང་བཙན་གྱི་སྐབས་སུ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ཡོད་པར་མ་ཟད། ལྷ་ལྡན་གཙུག་ལག་ཁང་ནི་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བརྩིགས་པ་ཡིན་པར་གསེར་ཐང་དུ་འདི་ལྟར། ལྷ་སའི་གཙུག་ལག་ཁང་བཞེངས་ཚེ། སྔགས་པ་རྣམས་དགའ་བའི་ཆེད་དུ་ཀ་བ་ཕུར་བུའི་དབྱིབས་སུ་བྱས། བོན་པོ་རྣམས་དགའ་བའི་ཆེད་དུ་ཟུར་བཞི་གཡུང་དྲུང་གི་རིས་སུ་བྱས་སོགས་བྲིས་མོད། ཆོས་བསྒྱུར་མ་ཐག་པ་ཞིག་ལ་སྔགས་པ་ཕུར་བུ་ལ་དགའ་མཁན་མང་པོ་ཞིག་ཡོད་མེད་ཀྱང་མི་ཤེས་ལ། ན་ལེནྡྲ་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་ཁང་རྙིང་མ་ཀུན་གྱི་རྨང་གཞི་ཡང་གཡུང་དྲུང་གི་རིས་ཁོ་ན་ཞིག་ཏུ་སྣང་ཞིང་། ཀ་བ་ཡང་རྡོ་ལས་བྱས་པ་རྣམས་ཕུར་བུའི་དབྱིབས་སམ། རང་རེའི་ཇོ་ཁང་གི་ཀ་བ་དང་ཁྱད་ཡེ་མེད་ལ། དབྱིབས་དང་རྒྱན་གཅིག་པར་མ་ཟད། ཚད་ཀྱང་གཅིག་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བས། བི་ཀྲ་མ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་རྒྱལ་པོས་བཞེངས་ཞེས་ཐང་ཡིག་ལས་འབྱུང་བ་དེ་བདེན་པར་སེམས་སོ། ། ཞེས་གསལ་བར་འཁོད་འདུག

གཏམ་རྒྱུད་གསེར་ཐང་གི་རྒྱབ་རྟེན་བཅོལ་སའི་ལུང་ཁུངས་ཐང་ཡིག་ནི། བཀའ་ཐང་སྡེ་ལྔ་དང་པདྨ་བཀའ་ཐང་གང་རུང་ཡིན་དགོས་སྙམ་ནས། ཞིབ་པར་བཙལ་མོད་ལུང་ཚིག་ཏག་ཏག་ཅིག་རྙེད་ཐུབ་མ་བྱུང་མོད། ཐང་ཡིག་སྡེ་ལྔར་གྲགས་པའི་ནང་ཚན་རྒྱལ་པོ་བཀའི་ཐང་ཡིག་ལས། རྒྱ་གར་ཡུལ་གྱི་གཙུག་ལག་ཁང་ཆེན་ནི། །ཀ་མ་ལ་ཡི་གཙུག་ལག་དཔེར་བླངས་ནས། །ལྷ་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས། །མཐའ་འདུལ་ཡང་འདུལ་གཙུག་ལག་བཞི་བཅུ་བཞེངས། ། ཞེས་པ་འདི་འདྲ་ཞིག་འབྱུང་བས་ན། ཕལ་ཆེར་ལུང་ཁུངས་འདི་ལ་བཅོལ་བ་ཨེ་ཡིན་ནམ་སྙམ་མོ། ། འོན་ཀྱང་ལུང་ཚིག་འདིར་ཀ་མ་ལ་ཡི་གཙུག་ལག་ཟེར་བ་ལས་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ཞེས་མིང་གསལ་བོར་བཏོན་མི་འདུག་པས་དཔྱད།

གཞན་ཐང་ཟིན་ལམ་ཡིག་ལས་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་གི་མིང་མ་ཐོན་པས་ན། སྐབས་དེར་བི་ཀྲ་མ་ཤི་ལའི་གཙུག་ཁང་དེ་བཞེངས་མེད་པར་སྙམ་ལ། རྒྱུས་དེ་དང་མཐུན་ཤོས་ཆེ་བ་གཞན་ཞིག་ནི། ཇོ་ནང་ཏ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལས་གསལ་བ་ལྟར་ན་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དེ། ལྷ་སའི་གཙུག་ལག་ཁང་བཞེངས་སྐབས་མེད་པར་མ་ཟད། ཕྱིས་ཀྱི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཞིག་ལ་བཞེངས་པར་བཤད་འདུག་སྟེ། ཆོས་འབྱུང་དེ་ཉིད་ལས། རྒྱལ་སྲིད་དུ་འཁོད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་པོ་རྣམས་སྤྱན་དྲངས། སློབ་དཔོན་སེང་གེ་བཟང་པོ་ལ་ཁྱད་པར་དུ་མོས། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད། དཔལ་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང༌། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། ཞེས་གསལ་བའི་རྒྱལ་སྲིད་དུ་འཁོད་པ་པོ་ནི་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པྰ་ལ་ཡིན་ལ། རྒྱལ་པོ་འདི་རགས་རྩིས་ཀྱི་དབང་དུ་བྱས་ན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་བཤད་དོ། །

རྒྱུ་མཚན་འདི་དག་ལས་ང་ཚོས་མཐོང་ཐུབ་པ་ནི་གུང་ལོ་ཆེན་གྱི་བོད་འགྱུར་ཐང་གི་སྡེ་སྣོད་འཛིན་པའི་ལམ་ཡིག་དེ་ཆ་ཚང་བ་ཡིན་པའི་དབང་དུ་བྱས་ན། ལམ་ཡིག་དེ་རུ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དེའི་ལོ་རྒྱུས་ངེས་པར་དུ་གསལ་དགོས་མོད། ཐ་ན་མིང་ཙམ་ཡང་མེད་པ་དང་། དགེ་ཆོས་ཀྱིས་ཁུངས་གཏུགས་སའི་ཐང་ཡིག་ནི་རྒྱལ་པོ་བཀའི་ཐང་ཡིག་འདི་ཡིན་པའི་དབང་དུ་བྱས་ན་དེ་རུའང་མིང་ཆ་ཚང་བའམ་ཏག་ཏག་ཅིག་མེད་པས་ལུང་ཁུངས་སུ་བྱས་ན་ཆོག་གམ། གཞན་མཁས་དབང་དགེ་ཆོས་མཆོག་གིས། བི་ཀྲ་མ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་རྒྱལ་པོས་བཞེངས་ཞེས་ཐང་ཡིག་ལས་འབྱུང་བ་དེ་བདེན་པར་སེམས་སོ། ། ཞེས་ཁོང་གིས་གཟིགས་ཡོད་ངེས་ཀྱི་སྒོ་ནས་ཚིག་ཐག་ཆོད་པས་གསུངས་ཡོད་པ་ལྟ་བུར་མཐོང་བས་ང་ཚོས་ཐང་ཡིག་དེ་བཀའ་ཐང་སྡེ་ལྔའི་ནང་ཚན་གྱི་ཐང་ཡིག་འདི་ཡིན་པར་ཁ་ཚོན་གཅོད་བཏུབ་བམ།

སྤྱིར་ཐང་ཡིག་སྡེ་ལྔའམ་བཀའ་ཐང་སྡེ་ལྔའི་ནང་དུ་བསྲེས་བསླད་བྱས་ཡོད་པ་ནི་དགེ་ཆོས་རང་གིས་འདི་ལྟར་གསུངས་ཏེ། གཏམ་རྒྱུད་གསེར་ཐང་ལས། སྤྱིར་ཐང་ཡིག་སྡེ་ལྔར་སྡེ་པ་སྣེའུ་གདོང་པ་སོགས་ཀྱི་ལོ་རྒྱུས་ཀྱང་བྱུང་བས། གཏེར་ནས་རྫོགས་པར་བཏོན་པའི་མཇུག་གྲུབ་པ་ནི་ཤིན་ཏུ་འཕྱི་མོད། དཔེ་བྱིངས་དེ་གནའ་དུས་ཤིག་གི་ཡིན་པར་ཐེ་ཚོམ་མེད་དོ། ། ཞེས་གསུངས་ཡོད།

དུང་དཀར་ཚིག་མཛོད་དུ། རྒྱ་གར་ཆོས་འབྱུང་ལས་བཤད་པའི་འདོད་ཚུལ་དེ་ནོར་བ་ཡིན་པའི་སྒྲུབ་བྱེད་དུ། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་ཞིག་ཁུངས་སུ་དྲངས་ཏེ་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ནི་རྒྱལ་པོ་དེ་བ་པྰ་ལས་བཞེངས་པར་གསལ་བཤད་བྱས་འདུག་མོད། འོན་ཀྱང་དེས་ནི་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དེ་སྲོང་བཙན་གྱི་སྐུ་དུས་སུ་ཡོད་པའི་སྒྲུབ་བྱེད་དུ་འགྲོ་མི་ཐུབ་སྟེ། རྒྱལ་པོ་དེ་བ་པྰ་ལ་དང་རྒྱལ་པོ་དྷརྨ་པྰ་གཉིས་ནི་ཕལ་ཆེར་དུས་ཐོག་གཅིག་ཏུ་ཁེལ་འདུག་པས་རིགས་པ་དེས་ནི་ཆུ་གང་ཡང་མི་ཐུབ་པོ། །

 

ཞེས་དཔེ་ཀློག་གི་ཁྲོད་ནས་རྙེད་པའི་དྲན་ཚོར་ཙམ་དུ 2016 ལོའི་ཟླ 4 ཚེས 25 ཉིན་རྒྱ་ནག་པེ་ཅིན་དུ་ཡི་གེར་ཕབ།

 

 

དཔྱད་གཞིའི་རྒྱུ་ཆ།

1986 ལོར་སྡེ་དགེ་པར་མ་གཞིར་བཟུང་སྟེ{པེ་ཅིན}མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བཀའ་ཐང་སྡེ་ལྔ།

2010 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། 

2016 ལོར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་པར་དུ་བསྐྲུན་པའི་པདྨ་བཀའ་ཐང་།

2002 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དུང་དཀར་ཚིག་མཛོད།

2011 ལོར་བཀྲ་ཤིས་ཆོས་གླིང་རིག་མཛོད་དྲ་བས་བཟོས་པའི་འཕྲུལ་དེབ་རྒྱ་གར་ཆོས་འབྱུང་།

2015 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག