མཚམས་འདིར་སྔར་སྲོལ་རྩེ་ཤོད་༼གཞུང་ཞབས་༽ཀྱི་ཡོང་ཁུངས་དང་། གོ་གནས་རིམ་པའི་འགྲོ་ལུགས་ཤིག་བརྗོད་པར་འདོད་དེ།  གཞུང་སའི་ཞབས་འབྲིང་དུ་གཏོགས་པ་རྣམས་ལ་༼ཕེབས་ཁུངས་༽སེར་སྐྱ་རིགས་གཉིས་ཡོད་པ་སྤྱིར་རྩེ་ཤོད་གཉིས་སུ་འབོད་པ་སྟེ། རྩེ་སྐོར་དང་། ཤོད་སྐོར་ལྟ་བུ་ཡིན། རྩེ་སྐོར་སེར་མོ་བ་རྣམས་ཀྱི་ཡོང་ཁུངས་ནི་གཙོ་བོ་སྒེར་གཞུང་གཉིས་ཡོད་པ་ལས་སྒེར་པ་ཕ་གཞིས་ཀྱི་བདག་པོ་མི་དྲག་ཁག་གི་བུ་ཕྲུག་རྩེ་དྲུང་ཞུས་ཚེ་སྒེར་ཁུངས་ཡིན་པ་དང་། དེ་ལ་རྗེ་དྲུང་ཞེས་འབོད་ཅིང་། ཡང་ཕ་གཞིས་ཀྱི་མིང་དང་རང་མིང་མཉམ་སྦྱར་གྱིས་འབོད་སྲོལ་ཡང་ཡོད། དེ་བཞིན་གདན་ས་གསུམ་དང་། གླིང་ཁག་བཞི། གཞིས་དགོན་ཁག་བཅས་ནས་༼གྲྭ་འཕྱག་བསྐྱོན་པའི་༽གྲྭ་ཆུང་རྩེ་སློབ་གྲྭར་ཞུགས་ཏེ་ཡིག་རྩིས་སྦྱོང་བརྡར་ཐོན་མཚམས་གཞུང་ཞབས་ཀྱི་ཁུངས་སུ་ཞུགས་པ་རྣམས་ལ་གཞུང་པ་ཟེར་ཞིང་། ཡང་དེ་དག་ལ་དགོན་མིང་དང་རང་མིང་མཉམ་སྦྱར་གྱི་འབོད་སྲོལ་ཡང་ཡོད། རྩེ་སྐོར་སེར་མོ་བ་རྣམས་ཀྱི་གོ་ཐོབ་རིམ་པའི་རྣམ་གྲངས་ནི། ༧རྒྱལ་ཚབ་དང་། སྲིད་སྐྱོང་། སྡེ་སྲིད། སྲིད་བློན་སོགས་གོང་དུ་ཕུད། བཀའ་བློན་བླ་མ་དང་། སྤྱི་ཁྱབ་མཁན་པོ། ཛ་སག་བླ་མ་རིམ་པ་གསུམ་དང་། ཡང་ཛ་སག་དང་། དར་ཧན། ཏཱ་བླ་མ་བཅས་ཤོད་སྐོར་ཛ་ཐའི་དང་འདྲ་བའི་རིམ་པ་གསུམ་པ་ཆུང་བ་དེ་ཡིན། རིམ་པ་བཞི་པ་ནང་རྣམ་མཁན་སྡེ་ཆེ་ཆུང་གཉིས་ཏེ། མཁན་ཆེན་དང་། མཁན་ཆུང་། རིམ་པ་ལྔ་བ་ནང་རྣམ་རྩེ་མགྲོན་བཅས་ཡིན་ཞིང་། དེ་བྱིངས་ཕྱི་ནང་གི་ལས་ཚན་རིམ་པ་རྣམས་ཤོད་སྐོར་དང་གཅིག་མཚུངས་ཡིན། ལས་ཞྭ་ལས་གོས་ཏེ། གྱོན་ཆས་ཀྱི་རྣམ་གྲངས་ཀྱང་གོ་མིང་རིམ་པ་སོ་སོ་མི་འདྲ་བ། རྩེ་དྲུང་གི་ལས་གོས་ནི་མཁན་ཆེ་རྣམས་གཟན་རྐྱང་དང་། མཁན་ཆུང་མན་མཐོ་དམན་འདྲ་བར་སྤྱིར་བཏང་གོས་སྟོད་བཞེས་དགོས་པ་དང་། བཀའ་བློན་བླ་མ་དང་། ཛ་སག་བླ་མ། སྤྱི་ཁྱབ་མཁན་པོ། ཏཱ་བླ་མ་བཅས་ཀྱིས་གྲྭ་ཆས་ཐོག་མཛོད་གོས་སེར་པོའི་ཁ་གྱོན་བཞེས་ཀྱིན་ཡོད་ལ། རིམ་པ་ལྔ་བ་ཡན་གྱིས་ཆབ་བླུགས་འདོགས་པ་བཅས་ཀྱི་ཁྱད་པར་ཡོད། དྲུང་ཡིག་ཆེན་མོ་དང་། རྩེ་མགྲོན་ཚོས། སེ་རིལ་སྨྱུག་སྒྲོག་༼སྨྱུ་གུ་དང་སྣག་བུམ་ཆུང་ཆུང་བླུགས་བྱེད་ལ་ཟེར།༽ཅེས་པ་དེ་འདོགས་སྲོལ་ཡོད། དུས་ཆེན་མཛད་སྒོ་ཁག་གི་སྐབས་ཁ་གྱོན་ཚོན་ཁྲ་དང་། རྒྱུན་དུ་ཆིབས་རྟར་ཆིབས་སྐབས་དགུན་ཆས་རྟ་ཞྭ་དང་། དབྱར་ཁ་སེར་ཐེབ། ཆིབས་བསྒྱུར་སྐབས་རྟ་སྟེང་དུ་རྩེ་དྲུང་ཚོས་དགུན་ཁ་སྒ་ཕུབ་ཅེས་པགས་པ་ཡོད་ལ་རྒྱབ་ཏུ་ཇུས་དམར་གྱི་ལྕེ་དཔྱངས་ཡོད་པ་ཞིག་དང་། དབྱར་ཁ་ཞྭ་དཀར་ཞེས་ཇུས་དཀར་པོའི་ཕྱིང་ཞྭ་འདྲ་བ་ཞིག་བཞེས་དགོས། ད་དུང་བྱིངས་ཚང་མས་ཕྱ་གྲུ་ཆ་སྟོད་ཅེས་པ་བཞེས་སྲོལ་ཡོད། ཤོད་སྐོར་ཞེས་པ་དྲུང་འཁོར་སྐྱ་བོ་རྣམས་ནི། ཕ་གཞིས་ཀྱི་བདག་པོ་སྒེར་པ་མི་མུས་རྒྱུད་བཅས་ནས་དྲུང་འཁོར་བྱེད་པ་དེ་དག་ཡིན་ཞིང་། དེ་ཡང་ཕ་ས་བདག་དབང་ཆེ་ཆུང་ལ་གཞིགས་ཏེ་དྲུང་དྲག་འབྲིང་དཀྱུས་གསུམ་སྟེ། སྡེ་དཔོན་དང་། མི་དྲག སྒེར་པ་བཅས་ཁག་གསུམ་དུ་དབྱེ་ཡོད། མི་དྲག་གི་བུ་རྒྱུད་རྣམས་ལ་རྩིས་ཕྲུག་བྱེད་པའི་སྐབས་ནས་རང་སྲས་རྣམ་པ་ཞེས་འབོད་སྲོལ་ཡོད། ཤོད་སྐོར་ལ་རིམ་པ་གཉིས་པ་སྲིད་བློན་དང་། གསུམ་པ་བཀའ་བློན་རྣམ་པ་དང་། གུང་། དེ་ལས་དམའ་ཙམ་གྱི་རིམ་པ་གསུམ་པ་ཆུང་བ་ཛ་སག་དང་ཐའི་ཇི་ལྟ་བུ། རིམ་པ་བཞི་བ་ཕོགས་དཔོན། མདའ་དཔོན། རྩིས་དཔོན། ཕྱག་མཛོད་བཅས་བཞི་དང་། ཡང་རིམ་པ་བཞི་བ་ཆུང་བ་སྲས་རྣམ་པ་ལྟ་བུ་ཡོད་ལ། ལས་ཚན་རིམ་པ་ལྔ་པ་དང་། དྲུག་པ། བདུན་པ་བཅས་སུ་དབྱེ་བའི་གོ་རིམ་ཡང་ཡོད། གོ་མིང་ལ་གཞིགས་པའི་ན་བཟའི་དབྱེ་བའང་ཡོད་པ་སྟེ། དྲུང་འཁོར་སྐྱ་བོ་རྣམས་ནི། སྐྲ་ལྕོག་དར་དམར་པོ་དང་མཉམ་དུ་ཐོད་དུ་བཅིངས་པ་དེ་དག་སྒེར་རྒྱུད་ཆོ་རིགས་བཟང་བའི་ཐོབ་ཐང་གི་མཚོན་ཚུལ་ཡིན་པར་བརྩི་བ་གཅིག་གྱུར་ཐོག སྲས་རྣམ་པ་ཡན་གྱི་སྐྲ་ལྕོག་གི་དཀྱིལ་དུ་གསེར་གྱི་གའུ་ཟུར་དྲུག་པ་གཡུ་ཁྲ་སྦྱར་བ་ཞིག་རྒྱག་སྲོལ་ཡོད་པ་དེ་མི་དྲག་རྣམས་ཀྱི་དམིགས་བསལ་གོ་ཐོབ་ཡིན་པས་དྲུང་འཁོར་དཀྱུས་མ་དང་ལས་ཚན་པ་བྱིངས་དང་མི་འདྲ། སྲིད་བློན་དང་། བཀའ་བླ། ཛ་ཐའི། རིམ་བཞི་བཅས་ནས་མཛོད་གོས་སེར་པོའི་ན་བཟའ་དང་། དབྱར་ཞྭ་ལྕགས་མདའ་དང་། དགུན་ཞྭ་ཝ་གིར་བཞེས་སྲོལ་ཡོད་ཅིང་། རིམ་བཞིའི་ནང་ནས་རྩིས་དཔོན་དང་། རྩེ་ཤོད་ཕྱག་མཛོད་ཀྱིས་གོས་ཆེན་སེར་པོའི་ན་བཟའ་བཞེས་དགོས་པ་དང་། ནང་མའི་ལས་ཚན་རིམ་པ་ལྔ་པས་གོས་ཆེན་རྒྱ་སྨུག་གི་ན་བཟའི་སྟེང་། འགོ་སྣམ་དམར་པོའི་ཁ་གྱོན་དང་། ཞྭ་མོ་འབོག་དོ་གྱོན་དགོས། ལས་ཚན་ཆུང་ཁག་དང་། དྲུང་དཀྱུས། དམག་སྒར་ཁག་གི་རུ་དཔོན་དང་། བརྒྱ་དཔོན། དྲུང་གཏོགས་ནང་གཟན་བཅས་པས་འགོ་སྣམ་དང་། སྤུ་ཕྲུག་གི་ཕྱུ་པ་དང་། ཞྭ་མོ་འབོག་དོ་གྱོན་དགོས། རིམ་བཞི་ཡན་ཞབས་ལྷམ་འཇའ་ཆེན་མཚལ་ཁ་དང་། དེ་མན་འཇའ་ཆེན་རྒྱ་སྨུག དེ་བཞིན་རྩེ་དྲུང་རྣམས་ཀྱིས་མཛད་ཆེན་སྐབས་འཇའ་ཆེན་རྣ་ཀྱེར་གོང་བཞིན་གོ་བབ་ཀྱི་བཞེས་སྲོལ་ཡོད། ༧རྒྱལ་བ་སྐུ་གོང་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སྤྱི་ལོ་༡༩༠༩ལོར་ཁྲུ་ཏོག་ཅེས་གསེར་གྱི་ཚེ་བུམ་གཟུགས་ཅན་ཕྲ་རྒྱན་རིགས་མི་འདྲ་བས་བརྒྱན་པའི་ཏོག་གིས་གོ་རིམ་མཚོན་པར་བྱེད་པའི་སྲོལ་གསར་གཏོད་གནང་མཛད། དེ་ཡང་རིམ་པ་གཉིས་པ་སྲིད་བློན་གྱི་དབུ་ཞྭའི་ཏོག་མུ་ཏིག་དང་། གུང་དང་བཀའ་བློན་རྣམས་ཀྱི་ཏོག་པདྨ་རྭ་ག ཛ་སག་དང་ཐའི་ཇི་རྣམས་ཀྱི་ཏོག་བྱུ་རུ། རིམ་བཞི་དང་སྲས་རྣམ་པའི་ཏོག་གཡུ། ལས་ཚན་ཆེ་ཆུང་དང་། དམག་སྒར་ཁག་གི་རུ་དཔོན་གྱི་ཏོག་མུ་མན། རིམ་པ་དྲུག་པ་བདུན་པ་དྲུང་དཀྱུས་དང་། དམག་སྒར་ཁག་གི་བརྒྱ་དཔོན་བཅས་ཀྱི་ཏོག་དུང་བཅས་སོ་སོར་ཡོད། དུས་ཆེན་དང་མཛད་སྒོ་ཆེ་ཁག་ལ་སྲིད་བློན་མན་དང་། ཛ་ཐའི་ཡན་གྱིས་ཁལ་ཁ་གཟུགས་ཞེས་པ་༼དེ་དག་སོག་པོའི་ཆས་ནས་དཔེར་བླངས་པར་གྲགས་༽བཞེས་དགོས་ཤིང་། དགུན་ཁ་ཝ་གིར་དང་། དབྱར་ཁ་སྦུ་ཁྲུ་ཞེས་པའི་དབུ་ཞྭ་བཞེས། རིམ་བཞི་ཡན་གྱིས་གོས་ཆེན་རྒྱན་བཞི་སེར་པོ་དང་། གསེར་སྐེད་ཅེས་པ་བཞེས་ཤིང་། དེ་བྱིངས་རྩིས་ཕྱག་སྲས་རྣམ་པས་མཚོན་དྲུང་འཁོར་ལས་ཚན་ཡོད་མེད་ལ་མ་ལྟོས་པ་ཚང་མས་རྒྱ་ལུ་ཆས་༼དེ་དག་ནི་བོད་གནའ་རབས་ཀྱི་ཆས་གོས་ཡིན་པར་གྲགས་༽བཞེས་དགོས་ལ་མཐོ་དམན་ཚང་མས་རྒྱ་གྲི་ཕོར་ཤུབས་དང་། ཁུག་མ་འདོགས་སྲོལ་ཡོད་པ་བཅས་རེ་ཞིག་དེ་ཙམ་ཞོར་འཕྲོས་སུ་བཀོད་པའོ།།

ཡིག་གཏགས་པ་ཏྰ་ནི་ཆོས་གྲགས་སོ།།