དྲ་ལམ་ནས་བོད་ཀྱི་བྱིས་པ་གཉིས་ལ་ཕ་མས་གཅར་རྡུང་བྱེད་པའི་བརྙན་ཞིག་མཐོང་འཕྲལ།


དང་པོ། ཕ་རྒན་དེས་བུ་མོ་ཆུང་ཆུང་ལ་དབྱུག་པ་སྦོམ་པོ་ཞིག་གིས་ཚོད་མེད་བརྡུངས་པར་མ་བཟོད་པ།

 

ཟླ་འདིའི་ཚེས ༡༣ ཉིན་བྱིས་པ་ལོ་ན་བཅུ་ཙམ་ཅན་ཞིག་གིས་ལས་བྱ་འབྲི་སྐབས་ཁྱིམ་བདག་ཅིག་གིས་ཤིང་གི་སྒྲོག་ཙེའི་རྐང་བ་ཞིག་ལོས་ཡིན་འདོད་པའི་དབྱུག་པ་སྦོམ་པོ་ཞིག་གིས་རྡུང་རྡེག་ཚད་མེད་གཏོང་བཞིན་པའི་བརྙན་ཞིག་ལ་བལྟས་པ་ཡིན། དང་པོར་བལྟས་ནས་ཡི་ག་རྒྱག་པ་དང་སྙིང་ལངས་པ་ཞིག་རེད་འདུག་ཀྱང་། ཡང་ནས་བསྐྱར་དུ་བལྟ་དགོས་བྱུང་། ཕ་རྒན་དེས་ལག་ཏུ་བཟུང་བའི་དབྱུག་པ་སྤོམ་པོས་བུ་མོ་ཆུང་ཆུང་དེའི་མགོ་ལུས་ཁྱད་མེད་ཀྱིས་གང་ལ་འཁེལ་ན་དེ་ལ་ཤུགས་ཀྱིས་གཞུས་སྟེ་སྐར་མ་གཅིག་དང་སྐར་ཆ་༣༣་རིང་དབྱུག་པས་ཐེངས་བཅུ་དྲུག་ལ་གཞུས་སོང་། ཁམས་སྐད་འཆད་མཁན་གྱི་ཁྱིམ་བདག་ལོ་ན་བགྲེས་ཙམ་པ་དེར་བྱིས་པ་ཆུང་ཆུང་དེས་ཞུ་བ་བྱེད་སྲོལ་ནི་ “འཕྱི་བ་ཁྱི་ལག་ཏུ་ཤོར་བའི་”ངང་ཚུལ་ལས་མ་འདས། གོང་ནས་བཤད་པ་ལྟར་བརྙན་ཐུང་དེར་བལྟས་མ་ཐག་སྙིང་ཁམས་ཡང་མི་བདེ་བ་ལྟ་བུར་བྱུང་བས། ངས་བོད་ཁམས་ཀྱི་དྲག་པོའི་སློབ་གསོའི་སྐོར་ལ་བསམ་བློ་ཡུན་རིང་བཏང་བ་ཡིན། སྤྱིར་ན་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལྟར་ན་རྐུབ་རྡོ་འཁྱག་སྟེང་གླན་ནས་དཔེ་ཆ་སྐྱོར་ན་བློར་ངེས་ཚུལ་སོགས་མང་པོ་ཞིག་བཤད་རྒྱུ་ཡོད་པ་མ་ཟད། དྲག་པོའི་སྦྱོར་བའི་འཕྲོད་ནས་བསླབ་འབྲས་ལེགས་པོ་ལོན་ནུས་ཚུལ་གྱི་དཔེ་ཉི་ཚེ་བ་རེ་དགོད་རྒྱུ་ཡོད་ཁར་དེ་ལེགས་པའི་སེམས་གཤིས་ཤིག་ཀྱང་ངང་གིས་གྲུབ་ཡོད་པ་དང་། མཚོ་ངོས་ནས་ཆེས་མཐོ་བའི་གནས་སུ་ཁྱིམ་གཞིས་བཟུང་བའི་བོད་པ་དག་ལ་རང་བཞིན་གྱི་སྙིང་ཁམས་མི་བདེ་བ་ལྟ་བུའི་ནད་གཞི་ཞིག་ཀྱང་ཡོད་པ་སོགས་ལ་གཞིར་བྱས་ནས། ཁྱིམ་ཚང་གི་དྲག་པོའི་སློབ་གསོའི་སྦྱོར་བའི་ཁྲོད་ནས་འཚར་བའི་བྱིས་པ་དག་ཞི་བའི་སློབ་གསོས་བསྐྱང་ན་འབྲས་བུ་ལོན་པ་ཞིག་མིན་པའི་ཚོད་དུ་འདུག་ཀྱང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མིའི་རིགས་ཀྱི་སེམས་གཤིས་ལ་མཚོན་ནས་བཤད་ན་དྲག་པོ་ལས་ཞི་བར་མོས་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བས་ང་ཚོའི་ཕྱི་རབས་པ་དག་ཀྱང་ཡོན་ཏན་དབྱུག་པའི་རྩེ་ན་ཡོད་པར་འདོད་པའི་བསམ་བློ་སྐྱོན་ཅན་དེས་བསྐྱང་ཡོང་དུས་འབྲས་བུ་ག་འདྲ་ཞིག་འབྱུང་རྒྱུ་ཡིན་ནམ། ང་ཚོའི་མི་རིགས་འདི་ད་དུང་ཡང་དབྱུག་པས་བསྐྱངས་ནས་ལོ་ག་ཚོད་རིང་འགྲོ་དགོས་སམ། ང་ཚོས་དུས་རབས་ལ་ཁ་ཕྱོགས་པའི་སློབ་གསོའི་ཐབས་ལམ་ཞིག་གཏན་ནས་འཚོལ་མི་རུང་བ་ཡིན་ནམ། ཞི་བའི་སློབ་གསོའི་ཐབས་ལམ་དག་ནི་བོད་པ་དག་ལ་གཏན་ནས་འབྱར་མི་སྲིད་པའི་ཤིང་དང་རྣོ་ཁབ་ལེན་གྱི་རང་བཞིན་ཅན་ཞིག་ཡིན་ནམ།
བྱིས་པ་ཉམ་ཐག་དེས་ཁྱེད་ཀྱིས་ང་ལ་མ་བརྡུངས་དང་ངས་ལས་བྱ་འབྲི་ཡ། ངས་ཁྱེད་ལ་ཞུ་བ་བྱེད། ང་ལ་མ་བརྡུངས་རོགས་ཞེས་ཕ་རྒན་དེར་ག་ཚོད་བཤད་ཀྱང་དེ་ནི་མིས་གཅན་གཟན་ལ་ཞུ་བ་བྱེད་པའི་དཔེ་རུ་གྱུར་སོང་བས་བརྙན་དེའི་མགོ་རྔ་ཆ་ཚད་ཡོད་ཚེ་དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་གཅར་ལོས་ཡོད་འདོད་པ་དང་། བྱིས་པ་དེའི་ལུས་པོ་ཆ་ཚང་སྔོན་པོས་བཏང་ཡོད་པ་ཡང་ཁོ་ཐག་ཡིན་པས། ཉིན་ཤས་རིང་བྱིས་པ་དེའི་འགྲོ་འདུག་ཉལ་ཆགས་ལ་བཟོད་དཀའ་བའི་མནར་གཅོད་བཏང་ཡོད་པ་མ་ཟད། གཟུགས་པོའི་སྟོད་སྨད་བར་གསུམ་ལ་ན་ཚ་གཏོང་བའི་སྐབས་དེར་སློབ་སྦྱོང་ལ་བློ་རྩེ་གཅིག་སྒྲིམ་བྱེད་མ་ནུས་པར་ཆུ་ཚོད་མང་པོ་ཞིག་ཀྱང་འཐུས་ཤོར་ལ་སོང་ལོས་ཡོད་སྙམ་པ་སོགས་ངས་རི་བོང་གནམ་རྡིབ་ཀྱི་སེམས་ཁུར་ལྷག་མ་ཞིག་མི་བྱེད་ག་མེད་དུ་གྱུར། དེའི་མུར་ངས་བརྙན་ཐུང་དེའི་གཤམ་དུ་ “ལག་ཕྲེང་བ་ཅན་གྱི་ཞེ་སྡང་གཅིག། ། ལག་ཁ་པར་ཅན་གྱི་བརྙན་ལེན་གཉིས།། སྙིང་གས་ལ་ཉེ་བའི་བྱིས་པ་གསུམ།། ཁྱིམ་གང་འདྲ་ཞིག་གི་སློབ་གསོ་ཡིན།། ཡུལ་གང་འདྲ་ཞིག་གི་དར་ལུགས་ཡིན།།” ཞེས་པའི་ཚིག་བཅད་ཅིག་བྲིས་ནས་སྐད་འཕྲིན་རྒྱབ་ལོགས་སུ་བཞག་པ་ཡིན། དེ་ནས་ཅང་མ་འགོར་བར་ “༢༠༡༦༩༢༢ སྤོས་ལྡན”་ཞེས་པའི་སྐད་འཕྲིན་གྱི་ཚོམས་ཤིག་ཏུ་ཡང་དྲ་གྲོགས་ཤིག་གིས་བསྐུར་ནས་བསླེབས་སོང་བས་གོང་གི་ངའི་ཚིག་བཅད་འདི་བསྐྱར་དུ་སྐུར་མཁན་དང་། ཕ་མས་བུ་ཕྲུག་ལ་གཅར་བ་རྒྱུན་ལྡན་ཡིན་མིན་སོགས་བསམ་ཚུལ་རིགས་ཁ་ཤས་ཤིག་བྱུང་སོང་། དེ་ནས་ཅང་མ་འགོར་བར་དྲ་གྲོགས་གཞན་ཞིག་གིས་ “བརྙན་ཐུང་ནང་གི་མི་རྒས་དེ་ནི་ལས་ཁྱུར་བྱས་ཟིན་པའི་དགེ་རྒན་རླབས་ཆེན་ཞིག་རེད། ཁོ་རང་ལ་བུ་ཕྲུ་གུ་མེད་ཀྱང་དྭ་ཕྲུག་མང་པོ་གསོ་༼གསོས་ནས༽སློབ་གྲྭར་མངགས་བཞིན་འདུག ཁོང་གི་༼གིས༽གསོ་སྐྱོང་བྱེད་༼བྱས༽པའི་ཕུལ་བྱུང་སློབ་མ་ཁ་ཤས་སློབ་ཆེན་ནས་མཐར་ཕྱིན་ཚར་འདུག” ཟེར། སྐད་ཆ་འདི་མཐོང་ཡང་ངས་བརྙན་ལེན་མཁན་དེས་ཀྱང་བརྙན་ལེན་པ་ལས་རྒན་པོ་དེ་བཀག་ནས་ཉམ་ཐག་པའི་བྱིས་པ་དེར་རོགས་མགོན་མ་གནང་བར་བཞག་པའི་ཚུལ་དེར་བསམས་ཡོང་དུས་བྱིས་པ་དེའི་ཁོར་ཡུག་ན་ཅི་འདྲའི་མི་བསམ་མེད་མང་པོ་ཞིག་ཡོད་ཨང་སྙམ་པ་ཞིག་ཀྱང་ཤུགས་ལ་བྱུང་སོང་།

ངས་གོང་གི་སྐད་ཆའི་ལན་དུ་ “ཞུ་བ་ག་ཚོད་བྱས་ཀྱང་ཁ་ངོ་མེད་སྲོལ་ལ་བལྟས་ན་ཁོང་སྙིང་ནད་ཅན་ཞིག་ཡིན་པ་འདྲ། ལག་གི་དབྱུག་པའི་སྦོམ་ཚད་ལ་བལྟས་ན་ཁོང་ཐབས་མཁས་ཤིག་མིན་པ་འདྲ། དྭ་ཕྲུག་དེ་ཚོའི་སྙིང་ལའང་བརྟག་དཔྱད་ཅིག་དང་། དེ་དུས་བརྙན་ལེན་མཁན་དེ་ཡང་སྨན་ཁང་དུ་ཕེབས་ནས་ཁོང་ཚོ་སུམ་ཆར་བརྟག་དཔྱད་ཅིག་བྱས་ན་ག་འདྲ་”ཞེས་རྩེད་མོའི་ཚུལ་གྱི་དོན་གཏམ་ཞིག་བཤད་པ་ཡིན། དྲ་གྲོགས་གཞན་ཞིག་གིས་ “ཁོང་ལའང་ཁག་མེད་པའི་རྒྱུ་མཚན་རེ་ཐོན་ན་ཐང་”ཟེར་བས་ངས་ཀྱང་ཁག་མེད་པའི་གནས་ལུགས་དེར་ཉན་འདོད་ཀྱིས་བསྒུགས་ཡོད།

དོན་དངོས་ནས་བཤད་ན་བོད་ཁམས་ན་བྱིས་པར་གཏན་ནས་གཅར་མ་མྱོང་བའི་ཕ་མ་ཤིན་ཏུ་དཀོན་པ་བདེན་ཡང་། གཅར་དུས་ཁོང་ཁྲོ་ལངས་མདོག་གིས་རྐུབ་ལ་གཞུ་སྟངས་སོགས་སུ་བལྟས་ན་འཇིགས་འཇིགས་འདྲ་ཡང་བྱིས་པའི་ལུས་སྟེང་དུ་རྗེས་ཆེན་པོ་མི་འབབ་པའི་རིགས་ནི་ཕ་མ་མང་ཤོས་སུ་གྱུར་ཡོད། ཕ་མ་ངོ་མས་རང་གི་བུ་ཕྲུག་ལ་གཅར་བ་དང་གོང་གི་རྒད་པོས་བྱིས་པར་གཅར་སྟངས་གཉིས་ལ་ཁྱད་ཤིན་ཏུ་ནས་ཆེན་པོ་ཡོད། རླབས་ཆེ་བའི་དགེ་རྒན་ཁོང་གིས་དྭ་ཕྲུག་བསྐྱངས་ཚད་ལ་གཅར་རྡུང་དེ་ལྟར་བྱས་ཡོད་ཚེ་ཕ་མའི་བརྩེ་བ་མ་རེག་པའི་དྭ་ཕྲུག་དེ་དག་ཀྱང་ཐབས་ཟད་ཨུ་ཐུག་གི་གནས་ལ་ཐེངས་ག་ཚོད་ཅིག་བསྐྱལ་ཡོད་ཨང་སྙམ་ན་ཤ་འདར་རྒྱག་པ་ཞིག་རེད། བྱིས་པ་དེའི་ལུས་ལ་སྔོ་ཐིག་ག་ཚོད་ཅིག་ཕབ་ཡོད་དམ། རྒན་པོ་ཁོང་གི་སྙིང་ལ་ཡང་གནོད་པ་ག་ཚོད་ཅིག་ཐེབས་ཡོད་དམ།

མི་རྒྱུན་ལྡན་ཞིག་ཡིན་ཚེ་བུ་ཕྲུག་གིས་དེ་ལྟར་ཞུ་བ་བྱས་ཚེ་ག་ལེར་ཁོང་ཁྲོ་ཞུ་འགྲོ་ལ་ལག་གི་དབྱུག་པ་སྦོམ་པོ་དེ་འདྲས་བྱིས་པའི་མགོ་ལ་གཞུ་ག་ནས་ཐུབ།

རྒད་པོ་འདིའི་གཅར་སྟངས་ལ་བལྟས་ཡོང་ན་བྱིས་པའི་མགོ་བོ་བཀད་བཞག་ཀྱང་། ཡན་ལག་བཅགས་ནས་དབང་བོ་སྐྱོན་ཅན་དུ་བཏང་ཡང་འདང་རྒྱག་ཅི་ཡང་མེད་པ་འདྲ་བས་བྱིས་པར་གཅར་སྟངས་འདིའི་རིགས་ལ་ང་ཚོ་སུ་ཡིན་ཡང་གཟབ་གཟབ་དང་བཅས་ནར་མ་སོན་པའི་བྱིས་པའི་སྙིང་རྩད་ལ་བསམ་བློ་ནན་ཏན་དུ་གཏང་དགོས་པ་ལས་སློབ་གསོ་འདིའི་རིགས་ཀྱིས་བྱིས་པ་མང་པོ་ཞིག་གི་སེམས་ཁམས་རྒྱུན་ལྡན་མིན་པར་བསྒྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ནས་ཆེ། ནར་མ་སོན་པའི་བྱིས་པ་དག་ནི་ལུས་ཀྱི་དོན་ལྔ་སྣོད་དྲུག་ལ་གཉོམ་ལག་མ་རྒྱས་པའི་སྐབས་ཡིན་པས་འདི་འདྲས་དྲག་ལས་བྱས་ཚེ་བྱིས་པ་ཞ་བོར་འགྱུར་ཉེན་ཆེ་ཁར་པགས་པའི་སྟེང་དུ་རྗེས་འབབ་སླ་ལ་སེམས་ལ་རྨ་ཁ་ཡང་ཤིན་ཏུ་ནས་བཟོ་སླ་བ་མ་ཟད། སྟབས་མ་ལེགས་ན་སྙིང་གས་ནས་ཤི་ཡང་སྲིད་པས་བོད་ཁམས་ཀྱི་ཕ་མ་ཡོངས་ཀྱིས་བྱིས་པ་དག་ཀྱང་མི་ཡིན་པས་བདེ་བ་ལས་སྡུག་བསྔལ་ལ་མི་དགའ་བ་དང་། དབྱུག་པ་ལས་གནས་ལུགས་ལ་བརྟེན་ནས་བསྐྱང་ནུས་པའི་སེམས་ཅན་ཞིག་ཡིན་པ་འདི་སེམས་ལ་འཛིན་དགོས་པའི་གནད་ཅིག་གོ།།


གཉིས། མ་རྒན་ཞིག་གིས་བྱིས་པའི་མགོ་བོ་ཆུ་ལ་བྱིང་ནས་ཆད་པ་གཅོད་ཚུལ་ལ་མ་བཟོད་པ།

 

བརྙན་གཞན་པ་དེར་སྐར་ཆ་དགུ་ལས་མི་འདུག་ཀྱང་། མ་རྒན་ཞིག་གིས་བྱིས་པའི་རྐང་བ་གཉིས་ཀྱིས་བཟུང་ནས་མགོ་ཆུ་ལ་བྱིང་ནས་ཆད་པ་གཅོད་བཞིན་པའི་རྣམ་པ་མིག་གིས་བལྟར་མི་བཟོད་པ་ཞིག་རེད། སྤྱིར་ན་རྒྱ་ནང་གི་བྱིས་སྐྱོང་ཁང་གི་དགེ་རྒན་ཁག་ཅིག་གིས་བྱིས་པར་ཚད་ལས་བརྒལ་བའི་ལུས་ཆད་གཅོད་པའི་བརྙན་མང་པོ་ཡོད་ན་ཡང་། བོད་ཁམས་ནས་ཁོ་ཚོའི་དགེ་རྒན་བསོད་ནམས་སྐྱིད་ལྟ་བུ་རེ་ཟུང་ལས་བྱུང་མེད་པའི་དེ་རིང་། བོད་པ་དག་གི་སྤྱོད་ངན་ཡང་དྲ་ལམ་ནས་རིམ་གྱིས་མངོན་པའི་སྐབས་ཤིག་ཏུ་འགྱུར་བཞིན་པ་ལྟར་མ་རྒན་དེས་མགོ་བོ་ཐུར་དུ་བསྟན་པའི་བྱིས་པའི་རྐང་བ་གཉིས་ཀྱིས་བཟུང་ནས་བྱིས་པ་ཆུའི་ནང་གཡུག་རྩིས་དང་། བྱིས་པ་དེས་ཨག་སྐད་དགུང་ལ་མཆེད་ཀྱང་མ་རྒན་དེས་ཅི་མི་སྙམ་པར་བྱིས་པའི་མགོ་བོ་ཆུའི་ནང་ལ་ཡང་ནས་ཡང་དུ་བྱིང་དུ་བཅུག་ཚུལ་དེས་ཁོ་བོ་སོགས་བལྟ་མཁན་མང་པོ་ཞིག་གི་སྙིང་ལ་ཡང་ཟུག་གཟེར་མང་པོ་རྒྱག་ཏུ་བཅུག་སོང་བས། བྱིས་པ་དེའི་སྙིང་ཁམས་ལ་གནོད་པ་ག་འདྲ་ཞིག་བསྐྱལ་ཡོད་དམ། གལ་སྲིད་སྟབས་མ་ལེགས་པར་མ་རྒན་དེའི་ལག་ནས་ཤོར་བ་ཡིན་ན་ཉེན་ཁ་ག་ཚོད་ཅིག་འབྱུང་རྒྱུ་ཡིན་ནམ། ངོ་མ་འཇིགས་ཡེར་བ་ལ་ཨང་།

ནམ་རྒྱུན་བོད་པ་ཚོས་ནི་རང་ཉིད་བྱམས་དང་སྙིང་རྗེའི་བདག་ཉིད་དུ་འདོད་པ་ལྟར་གང་སར་སྒྲོག་གིན་ཡོད་ཀྱང་བྱིས་པ་ཆུང་ཆུང་འདི་དག་གི་སེམས་ཁམས་དང་འབྲེལ་བའི་སློབ་གསོ་ལ་བསམ་བློ་ཅི་ཡང་གཏོང་མི་ཤེས་ན་ཡང་། སྙིང་གས་ལ་ཉེ་བའི་བྱིས་པ་འདི་དག་ལ་སྙིང་རྗེ་སྤུ་ཙམ་ཡང་སྒོམ་མི་ཤེས་པ་དང་། ཞུ་བ་ག་ཚོད་བྱས་ཀྱང་ཁ་ངོ་ཏོག་ཙམ་ཡང་མེད་པའི་ལག་ཕྲེང་བ་ཅན་འདི་དག་ལ་ཅིས་ཉེས་པ་ཡིན་ནམ། འདི་དང་འདི་ལྟ་བུའི་སློབ་གསོའི་གོལ་ས་འདིས་ང་ཚོ་ནི་ནམ་ཡང་ཡར་རྒྱས་མེད་པའི་མི་རིགས་ཤིག་དང་། ང་ཚོའི་མི་རིགས་འདིས་ནམ་ཡང་གོ་བ་མེད་པའི་གླང་རྒན་ལ།། རྒྱལ་བོའི་བཀའ་ལས་དབྱུག་པ་བཙན།། ཟེར་བའི་ལེགས་བཤད་དང་ཐབས་ལམ་ཞིག་ཏུ་བཟུང་བསྡད་ན། ང་ཚོ་ནི་དུས་ནམ་ཞིག་ལ་དབྱུག་པ་ལས་གནས་ལུགས་དབང་བཙན་པའི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་ནམ། གོང་གི་རྒན་པོ་དང་མ་རྒན་འདི་གཉིས་ཀྱིས་ཀྱང་རང་གི་བྱེད་ལུགས་འདི་སློབ་གསོའི་ཐབས་ལམ་དུ་བཟུང་ཡོད་ངེས་ཅན་ཡིན་པས། ང་ཚོས་ད་དུང་ཡང་དུས་རབས་དང་ལོ་རབས་ག་ཚོད་ཅིག་ལ་སློབ་གསོའི་ཐབས་ལམ་འདི་ལག་བསྟར་བྱས་ནས་འགྲོ་དགོས་སམ། ང་ཚོས་དུས་ནམ་ཞིག་ལ་ཡོན་ཏན་དབྱུག་པའི་རྩེ་ན་མེད་པའི་སློབ་གསོ་ཞིག་གཉེར་ཐུབ་བམ། ང་ཚོས་དུས་ནམ་ཞིག་ལ་ནག་ནོག་བྲལ་བའི་བྱིས་བློར་འཇིགས་སྐུལ་མ་བྱས་པར་དྭངས་གཙང་དང་ཁོད་ཡངས་ཀྱི་ཁོར་ཡུག་ཅིག་ནས་བྱམས་པ་དང་སྙིང་རྗེའི་སྒོ་ནས་སྐྱེད་བསྲིང་བྱེད་སྲིད་དམ། བདག་གི་སྤུན་ཟླ་ཚོ།