༼དབྱངས་ཅན་མ་འཚོལ་མཁན་གྱི་གཅན་རང་སད་དང་ཁོས་དབྱངས་ཅན་མ་འཚོལ་བའི་ཟུར་གླེང་བ།༽


དབྱངས་ཅན་མ་འཚོལ་མཁན་ནི་གཅན་རང་སད་ལགས་ཡིན་ཞིང་། ཁོ་བོས་ཁོང་གི་རྩོམ་ཡིག་ཐོག་མ་ཀློག་དུས་ནི་༡༩༩༢ ལོ་ཡས་མས་ཤིག་རེད་ལ། དེ་ནི་ཁོང་གིས་ཡར་སྔོན་རྨ་ལྷོ་དགེ་ཐོན་སློབ་གྲྭ་རུ་སློབ་གཉེར་བྱེད་པའི་སྐབས་སུ་བྲིས་པ་འདྲ། མིང་ལ་ཨ་འབྱུང་ཆོས་གྲགས་རྒྱལ་ཟེར། རྩོམ་ཡིག་གི་མིང་མི་དྲན་མོད། སྦྲང་ཆར་དུས་དེབ་ཀྱི་ཤེའུ་རྩེན་པའི་སྤང་ཐང་དུ་བཀོད་ཡོད་པ་དྲན་གསོས་ཀྱིན་འདུག དེའི་རྗེས་སུ་༼རྒྱང་གི་རིང་ཨ་མ་༽ཞེས་པའི་རྩོམ་ཡིག་ཅིག་བཀླགས་ཤིང་། རྩོམ་པ་པོའི་མིང་ལ་དཔལ་བརྩེགས་ཞུ། སྐབས་དེར་ཁོང་རྗེ་ཞྭ་དམར་བའི་གདན་ས་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་མཆིས། དེའི་རྗེས་སུ་རིམ་གྱིས་བོད་ཁུལ་གྱི་དུས་དེབ་ཅུང་མིང་གྲགས་ཡོད་པ་དག་གི་སྟེང་དུ་ཨ་བཙུན་བྱམས་པ་དགེ་ལེགས་ཞུ་བའི་རྩོམ་པ་པོ་ཞིག་ཐོན་ཅིང་། རིང་བོར་མ་སོང་བར་གཅན་རང་སད་ཅེས་པའི་རྩོམ་པ་པོ་ཞིག་ཀྱང་དུས་དེབ་དག་ཏུ་མཐོང་རྒྱུ་མང་ནས་མང་དུ་འགྲོ་བཞིན་ཡོད་མོད། ཁོ་བོས་སྐབས་དེར་ཨ་འབྱུང་ཆོས་གྲགས་རྒྱལ་དང་། དཔལ་བརྩེགས། ཨ་བཙུན་བྱམས་པ་དགེ་ལེགས། གཅན་རང་སད་སོགས་མི་གཅིག་གི་མིང་ཡིན་ནམ། ཡང་ན་གང་ཟག་སོ་སོ་བ་ཡིན་པ་གསལ་བོར་ཤེས་མ་སོང་མོད་ང་ནི་ཁོང་གི་ཀློག་པ་པོའི་གྲས་སུ་ཡོད།

༡༩༩༤ལོའི་ལོ་སྨད་ཙམ་ལ་རོང་བོ་དགོན་ཆེན་ནས་ངེད་གཉིས་དངོས་སུ་འདུ་ཁང་གཅིག་ཏུ་འཛོམས་ཤིང་། དགའ་ཕྱོགས་ཀྱི་དབང་གིས་ཁ་བརྡ་མང་སའི་གྲོགས་པོ་རུ་གྱུར་ཡང་། དྲང་མོར་བཤད་ན་སྐབས་དེར་ཁོ་བོའི་སེམས་སུ་ཁོང་ནི་རང་ལས་མཐོ་བ་ཞིག་ཏུ་ངོས་བཟུང་ཡོད་པ་ལས་འདྲ་མཉམ་ཞིག་ཏུ་བརྩིས་མེད་མོད། ཕྱིའི་རྣམ་པའི་སྟེང་ནས་འདྲ་མཉམ་དུ་བལྟས་པ་ཡིན། ཁོང་ནི་ནམ་རྒྱུན་སྨྲ་བ་ཉུང་ཞིང་། གཉོམ་ཆུང་ཞི་དུལ་ངང་དུ་འདུག་ཚུལ་དེ་སྐབས་དེའི་ཆོས་གྲོགས་ཀུན་ཀྱིས་ཤེས་པ་རེད། གལ་ཏེ་རྩོམ་རིག་སྐོར་གྱི་གླེང་མོལ་བྱུང་ཚེ། ལག་པའི་ཕྱག་རྒྱ་དང་བཅས་ཏེ། གདོང་གིས་ཉམས་འགྱུར་སྣ་ཚོགས་སྟོན་བཞིན་སྤྲིན་གྱི་ཕོ་ཉ་དང་རཱ་མ་ཎའི་རྟོགས་བརྗོད།ཕོ་ཉ་བ་གཞོན་ནུ་དོན་འགྲུབ་སོགས་སྔོན་གྱི་སྙན་ངག་གྲགས་ཅན་དང་། སྐབས་དང་སྐབས་ཀྱི་སྙན་ངག་གང་ཡག་དག་བློ་ནས་ཤར་མར་འདོན་པར་མ་ཟད། རྒྱ་ཡིག་གི་སྒྲུང་ཐུང་མང་པོ་བཤད་ནས་ཉན་པ་པོ་ཧད་པར་བྱེད་ངེས་ཡིན། ད་རུང་ཉིན་མཚན་གྱི་དབྱེ་བ་འང་མི་ཤེས་པའི་ཚད་དུ་བསྐྱལ་ངེས་ཡིན། ངས་བསམས་ན་ད་ལྟའི་ཆ་ལ་འདི་འདྲའི་རྩོམ་རིག་ལ་དགའ་མཁན་ཞིག་དང་འདི་འདྲའི་དོན་དུ་གཉེར་མཁན་ཞིག འདི་འདྲའི་རྩོམ་ཡིག་གསར་རྙིང་མང་པོ་བློར་འགྲོ་མཁན་ཞིག་དཀོན་པོར་སྣང་། སྐབས་ཤིག་ལ་ཁོང་གིས་ཁོ་བོར་བཤད་པ་ལྟར་ན། ཤོག་བུ་དང་སྨྱུ་གུ་མི་འཛོམས་པའི་དུས་ལ་སྙན་ངག་གསར་བ་བློར་བརྩམས་ནས་ཕྱིར་ཤག་ཏུ་ལོག་འཕྲལ་ཤོག་ངོར་ཕབ་པ་ཡིན་ཟེར། ཁོང་གིས་སྙན་ངག་གསར་རྩོམ་ལ་འབད་པའི་ཡུན་ནི་ལོ་ཟླ་ཐུང་ངུ་ཞིག་མ་ལགས་ཏེ། ཕལ་ཆེར་མི་ལོ་སུམ་ཅུར་ཉེ་བའི་རིང་རེད། འབད་པ་དང་རྩོལ་བ་ཤུགས་དྲགས་པ་དེའི་བཀའ་དྲིན་ལས། ཁོང་གིས་༢༠༠༠ལོར་༼ཤམ་བྷ་ལའི་ཅོང་སྒྲ་༽བརྩམས་ཏེ་སྐབས་དེའི་སྙན་དེབ་དག་ལས་ཤན་སྟོབས་ཆེས་ཆེ་བ་རུ་གྱུར་བ་དེ་ཀུན་ལ་གསལ་བའོ།།

རིམ་གྱིས་འདུས་བྱས་སོ་ན་མི་གནས་པའི་ཆོས་ཉིད་བཞིན་ངེད་གཉིས་ཀྱི་འཚོ་བ་རོལ་ཚུལ་སོགས་སོ་སོར་གྱུར་ཅིང་། ལོ་ཟླ་རེ་གཉིས་ལ་གང་དུ་ཡོད་མེད་ཀྱི་སྐད་ཆ་འང་མ་གོ་བའི་དུས་མང་མོད། ཁོང་གིས་བརྩམས་པའི་སྙན་ངག་གི་དེབ་༼ལང་ཚོའི་ཞབས་རྗེས་༽དང་། ༼མི་ཡུལ་འགྲིམས་པའི་གད་རྒྱངས་༽ གཉིས་དང་གཞན་བཀའ་བསྟན་སྐོར་གྱི་དཀར་ཆག་གི་དེབ་སྐད་གཉིས་ཤན་སྦྱར་ཅན་སོགས་བརྩམས་ཆོས་མང་པོར་མཇལ་དང་མཇལ་བཞིན་ཡོད་རྐྱེན། རྩོམ་རིག་ལ་དུངས་པའི་ཁོང་གི་སེམས་ཤུགས་དེ་ལྷོད་མེད་པ་གོ་ཐུབ་པར་མ་ཟད། འཁོར་བའི་རྒྱ་རུ་ལྷུང་ཡང་རྩོམ་རིག་གི་ལས་གཉེར་བའི་སྙིང་སྟོབས་དེའི་རྒྱུན་བཟུང་ཡོད་པ་ཤེས། ༢༠༡༥ ལོའི་སྨད་ཙམ་ནས་བཟུང་ངེད་གཉིས་སླར་ཡང་གྲོང་ཁྱེར་གཅིག་ཏུ་འཛོམས་ཤིང་། ཁ་བརྡ་མང་དུ་གློད་རྒྱུའི་གོ་སྐབས་བྱུང་བའི་ཚེ་ལ། ཁོང་གིས་སྔར་བཞིན་སྙན་ངག་འབྲི་ཤུགས་ཆེ་རུ་བསྐྱེད་དེ་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་རབ་བྱེད་སོ་བཞིའི་བདག་ཉིད་ཅན་འདི་དང་དེའི་ཟུར་རྒྱན་སྒིས་སྟེང་བློ་བཟང་དཔལ་བའི་རྟོགས་བརྗོད་༼ཀུན་བཟང་མཆོད་པའི་བླ་རེ་༽སོགས་བསྣན་ནས་ཤོ་ལོ་ཀར་བརྩིས་པ་ཡིན་ན་ཤོ་ལོ་ཀ་སྟོང་དང་ལྔ་བརྒྱའི་གཞུང་ཚད་ཅན་དང་། དེ་མིན་སྙན་ངག་ཁ་ཐོར་དག་གཅིག་ཏུ་བསྡེབས་ན་སྙན་ངག་གི་དེབ་གཉིས་ཙམ་ལ་ལོངས་པ་ཞིག་བྲིས་ཡོད་པར་ཤེས་ནས་གུས་པོ་ཤིན་ཏུ་ངོ་མཚར་སྐྱེས་སོ།།

ཁོ་བོས་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་སྙན་ངག་གི་བསྟན་བཅོས་ཆེན་མོ་འདི་ཉིན་འགའི་དུས་ཚོད་བཏང་ནས་བཀླགས་པ་ཡིན། བསྟན་བཅོས་འདི་རབ་བྱེད་སོ་བཞིས་བསྡུས་ཤིང་། (ཟུར་བཀོད་ཀྱི་སྙན་ངག་དག་རབ་བྱེད་ཀྱི་གྲས་སུ་མི་འདུ)ཤོ་ལོ་ཀ་ལྟར་བརྩིས་པ་ཡིན་ན་ཤོ་ལོ་ཀ་སྟོང་ཕྲག་གཅིག་དང་བརྒྱ་མེད་ཉེར་གཅིག་གིས་གྲུབ་ཡོད། འདིར་ཡིག་གྲངས་དང་ཚེག་ཁྱིམ་གྱི་གྲངས། ཡང་ན་རྐང་གྲངས་ལྟར་བརྩིས་ན་ཤིན་ཏུ་མང་ཐག་ཆོད་པས་ཁོ་བོས་ཞིབ་རྩིས་བྱས་མེད་པས་ཀློག་པ་པོ་དག་ལ་བཟོད་གསོལ་ཞུ། ཐེངས་འདིར་ཁོང་གིས་བརྩམས་པའི་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་བསྟན་བཅོས་འདིའི་རྩོམ་ལུས་ཚིགས་བཅད་རྐྱང་བའི་ལུགས་སུ་བརྩམས་ཤིང་། རྩོམ་ལུགས་ཀྱང་སྔོན་གྱི་མེས་པོ་དག་གི་རྩོམ་གཤིས་དང་མཐུན་ཆ་ཤིན་ཏུ་ཆེ། བསྟན་བཅོས་འདིའི་རྒྱབ་ཤའི་མདུན་ཕྱོགས་ཀྱི་སྟེང་དུ་ཁོང་གིས་ཡི་གེ་འདི་འདྲ་ཞིག་བྲིས་འདུག ༼༄༅།།མེས་པོའི་རུས་རྐང་གི་འཚོ་བཅུད། སྲོལ་རྒྱུན་སྙན་ངག་གི་བླ་སྲོག་སླར་གསོའི་བཟོ་སྐྲུན།༽ ཞེས་རྩོམ་པ་པོའི་དགོངས་པ་གསལ་བོར་བསྟན་ཡོད་པ་འདྲ། ཡིན་ཡང་དེ་ནི་སྙན་ངག་གི་བསྟན་བཅོས་ཆེན་མོ་འདིའི་ཟུར་གཞན་ཞིག་གི་དགོངས་པ་ཡིན་པ་ལས། བསྟན་བཅོས་འདིའི་དགོངས་པ་མཐར་ཐུག་ཡིན་པར་ཆ་འཇོག་བྱེད་དཀའ། རྒྱུ་མཚན་ཁོང་གིས་འཚོལ་བཞིན་པའི་དབྱངས་ཅན་མ་ནི་སྣང་སྲིད་འཁོར་འདས་ཀྱི་ངོ་བོ་རོ་གཅིག་ཏུ་གྱུར་བའི་དབྱངས་ཅན་མ་ཞིག་ཡིན་ནམ། འཁོར་བ་སྤྱི་དང་བྱེ་བྲག་གི་འདུ་འཛིར་གཡེངས་པའི་དབྱངས་ཅན་མ་ཞིག་ཡིན། ཡང་ན་འོད་ཟེར་གྱི་དབྱིངས་དང་འདྲེས་པའི་རྩོམ་པ་པོའི་སྙིང་ལ་གནས་པའི་དབྱངས་ཅན་མ་ཞིག་ཡིན་ནམ། གང་ཡིན་ཆ་མ་འཚལ་བའི་དུས་འདི་ལ་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་བསྟན་བཅོས་འདིའི་དགོངས་པ་ནི་མཐའ་གཅིག་ཏུ་ཧྲིལ་གྱིས་འཇོག་དཀའ་བའི་ཕྱིར་རོ།།

དེ་ལྟའི་ཕྱིར་ན་ཁོ་བོས་ཀློག་པ་པོ་དག་ལ་དགོངས་དག་ཟེར་རྒྱུ་ལས་གནད་གཅིག་ལ་མཛུབ་མོ་ཀེར་ཐུབ་མ་བྱུང་། སྤྱིར་འགྲོ་ལུགས་ལྟར་ན། བསྟན་བཅོས་དེ་གླེང་བའི་གཏམ་ལ་མཚམས་སྦྱོར་གྱི་ནུས་པ་ལྡན་དགོས་པ་སྨོས་མེད་རེད། ཀློག་པ་པོ་དབང་རྟུལ་ཞིག་ཡིན་ཀྱང་བསྟན་བཅོས་དེ་གླེང་བའི་མཚམས་སྦྱར་བ་བརྒྱུད། བསྟན་བཅོས་དེའི་འགྲོ་ཕྱོགས་ཤིག་ངོ་འཕྲོད་པ་ཡིན་ན་བསྟན་བཅོས་དེའི་བཀླགས་བྱང་གི་འབྲས་བུ་རྫོགས་པ་རེད་མོད། ཁོ་བོ་རང་ལ་མཚོན་ན་དེ་ལྟའི་ཤེས་ཚད་དམའ་བར་བསྟུན་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་བསྟན་བཅོས་འདིར་འོབས་སུ་ཆུད་པའི་བཀླགས་བྱང་ཞིག་འབྲི་མི་སྤོབས་པ་ཀུན་ཀྱིས་ཤེས་གསལ་ལྟར་ལགས་ཀྱང་། གཅིག་ནས་རྩོམ་པ་པོ་ཁོང་དང་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་གང་འཚམ་རོལ་བས་རྒྱུས་ཡོད་ཀྱི་གྲས་ཡིན་པས་དེབ་འདི་མི་གཞན་གྱིས་བཀླགས་པའི་བྲོ་བ་དང་གཅིག་མཚུངས་མ་ཡིན་པར་གོ་བ་གཞན་ཞིག་མཐོང་སྲིད་པ་དང་། གཉིས་ནས་རང་ཡང་ཚིགས་བཅད་སྙན་ངག་བཀླག་རྒྱུར་ཤིན་ཏུ་དགའ་བོ་ཡོད་རྐྱེན། ༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་བསྟན་བཅོས་འདི་བཀླགས་པའི་ཟིན་ཐོ་རགས་པ་ཞིག་ཡི་གེའི་ལམ་དུ་འདེབས་འདོད་སྐྱེས་པའོ།།

ཁོ་བོའི་ངོར་དོན་དམ་དུ་སྙན་ངག་པ་གཅན་རང་སད་ལགས་ཀྱིས་དབྱངས་ཅན་མ་ནི་ཇི་ལྟར་འཚོལ་བཞིན་ཡོད་པ་གྱ་ཚོམ་དུ་ལུས་ཤིང་། དྲི་བ་ཞིག་ལྷག་པ་ནི། རྩོམ་པ་པོས་བློའི་གཡོ་བ་སྔོན་དུ་བཏང་ནས་རྒྱ་ཆད་ཕྱོགས་སུ་མ་ལྷུང་བའི་འཇིག་རྟེན་མེས་པོའི་ཀུན་ཏུ་རྟོག་པའི་འདུ་བྱེད་ཀྱི་ཟོམ་ལ་འཚོལ་བཞིན་ཡོད་དམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དབྱིངས་ཟད་མི་ཤེས་པའི་ཀློང་ན་འཚོལ་བཞིན་ཡོད། གཞན་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་རྣམ་མེད་རྗེན་འཆར་དུ་གཟིགས་ཤིང་། ས་ལ་གནས་པའི་འཕགས་པ་འཇམ་དཔལ་རྡོ་རྗེ་ཡིས་དབྱངས་ཅན་མ་དགའ་མར་བསུས་པའི་རྣམ་པར་ཐར་བ་དེ་འཚོལ་བཞིན་ཡོད་དམ། དེ་ལྟར་གུས་པོ་ནི་ཧད་དེ་བའི་ངང་དུ་ལུས་པའི་ཚེ་ན། ༼དབྱངས་ཅན་མ་འཚོལ་བའི་༽བསྟན་བཅོས་འདི་ཀློག་སྐལ་ལྡན་ཞིང་རབ་བྱེད་རེ་རེ་ན་དབྱངས་ཅན་མ་འཚོལ་ལུགས་ཀྱི་གསང་བ་མན་ངག་མང་དུ་སྤུངས་ཡོད་པའི་ཟུར་རེ་ལ་མཇལ་རྒྱུ་བྱུང་། དབྱངས་ཅན་མ་འཚོལ་བའི་རབ་བྱེད་ལྔ་བ་ན། ༼དབྱངས་ཅན་ཕྱི་ན་མེད་དེ་ནང་ན་མཆིས།། ནང་གི་ཤེས་རབ་ཟབ་མོའི་སྒྲ་དབྱངས་ཤིག། ཇི་སྲིད་ཚེ་ཡི་གོམ་ཁ་མ་འགགས་པ།། དེ་སྲིད་ཤེས་རབ་ལྷ་མོ་ནང་ནས་འཚོལ།།༽ ཞེས་ལྷ་མོ་དབྱངས་ཅན་མ་དེ་ནང་གི་གཉུག་གཤིས་ཀྱི་འོད་དང་འདྲེས་ཤིང་། རང་བཞིན་གྱི་གཤིས་ལ་དྲི་མ་མ་ཞུགས་པའི་གནས་སུ་འཚོལ་དགོས་པར་གདམས་ཀྱང་། རབ་བྱེད་དང་པོ་རུ། ༼ཞི་ལ་ཞི་བའི་ཉམས་ལྡན་དབྱངས་ཅན་མ།། རྒྱས་ལ་རྒྱས་པའི་ལས་མཛད་རེ་མ་ཏི།། དབང་ལ་དབང་གི་གར་མཛད་ནག་མོའི་ཞབས།། དྲག་ལ་དྲག་པའི་ཚུལ་སྟོན་དམག་ཟོར་མ།།༽ཞེས་གཅིག་ཏུ་མ་ངེས་པར་གདུལ་བྱ་སོ་སོའི་ཁམས་དང་མོས་པ་བཞིན་ཞི་རྒྱས་དབང་དྲག་གི་མཛད་པ་བྱར་མེད་དུ་སྟོན་པའི་ཚུལ་དེ་ལས་དབྱངས་ཅན་མ་འཚོལ་དགོས་པར་ཡང་གདམས་ཡོད། སྔོན་མའི་གསུང་རབ་ཏུ། གང་ལ་མོས་པ་གཙོ་ཆེ་བ།། དེ་ཡི་མདུན་ན་ཐུབ་པ་བཞུགས།། གསུངས་པ་ལྟར་དབྱངས་ཅན་མ་ནི། གནས་ལ་ངེས་པ་མ་མཆིས་ཤིང་། སྤྲུལ་བ་ལ་འདི་ཡིན་མེད་པ་ཞིག་ལགས་ན། རྩོམ་པ་པོ་གཅན་རང་སད་ལགས་ཀྱིས་དབྱངས་ཅན་མ་འཚོལ་བའི་དུས་ཀྱི་ཕྱི་ནང་གང་དུ་འང་། དབྱངས་ཅན་མ་ནི་བརྟན་པ་མེད་པར་ཆུ་ཟླའི་རོལ་གར། ངེས་པ་མེད་པར་སྒྱུ་མའི་རང་མདངས་སུ་སོང་བས། སྐབས་ལ་ལར་འཇིག་རྟེན་འཁོར་བའི་བྱེ་ཐང་ན་སྐྱེ་བ་དང་རྒ་བ། ན་བ་དང་འཆི་བའི་ངང་ཚུལ་གྱིས་སེམས་ཞུམ་ཐག་ཆོད་དེ་ག་བྱེད་དང་འདི་བྱེད་མེད་པར་གྱི་ནར་ལུས་པའི་ཚེ་ན། ལྷ་མོ་དབྱངས་ཅན་མའི་བྱིན་རླབས་ཞུགས་ཚུལ་ནི། རབ་བྱེད་བརྒྱད་པ་ལས། ༼ཇི་ལྟར་བཙལ་ཀྱང་གང་ཡང་མ་རྙེད་པས།། སྲིད་པའི་གྲོང་ན་ཨ་ཐང་ཆད་པའི་དུས།། བྱ་ཆེན་གཤོག་རླབས་གཡོ་བའི་འགྱུ་བག་གིས།། སླར་ཡང་འོད་དཀར་འཕྲོ་བའི་ལམ་ཞིག་བསྟན།།༽ཞེས་པ་ལྟར་ལས་ཉོན་ཀྱི་རླུང་གིས་ལམ་གང་ཞིག་ལ་ལོག་པར་ཞུགས་ཉེ་སྐབས། ཡང་དག་པའི་ལམ་དེར་འཁྲིད་པའི་འོད་དཀར་བོ་ཞིག་ཏུ་སྣང་བའི་ཚུལ་བསྟན་པའི་དོན་འདི་ལ་བསམས་འོང་ན། དབྱངས་ཅན་མ་ནི། གང་དག་ང་ལ་གཟུགས་སུ་མཐོང་།། གང་དག་ང་ལ་སྒྲར་ཤེས་པ།། གསུངས་པ་བཞིན་སྣང་བར་ངེས་ཤིང་། དེ་ལྟར་ངེས་པའི་རྟོགས་པ་ཁྱད་པར་ཅན་གྱིས་རྩིས་ཟིན་པའི་སྒོ་ནས་སྙན་ངག་པ་གཅན་རང་སད་ལགས་ཀྱིས་ཀྱང་། ༼དབྱངས་ཅན་མ་འཚོལ་བའི་༽བསྟན་བཅོས་ཤོ་ལོ་ཀ་སྟོང་ཕྲག་ལྷག་གི་རང་བཞིན་ཅན་འདི་བརྩམས་ཏེ། རང་གིས་བརྒྱུད་མྱོང་བའི་འཚོ་བ། སྨིན་དང་མ་སྨིན་པའི་ལམ། འཇམ་པ་དང་རྩུབ་པའི་ལམ། དོག་པ་དང་ཡངས་པའི་ལམ་ཇི་སྙེད་ནས་དབྱངས་ཅན་མ་སྐབས་ལ་ལར་གདུང་ཤུགས་དྲག་པོས་འཚོལ་བཞིན་ཡོད་ལ། ཡང་སྐབས་ལ་ལར་སྐྱོ་བ་དང་རེ་ཆད་ཀྱི་སྒོ་ནས་འཚོལ་བཞིན་ཡོད།

ད་དུང་དབྱངས་ཅན་མ་འཚོལ་མཁན་ནི་གཅན་རང་སད་གཅིག་པུ་ག་ལ་ཡིན། སྔོན་གྱི་རྒྱ་བོད་གཉིས་ཀྱི་མཁས་པ་གསེར་རིའི་ཕྲེང་བ་ལྟ་བུ་དག་གིས་དབྱངས་ཅན་མ་བཙལ་ནས་རྙེད་པ་དང་འབྲེལ་ཐུགས་དགྱེས་པ་དང་མཉམ་དུ་བསྟོད་པ་བྱིན་རླབས་ཅན་ཕེབས་པ། ཡང་བཙལ་ནས་མ་རྙེད་པའི་སྐྱོ་བ་དང་འབྲེལ་གདུང་ཤུགས་དྲག་པོའི་སྒོ་ནས་འདོད་གསོལ་ཞུས་པ་སོགས་གྲངས་ཀྱིས་ཟིན་དཀའ་བ་རེད། འདི་རུ་མེས་པོ་དམ་པ་དེ་དག་གིས་དབྱངས་ཅན་འཚོལ་བའི་མཚན་གཞི་ཙམ་གླེང་ན། ༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་སྙན་ངག་གི་བསྟན་བཅོས་འདིའི་རབ་བྱེད་དང་པོ་རུ།༼སྔོན་ཚེ་བྲམ་ཟེ་ཨ་ན་བྷུ་ཏི་བས།། རང་མགྲིན་རྣོ་བའི་མཚོན་གྱིས་བཅད་པའི་རྨ།། སྐད་ཅིག་སྐྱོན་མེད་དབུགས་རབ་དབྱུང་དང་ལྷན།། རྗེས་བཟུང་སྒྲ་མདོ་མན་ངག་མ་ལུས་གནང་།། ༽ཞེས་དང་། ཡང་།༼རྩོད་པའི་དུས་ཀྱི་ལྔ་རིག་པཎྜི་ཏ།། བུ་སྟོན་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས།། ཞག་གྲངས་ཉེར་གཅིག་བསྒྲུབས་པའི་འབྲས་རྟགས་སུ།། པི་ཝང་སྒྲ་ཐོས་མཁྱེན་རབ་ཀློང་དུ་བརྡོལ།།༽ཞེས་དང་། གཞན།༼གངས་རིའི་ཁྲོད་ཀྱི་གཙུག་ལག་སྨྲ་བའི་དབང་།།འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར།། ཞལ་བསྟན་སྤོབས་པའི་གཏེར་བརྒྱ་གྲོལ་བ་ཡིས།། བརྒྱ་ཕྲག་ཕྱེད་དང་གཉིས་ཀྱི་བསྟན་བཅོས་བརྩམས།།༽ཞེས་དང་། ༼སྙན་བརྒྱུད་བསྟན་པའི་མངའ་བདག་ཚར་ཆེན་པ།། བློ་གསལ་རྒྱ་མཚོས་བདུན་ཕྲག་གཅིག་རིང་ལ།། བསྒྲུབས་མཐར་མེ་ཏོག་དཀར་པོའི་ཆར་བབས་ཤིང་།། ཞལ་གཟིགས་སྙན་ངག་སྨྲ་བའི་དཔའ་བོར་གྱུར།།༽གཞན་ཡང་། ༼པད་དཀར་འཆང་བ་དགེ་འདུན་རྒྱ་མཚོ་ཡིས།། མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་མུར།། ཇ་སྦྱོར་གཅིག་རེའི་ཡུན་ལ་ཤོ་ལོ་ཀ། བརྒྱ་ཕྲག་ཐུགས་ཟིན་སྨྲ་བའི་ཁྱུ་མཆོག་བརྙེས།།༽ཞེས་པ་སོགས་དབྱངས་ཅན་མ་འཚོལ་བའི་སྐུ་ངལ་སྐྱོན་མཁན་ལ་ཕྱི་ནང་གི་མཁས་པ་ནི་ཟམ་མ་ཆད་པར་བྱོན་ནོ།།

དོན་དམ་དུ་དབྱངས་ཅན་མ་འཚོལ་དགོས་པའི་ཉིང་ཏིག་ནི་ཅི་ཡིན་ནམ་ཞེ་ན། རང་ལ་གནས་ལུགས་ཀྱི་སྤུ་རིས་སོ་སོར་འབྱེད་པའི་ཤེས་རབ་ཁྱད་པར་ཅན་ཞིག་དང་། དེ་སྟོན་པའི་གསུང་རབ་ཁྱད་པར་བ་ཞིག་ཕྱི་ལ་འདོན་པའི་སླད་དུ་ཡིན་ནམ། དེ་ལྟར་ཡིན་ན། ལྷ་མོ་དབྱངས་ཅན་མས་དེ་ལ་གྲོགས་དན་མཛད་ལུགས་ཇི་ལྟ་བུ་ཞིག་རེད་ཅེ་ན། དཀྱུས་གཅིག་ཏུ་འདིའོ་ཞེས་སུ་གཅིག་གིས་ཀྱང་ཐག་གཅོད་དཀའ་ཞིང་། གཅོད་རིགས་པ་ཞིག་ཀྱང་མ་རེད། དེ་ལྟར་མི་འོས་པའི་རྒྱུ་མཚན་ཅི་ཞེ་ན། ལྷ་མོ་དབྱངས་ཅན་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ནི་ཕྲ་ཞིང་རྟོགས་དཀའ་བ་རྒྱལ་བ་ཁོ་ནའི་མཁྱེན་པའི་ཡུལ་ཞིག་ལགས་ན། འདིར་གུས་པོས་མང་དུ་སྨོས་ཀྱང་གསལ་བོ་ཞིག་ཆགས་མི་ཐུབ་པ་ནི་རང་གཞན་ཀུན་ཀྱིས་རྟོགས་སླའོ།།

དེ་ལྟ་མོད། སྙན་ངག་པ་གཅན་རང་སད་ཀྱིས་༼དབྱངས་ཅན་མ་འཚོལ་བ་༽ནི་ཕྱི་ཡི་ལྷ་མོ་དབྱངས་ཅན་མ་རང་མཚན་པ་ཞིག་མ་ཡིན་པར། ཇི་སྙེད་ཀྱི་ཆོས་ཡོད་དོ་ཅོག་ལ་འབྱམས་པའི་དབྱངས་ཅན་མ་ཞིག་ལགས་ན། གོང་ནས་བཤད་པ་ལྟར་མཚམས་རེར་འཛིན་པ་ཡུལ་ཅན་གྱི་ངོས་ནས་གཟིགས་དགོས་ལ། མཚམས་རེར་གཟུང་བ་ཡུལ་གྱི་སྟེང་ནས་གཟིགས་དགོས། དེ་ལྟའི་གོ་བ་ཞིག་ཀློག་པ་པོ་དག་གི་ཞེ་ལ་བཞག་འོང་ན། གཅན་རང་སད་ཀྱི་མགྲིན་པའི་སྒྲོག་གུ་བཀྲོལ་ནས། ལྕེ་ཡི་ཆ་ལ་འོད་ཟེར་རེ་རེ་བཀྱེས་ནས་ཐོན་པའི་སྙན་ངག་གི་བརྗོད་དོན་གཅིག་ཏུ་འདྲེས་པའི་འཕར་ལྡང་། རྗོད་བྱེད་ཚིག་གི་འཕྲུལ་བ་དང་། དཔེ་གཟུགས་ཀྱི་ཡོལ་ངོས་སུ་གཅིག་ཏུ་མ་ངེས་པའི་སེམས་འགྱུ་ཕྲ་རགས་ཀྱི་ཕྱི་ནང་གསང་གསུམ་གསལ་ཐིང་དུ་མངོན་འོངས་པ་ནི། ཁོང་གིས་དབྱངས་ཅན་མ་འཚོལ་བའི་འབྲས་བུ་སྨིན་པ་ཡིན་པར་ཁས་ལེན་བྱ་མི་ཐུབ་རུང་། མི་མངོན་པའི་དབྱིངས་ནས་ལྷ་མོ་གང་དེས་རྗེས་སུ་བཟུང་བར་སྨྲ་རིགས་ཏེ། ཁོང་མཚུངས་མེད་རྒྱལ་བའི་སྙན་ངག་སྨྲ་བ་བོ་ཞིག་ཡིན་པ་དེ་རྟགས་སུ་བཀོད་ཆོག་གམ་སྙམ། རྒྱུ་མཚན་ནི་སྙན་ངག་རིག་པ་དང་དབྱངས་ཅན་མ་གཉིས་རང་རེའི་ངོར་མེད་ན་མི་འབྱུང་གི་འབྲེལ་བས་སྦྲེལ་ཡོད་པར་སྨྲ་ན་སྒྲོ་བཏགས་ཆེན་པོར་མི་འགྱུར་བ་ཡིན། འདིར་འབྲེལ་ནས་སྙན་ངག་རིག་པ་དང་དབྱངས་ཅན་མ་གཉིས་ཀྱི་འབྲེལ་བའི་ཐད་ལ། ཞང་ཞུང་ཆོས་དབང་གྲགས་པས། ༼ཟློས་གར་སྙན་ཚིག་རོ་འཛིན་དང་།།བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ།། དེ་ལྟ་བས་ན་གླུ་སྙན་དག། འདོད་པ་དབྱངས་ཅན་མགྲིན་པར་བསྟེན།།༽ ཞེས་དང་། རྩ་བར།༼དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི།། སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི།། མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་།། ༽ ཞེས་དང་། གཞན་ཡང་མཁས་དབང་རྡོ་རྗེ་རྒྱལ་པོས་གོང་གི་རྩ་བའི་ཚིག་དེར་འགྲེལ་འདི་འདྲ་ཞིག་བསྐྱོན་འདུག༼གོང་དུ་བསྟན་པ་བཞིན་སྙན་ངག་གི་རིག་པ་བསྟེན་པ་སྟེ། སྦྱངས་ན་ངེས་པར་དུ་སྙན་ངག་ཤེས་པའི་སྐལ་པ་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་གནས་སྐབས་མཁས་པའི་གྲགས་པ་དང་། རྙེད་བཀུར། མཐར་ཐུག་མཆོག་གི་གྲགས་པའི་གཞི་བླ་ན་མེད་པའི་བྱང་ཆུབ་འདོད་ཅིང་དོན་དུ་གཉེར་བ་རྣམས་ཀྱིས་དུས་རྟག་ཏུ་ལེ་ལོ་དང་སྙོམས་ལས་མེད་པར་ཐོས་པ་དང་། སེམས་པ་དང་། གོམས་པའི་རིམ་པས་དབྱངས་ཅན་ཏེ་སྙན་ཚིག་གི་གཞུང་ལུགས་བསྟེན་པ་སྦྱང་བར་བྱ་ཞིང་། ཡང་ན་ལྷ་མོ་དབྱངས་ཅན་མ་གུས་པས་བསྟེན་པར་བྱའོ།། གང་ཡིན་ཞེ་ན། དབྱངས་ཅན་མ་ནི་རིག་པ་འདི་ཉིད་ཀྱི་ལྷག་པའི་ལྷ་ཡིན་པའི་ཕྱིར་རོ།།༽ཞེས་སོགས་གསུངས་པར་གཞིགས་ན་སྙན་ངག་རིག་པ་དང་དབྱངས་ཅན་མ་གཉིས་ཀྱི་བར་དུ་གྲུབ་པའི་འབྲེལ་བ་དེའང་ཅུང་ཟད་གོ་སླ་བར་བསྟུན། སྙན་ངག་པ་གཅན་རང་སད་ལགས་ཀྱིས་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་གནས་སྐབས་དང་མཐར་ཐུག་གི་སྐྱབས་ཡུལ་དེ་འདྲ་མང་པོ་ཞིག་ལས་། ༼དབྱངས་ཅན་མ་འཚོལ་བ་༽དེའི་གནད་ཀྱི་དོན་པོ་ཡང་ཀློག་པ་པོས་རིམ་གྱིས་རྟོགས་འོང་ངེས། ཡིན་ཡང་དབྱངས་ཅན་མ་མོ་ལྷ་ཡིན་པས་ཕྲག་དོག་ཆེ་ཟེར་བ་དང་། སྙན་ངག་གི་རིག་པ་ཞེ་ན་ཁ་བྱང་ལྟ་རུ་གྱུར་བ་ཞིག་ལ་ཇི་ལྟར་ངོ་སྤྲོད་པ་ཐབས་ཀྱིས་སྟོངས་པས། མི་སྨྲ་བའི་བརྟུལ་ཞུགས་སྐྱོང་བ་ནི་སྙན་ངག་པའི་ཀུན་སྤྱོད་མཆོག་གོ།

མདོར་ན། སྙན་ངག་པ་གཅན་རང་སད་ལགས་ཀྱིས། སྤྱིར་དབྱངས་ཅན་མ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྒྱུ་འཕྲུལ་ཡེ་ཤེས་བཞིན་ལེགས་ཀྱི་རྣམ་པར་ཤར་བའི་དྲང་དོན་གྱི་ལྷ་མོ་ཞིག་གི་ངོས་ནས་རོལ་མྱོང་བྱེད་དགོས་ལ། ལན་རེར་དབྱངས་ཅན་མ་ནི་ངེས་དོན་གྱི་ཤེས་རབ་ཅིག་གི་ཚད་དུ་འཇོག་དགོས་ཤིང་། དེ་ཉིད་འཚོལ་བའི་བྱེད་རྩོལ་འདི་ཡང་རྩོམ་པ་པོས་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་ངོ་བོར་ཞུན་བརྡར་བྱས་པ་བརྒྱུད་རིམ་གོང་ནས་གོང་དུ་སྤེལ་བའི་འབད་བརྩོན་ནམ་དམིགས་འབེན་ཞིག་ལའང་བསམ་དགོས་སོ།། ཞེས་དང་། ཡང་མཚམས་རེར་དབྱངས་ཅན་མ་དང་སྙན་ངག་གཉིས་བདག་ཉིད་གཅིག་ཏུ་བྱས་ཏེ། དབྱངས་ཅན་མ་འཚོལ་བའི་གོ་རིམ་དེ་ཡང་རྩོམ་པ་པོས་སྙན་ངག་རིག་པ་དོན་དུ་གཉེར་བའི་གོམ་སྟབས་སམ་ཁ་ཕྱོགས་ཤིག་ཏུའང་ངོས་འཛིན་དགོས། གཞན་དུ་དབྱངས་ཅན་མ་འཚོལ་བ་ནི་སྙན་ངག་པའི་འཚོ་བའི་ཀློང་ན་ཆགས་སྡང་དགའ་སྐྱོའི་ངོ་བོར་འབྱམས་པའི་མི་ཚེའི་འཚོལ་སྙེག་གི་འགྲུལ་བཞུད་རིང་མོའི་བརྒྱུད་རིམ་ཞིག་གི་ངོས་ནས་ཀྱང་བསམ་བློ་གཏོང་དགོས་སོ།། ཞེས་ཁ་གསལ་དུ་གསུངས་པ་ལྟར་ཀློག་པ་པོ་དག་གིས་ཟུར་མི་འདྲ་བ་ནས༼དབྱངས་ཅན་མ་འཚོལ་བའི༽དེབ་འདི་བཀླག་པར་བྱ་བ་ཉིད་དོ།།

གཉིས་པ། དབྱངས་ཅན་མ་འཚོལ་ཚུལ་གྱི་རྩོམ་འགྲོས། སྙན་ངག་པ་གཅན་རང་སད་ལགས་ཀྱི་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་སྙན་ངག་གི་བསྟན་བཅོས་འདིར་རྗོད་བྱེད་ཀྱི་ཚིག་གི་སྒྱུ་རྩལ་གྱི་སྟེང་ན་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། བོད་ཀྱི་སྲོལ་རྒྱུན་ཚིགས་བཅད་སྙན་ངག་གི་བསྟན་པ་མར་འགྲིབ་ཀྱི་དུས་ལ། ཁོང་གིས་༼མེས་པོའི་རུས་རྐང་གི་འཚོ་བཅུད། སྲོལ་རྒྱུན་སྙན་ངག་གི་བླ་སྲོག་སླར་གསོའི་བཟོ་སྐྲུན།༽ཞེས་ཐོག་མར་ཁས་འཆེ་བ་བཞིན་དོན་དུ་འང་དེ་ལྟ་བུའི་ལེགས་ཆ་ཕུན་སུམ་ཚོགས་པ་ཁ་ཡར་དུ་ཚང་བར་འདོད། དེང་གི་ཆར་ཚིགས་བཅད་སྙན་ངག་འབྲི་བ་བོ་མང་དུ་སྣང་ཡང་། སྔོན་མའི་མགུར་གྱི་འབྲི་ལུགས་དང་དམངས་གཞས་ཀྱི་འབྲི་ལུགས། མེ་ལོང་མའི་ལུགས་ཀྱི་སྡེབ་སྦྱོར་གཙོ་བོར་བཟུང་བའི་འབྲི་ལུགས་སོགས་གོས་སྐུད་ཀྱི་སྐྱ་བཞིན་འཛིངས་ཤིང་འཐོམས་པའི་དུས་ལ། སྙན་ངག་པ་གཅན་རང་སད་ལགས་ཀྱིས་དེབ་འདིར་ཚེག་ཁྱིམ་མས་མཐའ་བཞི་ནས་ཡས་མཐའ་སོ་གཅིག་བར་དུ་སྒྱུ་རྩལ་གྱི་ཉམས་རྩོལ་མེད་དུ་ཐོན་པའི་ཚིགས་བཅད་སྙན་ངག་བྲིས་ཡོད་ལ། ད་དུང་བྱེ་བྲག་ཏུ་བཤད་ན་ཚེག་ཁྱིམ་གྱི་མང་ཉུང་གཅིག་ཏུ་གནས་ཀྱང་ཚིག་གི་གཅོད་མཚམས་དང་ཆ་ཡའི་དབང་གིས་དབྱངས་འགྲོས་ཐ་དད་དུ་སོང་བའི་འབྲི་ལུགས་ལྟར་བྲིས་ཏེ། སྲོལ་རྒྱུན་སྙན་ངག་གི་ཕྱོགས་ལ་མང་དུ་ཐོས་པ་དང་མི་ལྡན་པའི་རིགས་ལ། བསམ་རྒྱུ་དང་། གོ་རྒྱུ། ལེན་རྒྱུ་མང་པོ་ཞིག་ཡོད་པ་སྙན་ངག་གི་བསྟན་བཅོས་འདི་རུ་གསལ་བའི་ཚུལ་འོག་ཏུ་རིམ་གྱིས་འདྲེན་པར་བྱ།

དཔེར་ན་ཚེག་ཁྱིམ་གཅིག་ཏུ་གནས་ཀྱང་དབྱངས་འགྲོས་དང་གཅོད་མཚམས་ཐ་དད་དུ་གྱུར་བའི་ཚེག་ཁྱིམ་བདུན་ཅན་གྱི་འབྲི་ལུགས་གཉིས། རབ་བྱེད་ཉེར་གཅིག་པར།༼ལྷོ་ཕྱོགས་ཚངས་པའི་ཆུ་གཏེར་གྱི།། ངང་མོ་བདུད་རྩིའི་མགྲིན་པ་ཅན།། ཐབས་ཤེས་འཁོར་ལོའི་དྲ་བ་ཡིས།། སྲིད་ཞིའི་པདྨོ་རིང་ནས་བསྒུལ།། ༽ ཞེས་དང་། རབ་བྱེད་ཉེར་བཞི་བར། ༼རང་བྱུང་ལྷན་སྐྱེས་ཀྱི་མཛེས་པ།། ནང་གི་འཇའ་ཚོན་གྱི་རི་མོ།། ཚིག་སྦྱོར་མཁའ་དབྱིངས་སུ་འགྲེམ་པའི།། ངག་རིག་སྨྲ་བ་ཞིག་འདོད་ན།།༽ ཞེས་སྔ་ཕྱི་གཉིས་ཀྱི་ཚེག་ཁྱིམ་གྱི་མང་ཉུང་འདྲ་འང་དབྱངས་འགྲོས་ཐ་དད་དུ་གྱུར་བ་དང་། ཚེག་ཁྱིམ་དྲུག་ཅན་གྱི་འབྲི་ལུགས་ཐ་དད་དུ་གྱུར་བ་གཉིས་དྲངས་ན། རབ་བྱེད་ཉེར་དྲུག་པར།༼སྨན་བཟའ་ནི་དབྱངས་ཅན་མ།། ཚེ་རབས་ནི་ཕྲེང་བ་རུ།། སྨོན་ལམ་ནི་ཞགས་པ་ཡིས།། ངག་གི་ནི་མཛའ་མོར་བསུ།།༽ ཞེས་དང་། རབ་བྱེད་ཉེར་བདུན་པ་ལས།༼ང་རང་ཁྱེད་ལ་དགའ་དགའ།། ངང་པ་མཚོ་ལ་མི་དགའ།། དགའ་བ་ཤིང་ལ་བཀུགས་ན།། ཤིང་ལོ་མདུད་པ་བརྒྱབ་ཡོང་།།༽ཞེས་སྔ་མ་ལ་བཙན་པོའི་དུས་ཀྱི་(ཆབ་ཆབ་ནི་ཕ་རོལ་ན།། ཡར་ཆབ་ནི་ཕ་རོལ་ན།།)ཞེས་པའི་མགུར་རྟའི་ཉམས་ལྡན་ལ།རྗེས་མར་དམངས་གཞས་ཀྱི་དབྱངས་འགྲོས་རྩོལ་མེད་དུ་ཐོན་ཡོད། ད་དུང་གཞན། ཚེག་ཁྱིམ་བརྒྱད་ཅན་གྱི་རྩོམ་ལུགས་ཐ་དད་པ་གཉིས་བསྡུར་ན། རབ་བྱེད་བཞི་བར།༼ང་རྩེ་བཞིན་རྩེ་བཞིན་དགུང་ལ་འགྲོ།། དགུང་འབྲུག་ཆུང་རྩེ་ན་ང་ཡང་རྩེ།། ང་རྩེ་བཞིན་རྩེ་བཞིན་རྫ་ལ་འགྲོ།། རྫ་འབྲོང་མོ་རྩེ་ན་ང་ཡང་རྩེ།།༽ ཞེས་དང་། རབ་བྱེད་ཉེར་བཞི་བར།༼དཀར་མཛེས་ཞལ་ཁྱིམ་བཅོ་ལྔའི་ཟླ་བ།། དཀྱུས་རིང་ཟུར་མིག་ཨུཏྤལ་འདབ་མ།།འཁྲིལ་ལྡེམ་རྐེད་སྐབས་ཤེལ་གྱི་འཆང་བཟུང་།། མཁྲང་རྒྱས་འོ་འཛིན་དུང་གི་བུམ་པ།།༽ཞེས་ཚིགས་བཅད་སྔ་མའི་དབྱངས་རྟ་ནི་ཨམ་མདོའི་རྩེ་རིག་གི་ཉམས་ཡར་ལྡན་དུ་རྫོགས་པ་དང་རྗེས་མའི་དབྱངས་འགྲོས་མགུར་རྟ་རང་དུ་སོང་ཡོད། ད་དུང་ཞིབ་མོར་བྲིས་ན་བཞི་ཚིག་དང་ལྔ་ཚིག དྲུག་ཚིག་སོགས་སོ་སོར་དབྱངས་འགྲོས་ཐུན་མོང་མ་ཡིན་པ་རེ་གསལ་ཡང་། འདིར་ཞིབ་ཏུ་འབྲིར་མི་སྤོབས་པས་ཀློག་པ་པོ་དག་གིས་༼དབྱངས་ཅན་མ་འཚོལ་བ་༽ ཞེས་པའི་སྙན་ངག་གི་བསྟན་བཅོས་རང་ལ་གཟིགས་པར་འཚལ།།

དེ་ལས་གཞན་མེ་ལོང་མའི་གཞུང་དུ་བྱ་དཀའ་བའི་རྒྱན་དང་སྒྲ་རྒྱན་སོགས་རྗོད་བྱེད་ཀྱི་ཚིག་ལ་ཡི་གེ་འདྲ་བ་འམ་སྐྱེ་གནས་དང་བྱེད་རྩོལ་མཉམ་པའི་དབྱངས་ཀྱིས་སྙན་ངག་གི་རོ་འདོན་པ་ལ་ཕུན་སུམ་ཚོགས་པའི་དགེ་ཐོན་པ་དེའི་ལུགས་སུ་བྱས་ཏེ་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་སྙན་ངག་གི་བསྟན་བཅོས་འདིར་རྩོམ་ལུགས་དེ་རྒྱུན་འཛིན་གནང་ཡོད།ཨུ་ཚུགས་ཀྱིས་རྒྱུན་བཟུང་བ་ཙམ་མ་ཡིན་པར།སྙན་ངག་གི་ཉམས་རྩོལ་མེད་ཤུགས་འབྱུང་དུ་ཐོན་འདུག་པ་གཤམ་དུ་རེ་འགའ་འདྲེན་པར་བྱ།

སྔོན་འགྲོའི་ཚིགས་བཅད་རེ་རེ་མཇུག་ཏུ་རྗེ་ཙོང་ཁ་བའི་དབྱངས་ཅན་མའི་བསྟོད་པའི་ཚིག་རྐང་རེ་དྲངས་ཤིང་། ཚིག་རྐང་གཞན་གསུམ་རང་རྩོམ་དུ་བྱས་ཏེ་ཤོ་ལོ་ཀ་གཅིག་ཏུ་བྱས་ཡོད་ཅིང་། དོན་ལ་འགལ་བ་མེད་པ། དབྱངས་འགྲོས་དང་ཚིག་ཉམས་ཆུ་ལ་ཆུ་བཞག་ཏུ་གནང་འདུག འདིར་ཤོ་ལོ་ཀ་རེ་གཉིས་དྲངས་ན།༼ཕྱོགས་དུས་བདེ་གཤེགས་གསུང་གསང་འོ་མའི་མཚོ།།ཐུགས་བསྐྱེད་རྟེན་འབྱུང་འཕྲུལ་གྱི་མནྡཱ་རས།། བསྲུབས་སྐྱེས་མཚན་དཔེའི་ཟླ་ཤེལ་འཛུམ་པ་མོ།། ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན།། བྱུ་རུའི་འདབ་སྟོང་གྲོལ་བ་པདྨའི་གདན།། ཟླ་བའི་རྒྱབ་ཡོལ་རང་བྱུང་ཡེ་ཤེས་གུར།། ཤེལ་དཀར་མྱོས་བུམ་ཟག་མེད་དབྱིངས་ན་ལྡེམ།། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།། སྟོང་ལྡན་སྐུད་པ་སྐྱེ་འགག་བྲལ་བའི་རྒྱུད།། ཨེ་ཝཾ་གློག་གི་སོར་མོས་བསྣུན་པ་ལས།།ཟབ་དོན་གླུ་རུ་འགུགས་པའི་རྩེ་དགའ་བཅས།།དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།། བདག་མེད་མཚོན་གྱིས་དངོས་འཛིན་དྲ་བ་བཅད།། སྙིང་རྗེའི་འོད་ཞགས་རིགས་དྲུག་ཁམས་ལ་འགྱུ།། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བོ།། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།།༽ ཞེས་ལས་དང་པོ་བ་ཞིག་གིས་འབྲི་ལུགས་འདི་འབྲི་དཀའ་བ་རེད། ཅིའི་ཕྱིར་ཟེར་ན། རྗོད་བྱེད་ཀྱི་ཚིག་རྡོ་ཆག་བཙན་བསྒྲིགས་ལྟ་བུ་མ་ཡིན་པར་ཕུ་ཆུ་ཐུར་དུ་འབབ་པ་བཞིན་རང་བྱུང་གི་ཉམས་ཐོན་པ་དང་། བརྗོད་བྱ་དོན་གྱི་ཆ་ནས་ཕག་གི་ཡ་མགུལ་དང་ཁྱིའི་མ་མགུལ་ལྟར་དུ་མ་གྱུར་བར་དོན་ལ་འགྲེལ་ཆགས་པའི་རྨང་གཞིའི་ཐོག གཞན་རྩོམ་ཤོ་ལོ་ཀ་དག་གི་རྐང་བ་རེ་རེ་གནས་ངེས་པར་བྱས་ཏེ་མཇུག་ཏུ་བཀོད་ཡོད་པ་ལྟ་བུ་རེད། གཞན་བོད་ཀྱི་ཐུན་མིན་གྱི་བྱ་དཀའ་བའི་འབྲི་ལུགས་ཀ་ཕྲེང་རྩོམ་ཡིག་ཅིག་གི་ཚན་པ་གཉིས་རབ་བྱེད་ཉེར་བཞི་པ་ལས་འདིར་བཤུས་ན།༼ཅ་དག་བརྒྱད་གཉིས་ལང་ཚོས་སྒེག་པའི།། ཆ་ལུགས་མཚན་དཔེས་གཞན་ཡིད་འཕྲོག་མ།། ཇ་ཡུན་ཙམ་ལ་ཐུགས་རྗེས་གཟིགས་པས།། ཉ་གང་ཟླ་ལྟར་བློ་གྲོས་སྤེལ་མ།།༽ཞེས་དང་།༼ཨི་སོགས་སྒྲ་རིག་སྟོན་པའི་ཤེས་རབ།། ཨུ་མ་སོགས་ལས་ལན་བརྒྱར་འགོངས་མ།། ཨེ་མ་གསང་ལྕམ་ཐབས་ཀྱི་བདག་མོ།། ཨོ་ལོའི་ངག་ལ་བྱིན་ཆེན་སྩོལ་མ།།༽གསལ་བྱེད་དང་དབྱངས་ཡིག་གི་གོ་རིམ་མ་ནོར་བར་བརྩམས་ཡོད་ཅིང་། གསལ་བྱེད་ཀྱི་གོ་རིམ་དེའང་གཅིག་གི་རྗེས་སུ་གཅིག་རང་བྱུང་གིས་ཐོན་པ་ལས། ཆེད་དུ་བཙན་གྱིས་བསྒྲིགས་པའི་ཚོར་བ་གང་ཡང་མི་སྐྱེས་པ་ནི་སྙན་ངག་པ་གཅན་རང་སད་ལགས་རྩོམ་ལུགས་འདིར་ནང་བྱན་ཆུད་པའི་རྟགས་སུ་གོ་དགོས་པ་རེད། དེ་མིན་ཀ་ཁའི་གོ་རིམ་ཙམ་ཚང་ཡང་སྙན་ངག་གི་ཉམས་མི་ལྡན་ལ། ཡང་སྙན་ངག་གི་ཉམས་ཅུང་ཟད་རེ་ལྡན་མོད་དོན་གྱི་གནད་ནི་སོག་མའི་ཕོན་ཐག་བཞིན་འཇུ་ས་མེད་པ་ཞིག་ཡིན་དུས་འབྲི་ལུགས་འདིར་གོམས་པ་མ་སོང་བའི་རྟགས་སུ་ཤེས་དགོས། གཞན་སྒྲ་རྒྱན་དང་བྱ་དཀའ་བ་ཟུང་དུ་སྦྲེལ་བའི་འབྲི་ལུགས་ཅིག་རབ་བྱེད་སོ་བཞི་བ་ལས་འདིར་དྲངས་ན། ༼གླུ་འདི་སྲོལ་རྒྱུན་འཚོ་བཅུད་སྣུམ་པའི་ས།། གླུ་འདི་དེང་རབས་དྲོད་གཤེར་འཛོམས་པའི་ཆུ།། གླུ་འདི་ཚོར་བའི་བུད་ཤིང་སྦར་བའི་མེ།། གླུ་འདི་རང་དབང་བང་རྩལ་རྫོགས་པའི་རླུང་།།༽ཚིག་རྐང་རེ་རེ་ཐོག་མར་གླུ་ཞེས་པའི་ཡི་གེ་འདི་ཐོན་པར་མ་ཟད། རྐང་བ་རེ་རེའི་མཐར་ས་ཆུ་མེ་རླུང་བཞིའི་གོ་རིམ་མ་ནོར་བར་བྱུང་ཡོད་པ་འདི་ལྟ་བུ་ལས་སླ་བོ་བྱས་ཏེ་འབྲི་ཐུབ་པ་ཞིག་མིན་སྟབས། སྒྲ་རྒྱན་དང་བྱ་དཀའ་བ་ཟུང་འབྲེལ་གྱི་རོ་ཉམས་རྫོགས་པར་བཤད་འོས་པ་རེད།

སྒྲ་རྒྱན་སྙན་ངག་གི་རྩོམ་ཉམས་ལ་བསྐྱར་བཟློས་ཀྱི་སྐྱོན་མི་འབྱུང་བའི་ཁར། སྒྲ་འདྲ་བ་སོགས་ཀྱི་ཉམས་འདོན་ལུགས་ཤེས་ན་རོལ་དབྱངས་ཀྱི་འདེགས་འཇོག་ལྟ་བུའི་སྙན་ཆ་འདོན་ཐུབ་པ་རེད། སྙན་ངག་གི་བསྟན་བཅོས་ཆེན་མོ་༼དབྱངས་ཅན་མ་འཚོལ་བ་༽རུ་བཀོད་པའི་སྒྲ་རྒྱན་སྙན་ངག་གི་ཚིགས་བཅད་རེ་འགའ་འདིར་དྲངས་ན། རབ་བྱེད་བརྒྱད་པ་ལས།༼འདི་ལྟར་ཤེས་རབ་ལྷ་མོའི་འཛུམ་བག་བཙལ།།འདི་ལྟར་ངག་དབང་དགའ་མའི་ལང་ཚོ་བཙལ།།འདི་ལྟར་མཚོ་བྱུང་བུ་མོའི་ཞབས་རྗེས་བཙལ།།འདི་ལྟར་སྒྲ་དབྱངས་ལྷ་མོའི་གསང་བ་བཙལ།།༽ཞེས་རྐང་བ་རེ་རེའི་མགོར་འདི་སྒྲ་སྦྱར་ནས་ཡི་གེ་གཅིག་ཏུ་ངེས་པའི་ཁར། རྐང་བ་རེ་རེའི་མཇུག་ཏུ་བཙལ་ཞེས་པའི་ཡི་གེ་འདྲ་བ་མུ་ནས་སྦྱར་བར་བསྟུན་དབྱངས་འགྲོས་ལྕེ་སྟེང་ལ་རང་བཞིན་གྱིས་ལྷུང་འོང་བ་ལྟ་བུ་རེད། ཡང་སྒྲ་རྒྱན་འབྲི་ཚུལ་གཞན། རབ་བྱེད་ཉེར་བདུན་པ་ལས།༼གསལ་གསལ་རྒྱབ་ཡོལ་ཟླུམ་ཟླུམ།། མཛེས་མཛེས་པད་གདན་སྒོར་སྒོར།། གནག་གནག་སྐྲ་ལོ་ཉིལ་ཉིལ།།ཆེམ་ཆེམ་རྩེ་ཕྲན་ལམ་ལམ།།༽ཞེས་ཐོག་མཐའ་གཉིས་ལ་ཟུང་ལྡན་གྱི་ཉམས་ཐོན་པའི་རིགས་དང་། རབ་བྱེད་ཉེར་བཞི་བ་ལས།༼ལུས་ལ་ཤིན་སྦྱངས་བདེ་བའི་རང་དབང་སྩོལ།། ངག་ལ་ཡན་ལག་དྲུག་ཅུའི་འགྱུར་ཁུགས་སྩོལ།།ཡིད་ལ་མི་འཇིགས་བཞི་ཡི་སྤོབས་པ་སྩོལ།།ལྕེ་ལ་སྒྲ་དབྱངས་རྒྱ་མཚོའི་ཤིས་པ་སྩོལ།།༽ཅེས་རྐང་བ་རེ་རེ་མཐར་ཡི་གེ་འདྲ་བའི་རིགས་ཤིག་དང་། རབ་བྱེད་བརྒྱད་པར། བློ་བཟང་བློ་གྲོས་འོ་མ་དཀར་པོའི་བཅུད།། དཔལ་ལྡན་དཔལ་མོའི་མྱོས་བུམ་ལ་སྦྲུམ་པས།། ཆབ་ཤོག་ཆབ་རྒྱུན་ཟད་པ་མེད་པའི་རོ།།རིག་བྱེད་རིག་པ་དར་བའི་གསོས་སུ་མྱངས།།༽ཞེས་པ་སོགས་རྩོམ་ཉམས་སྣ་ཚོགས་ཀྱིས་སྤྲོས་པའི་སྙན་ངག་གི་བསྟན་བཅོས་༼དབྱངས་ཅན་མ་འཚོལ་བ་༽ཞུ་བའི་དེབ་འདི་ཁ་རྩང་དེ་རིང་གི་སྙན་དེབ་དག་དང་བསྡུར་ན་དམིགས་བསལ་བ་ཞིག་ཏུ་འཁུམས་སོ།།

ད་དུང་སྙན་ངག་པ་གཅན་རང་སད་ལགས་ནི་ཐུན་མོང་གི་རིག་གནས་དང་ཐུན་མིན་གྱི་རིག་གནས་ཆོས་གཞུང་སོགས་ལ་གང་འཚམ་གྱི་ལྟ་རྒྱ་དང་ཐོས་རྒྱ་ཆེན་པོ་ཡོད་རྐྱེན། ནང་བ་སངས་རྒྱས་པའི་མདོ་སྔགས་གཞུང་གི་ཐ་སྙད་ཕོན་ཆེ་བས་སྙན་ངག་གི་བསྟན་བཅོས་འདི་ཕྱུག་པོར་བཟོས་ཡོད། ཐ་སྙད་དེ་རྣམས་ལས་ཟུར་ཙམ་ཞིག་འདིར་དྲངས་ན། ཀ་དག ཡེ་ཤེས། ཚོགས་དྲུག ཡེ་དག ཆོས་དབྱིངས། ཆགས་བྲལ། ཆོས་ཉིད། གཟུང་འཛིན། རིག་སྟོང་། ཀུན་རྫོབ། དོན་དམ། སྟོང་གཟུགས། རང་རིག ཐ་མལ་སྣང་ཞེན། བདེ་སྟོང་ཡེ་ཤེས། སྤྲོས་བཅས། ཟང་ཐལ། སྣང་སྟོང་། རྗེས་ཆགས། རྟེན་འབྱུང་། ཟག་མེད། གཟུངས་སྤོབས། དྲང་དོན། ཆོས་སྐུའི་ཀློང་། ངེས་དོན། གསང་གསུམ། ཇི་ལྟ་ཇི་སྙེད། སྟོབས་བཅུ། སྲིད་ཞི་སོགས་གྲངས་ཀྱིས་མི་ཟིན་པ་ཞིག་བཀོལ་ཡོད་པའི་ཐོག དཔེ་འགའ་ཡང་འདིར་དྲངས་ན། སྒྱུ་མ། སྨིག་རྒྱུ། སྐྲ་ཤད་འཛག་སྣང་། ཐག་ཁྲ་སྦྲུལ་འཛིན། ཀེང་རུས།གཞའ་ཚོན། ཆུ་ནང་གི་ཟླ་གཟུགས། རྩྭ་རྩེའི་ཟིལ་བ། ཆུ་ཁའི་ཝུ་བ། གློག་འགྱུ་སོགས་ཆོས་གཞུང་ན་རྒྱུགས་ཆེ་བའི་དཔེ་མང་པོ་དྲངས་པ་འདིས་སྙན་ངག་གི་རིག་པར་ཕན་ཆེན་པོ་ཐོགས་ཡོད་པར་འདོད། འོན་ཀྱང་འདིར་ཞུ་རྒྱུ་ཞིག་ལ། གོང་དུ་དྲངས་པའི་ཐ་སྙད་དང་དཔེ་འདི་དག་སྙན་ངག་ཏུ་བཀོལ་བའི་སྐབས་སུ་ཅུང་ཟོར་ཡང་བའི་སྒོ་ནས་གོ་བ་ལེན་རྒྱུ་ནི་གནད་ཀྱི་དོན་པོ་རེད། དེ་མ་ཡིན་པར་ཆོས་གཞུང་ནས་ཇི་ལྟར་བཀོལ་བ་བཞིན་བསམས་ཚེ་སྙན་ངག་གི་རོ་ཉམས་འདོར་བར་ངེས་པ་ཡིན་ནོ།།

ཐེངས་འདིར་ཁོང་གི་༼དབྱངས་ཅན་མ་འཚོལ་བ་༽ཞེས་པའི་དེབ་འདིར་མཇལ་སྐལ་ཐོབ་པའི་ཁར་བཀླགས་བྱང་ཙམ་ཞིག་འབྲི་རྒྱུར་ཕྱོགས་གཅིག་ནས་དགའ་ཡང་། ཕྱོགས་གཅིག་ནས་སྙན་ངག་པ་གཅན་རང་སད་ལྟ་བུའི་རྩོམ་པ་པོ་རྒན་པ་དག་གི་དེབ་ལ་བཀླགས་བྱང་འབྲི་བ་ནི་སེམས་ཀྱིས་མི་སྤོབས་ཤིང་། འོས་སུ་མ་མཐོང་མོད། རང་ཚེ་འདིར་རྩོམ་རིག་ལ་དུངས་མཁན་གྱི་ཕལ་བའི་མི་ཞིག་ཏུ་གྱུར་ཚར་བས་རང་བློ་རྩོམ་ལ་གོམས་ཕྱིར་སྤེལ་བ་ལ་དགོངས་འགལ་མེད་པར་ཞུ་ཞུ།

གསལ་བྱེད། ཁོ་བོས་རབ་བྱེད་ཀྱི་གོ་རིམ་དབྱེ་སྟངས་ནི༼དབྱངས་ཅན་མ་འཚོལ་བ༽ཞེས་པའི་རྩ་བའི་པར་གཞི་དང་པོ་གཞིར་བཟུང་ནས་བྲིས་ཡོད། རྗེས་ནས་རབ་བྱེད་ལ་སྣོན་འཕྲི་བྱས་ཡོད་པ་ལྟར་མ་ངེས།
ཟུར་ལྟའི་དཔྱད་གཞི། དབྱངས་ཅན་མ་འཚོལ་བ། རྩོམ་པ་པོ་གཅན་རང་སད།

རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས། ༡༩༩༢ལོའི་ཟླ༦ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་ཏེ་བཀྲམ།
སྙན་ངག་སྤྱི་དོན། རྩོམ་པ་པོ། ཚེ་གཏན་ཞབས་དྲུང་། ༢༠༠༥ ལོའི་ཟླ ༦ པར་གཞི་གཉིས་པ་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་བཀྲམ།
བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས། བར་ཆ། བློ་བཟང་དཔལ་ལྡན་གྱིས་བརྩམས།། ༡༩༩༠ལོའི་ཟླ༡༠བར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།