ང་ཚོའི་ལོ་རྒྱུས་དང་རྣམ་ཐར་རིག་པའི་སྐོར་ལ་ཞིབ་མཇལ་བྱེད་ཐུབ་པ་ཡིན་ན། ཆེས་རིན་ཐང་ལྡན་པའི་བློ་སྐྱེད་དང་ཤེས་བྱ་མང་པོ་ཞིག་འཐོབ་རྒྱུ་ཡོད་པ་ནི་གདོན་མི་ཟ་སྟེ། ཁྱད་པར་དུ་རྣམ་དཔྱོད་དང་དད་པ་ཕུན་སུམ་ཚོགས་པའི་ཀློག་མཁན་ཞིག་ལ་མཚོན་ན་དེ་བས་ཀྱང་བྱིན་རླབས་ནི་མཚོ་འཕྱུར་འཕྱུར་དང་ཆར་འབབ་འབབ་རེད་དེ། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བལྟས་ཡོང་ན་ལོ་རྒྱུས་དང་རྣམ་ཐར་སྐོར་གྱི་འབྲི་མཁན་མང་ཆེ་བ་ཞིག་ནི། ཆེད་སྦྱངས་ཀྱི་རྟོགས་པ་སྔོན་དུ་སོང་བའི་མཁས་པ་ནི་ཕལ་ཆེར་མིན་ལས་ཆེ་བས། གཅིག་རྗེས་སུ་གཅིག་འཚངས་ནས་ལད་འབྲི་དང་བསྐྱར་ཕབ་བྱས་པ་མང་དྲགས་པས། མགོ་ཚེས་གཅིག་ནས་འཕྱུགས་ན་མཇུག་གནམ་གང་གི་བར་ཟེར་བ་ལྟར་བློ་གདེང་འགེལ་མི་ཐུབ་པའི་སྐྱོན་གང་མང་ཞིག་མཐོང་རྒྱུ་འདུག་སྟེ། དཔེར་ན། ད་ཐེངས་བདག་གིས་མཁས་གྲུབ་དགེ་ལེགས་དཔལ་བས་མཛད་པའི་རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ཞེས་བྱ་བ་འདི་ཉིད་ཞིབ་མཇལ་བྱེད་ཞོར་རྗེ་བླ་མ་ཙོང་ཁ་པའི་རྣམ་ཐར་སྐོར་ཞིག་བམ་སློག་བྱས་པ་ཡིན་ཏེ། རྣམ་ཐར་དག་ལས་རྗེ་བླ་མ་ཙོང་ཁ་པ་གང་ཉིད་མདོ་སྨད་ནས་ཕྱགས་བཏེགས་ཏེ་དགུང་གྲངས་བཅུ་བདུན་པའི་སྟོན་ཁར་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་འབྱོར་བའི་སྐབས་སུ་ཐོག་མར་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོར་མཇལ་བའི་སྐོར་གསལ་འདུག་མོད། འོན་ཀྱང་། འབྲི་གུང་དུ་མཇལ་བའི་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དེ་ཉིད་བླ་མ་སུ་ཡིན་པའི་སྐོར་ལ་གསལ་ཁ་མེད་པར་མ་ཟད། རྣམ་ཐར་ཁ་ཤས་སུ་མ་དག་པ་རེ་ཡང་མཐོང་རྒྱུ་འདུག་པས་ན་གསལ་བཤད་ཅིག་ཞུ་བསམ་པ་ཡིན།

ཟངས་ཟངས་ནེ་རིང་པ་འཆི་མེད་རབ་རྒྱས་ཀྱིས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ནོར་བུའི་བང་མཛོད་ལས། དེ་ཡང་རྗེ་རིན་པོ་ཆེ་རེད་མདའ་པ་ཆེན་པོ་སོགས་གཙང་ཕྱོགས་ཀྱི་བླ་མ་བཟང་པོ་དྲུག་ཙམ་དང་། རྗེ་ཀརྨ་རོལ་པ་རྡོ་རྗེ་དང་། འབྲི་ཁུང་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་དང་། ཕག་གྲུ་རིན་པོ་ཆེ་གྲགས་པ་བྱང་ཆུབ་སོགས། དབུས་དང་ཁམས་ལ་གཏོགས་པའི་བླ་མ་ཁྱད་པར་ཅན་མང་པོའི་དྲུང་དུ། ཞེས་ཁ་གསལ་གནད་འདུས་ཀྱི་རིགས་པ་འདིས་སྐབས་ཕྱེས་ཏེ་དཔྱད་ན། བརྟག་པར་བྱ་བའི་གནས་ནི། མཁས་པའི་དབང་པོ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་པོད་གཉིས་པ་ལས། འབྲི་གུང་སྤྱན་སྔ་ཆོས་ཀྱི་གྲགས་པ་ལ་སེམས་བསྐྱེད་སོགས་ཞུས། ཞེས་རྣམ་ཐར་དང་ལོ་རྒྱུས་གཞན་གང་དུའང་མི་གསལ་བའི་སྤྱན་སྔ་ཆོས་ཀྱི་གྲགས་པ་ཟེར་བའི་མཚན་ཞིག་ཐོན་འདུག་པས་ན། ང་ཚོས་རྗེ་ཙོང་ཁ་པའི་བླ་མ་དང་། དཔལ་འབྲི་གུང་བའི་སྤྱན་སྔར་གྱུར་པའི་ཆོས་ཀྱི་གྲགས་པ་ཟེར་བ་ཞིག་རྙེད་དུ་མི་བཏུབ་པ་དང་། ཉེ་རབས་ཀྱི་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བརྩམས་པའི་རྗེའི་བླ་མའི་རྣམ་ཐར་དད་པའི་སྒོ་འབྱེད་ལས། ཐོག་མར་འབྲི་གུང་དུ་ཕེབས་ནས་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཆོས་རྗེ་གྲགས་པ་བྱང་ཆུབ་ལས་ཟབ་ཆོས་དུ་མ་གསན་ཞིང་། ཞེས་པ་འདིས་ཀྱང་རྗེ་བླ་མ་ཙོང་ཁ་པས་དབུས་ཕྱོགས་ནས་ཐོག་མར་བསྟེན་པའི་བླ་མ་ནི་སྤྱན་སྔ་གྲགས་བྱང་བ་ཡིན་པ་རྣམ་ཐར་ལོ་རྒྱུས་གང་ལ་སྐྱབས་བཅོལ་བ་ཡིན་པའི་ཁུངས་ཚད་ལྡན་ཞིག་བཙལ་ནས་མི་རྙེད་པའི་གནད་འདི་དག་ནི། གཙོ་བོ་ང་ཚོས་ནམ་རྒྱུན་རྣམ་ཐར་དང་ལོ་རྒྱུས་དག་ལ་ཞིབ་གསལ་གྱིས་བློའི་འཇུག་པ་སྔོན་དུ་མ་བཏང་བར་ལད་འབྲི་དང་བསྐྱར་བཤུ་བྱེད་ཅི་ཐུབ་བྱས་པས་ལན་པར་འདུག་སྙམ།

རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དགུང་གྲངས་བཅུ་བདུན་པའི་དུས་སུ་མཇལ་བའི་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ནི། བོད་རབ་བྱུང་དྲུག་པའི་ཤིང་ཕག{1335}ལོར་སྐུ་འཁྲུངས་ཤིང་དགུང་གྲངས་བཅུ་བདུན་ཏེ། ལྕགས་ཡོས{1351} ལོར་འབྲི་གུང་གི་ཁྲིར་ཕེབས་པ་གང་ཉིད་དགུང་གྲངས་གྲངས་སོ་དགུ་པའི་སྟེང་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་བཞུགས་པའི་དུས་སུ། རྗེ་ཙོང་ཁ་པ་དགུང་གྲངས་བཅུ་བདུན་པ་ཆུ་གླང{1373}ལོར་འབྲི་གུང་དུ་ཕེབས་ཏེ་ཞབས་ལ་གཏུགས་ཤིང་། ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་སོགས་གསན་པའི་བླ་མ་སྟེ། དཔལ་འབྲི་གུང་བའི་གདན་རབས་བཅུ་པ་འབྲི་གུང་སྤྱན་སྔ་འཛམ་གླིང་ཆོས་ཀྱི་རྒྱལ་པོ་ཞུ་བ་གང་ཉིད་ཡིན་ཏེ། དཔལ་འབྲི་གུང་བའི་གདན་རབས་ཉེར་བརྒྱད་པ་བསྟན་འཛིན་པདྨའི་རྒྱལ་མཚན {འཁྲུངས་ལོ1770—འདས་ལོ་མི་གསལ} གྱིས་མཛད་པའི་འབྲི་གུང་གདན་རབས་གསེར་གྱི་ཕྲེང་བ་ལས། འཕགས་ཡུལ་གྲུབ་ཆེན་ཏེ་ལོ་པ། འབྲི་གུང་འདིར་རྗེ་གཅུང་རྡོ་རྗེ་གྲགས་པ་ཉིད་སླར་མིའི་ཚུལ་སྟོན་པ་ནི། སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པར་ཐེ་ཚོམ་དང་བྲལ། སྐབས་འདིར་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་མདོ་སྨད་ནས་ཕེབས་པར། འབྲི་གུང་དུ་རྗེའི་ཞབས་ལ་གཏུགས་ཤིང་ཆོས་ཀྱི་འབྲེལ་བ་གནང་། ཞེས་དང་། རྣམ་ཐར་དད་པའི་འཇུག་ངོགས་ལས། གླང་ལོ་སྟོན་གྱི་དུས་སུ། འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེའི་ཚེ། འབྲི་ཁུང་གི་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་བཞུགས་པས། ཁོང་གི་སྤྱན་སྔར་མཇལ། ཞེས་དང་། རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས་ལས། དེ་ནས་མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཏུ་ཞང་པོ་གཉིས་དང་འགྲོགས་ནས་བྱོན། འབྲི་གུང་དུ་ཆོས་རྗེ་དྷརྨ་རཱ་ཛ་ལ་ཟབ་ཆོས་དང་། འབྲི་གུང་བའི་བཀའ་འབུམ་ཕལ་ཆེ་བ་གསན། ཞེས་གསུངས་པའི་རིགས་པ་འདི་དག་ལས་དཔོག་ཐུབ་ཅིང་། དྷརྨ་རཱ་ཛ་ནི་ལེགས་སྦྱར་གྱི་སྐད་དེ་ཆོས་ཀྱི་རྒྱལ་པོ་ཞེས་པའི་དོན་ཡིན་པར་ཀུན་གྱིས་མཁྱེན་གསལ་ལྟར་ལ། ཆོས་ཀྱི་རྒྱལ་པོ་ཞུ་བ་འབྲི་གུང་སྤྱན་སྔ་བའི་མཚན་དངོས་ཡིན་པ་འབྲི་གུང་གདན་རབས་གསེར་གྱི་ཕྲེང་བ་ལས། དགུང་ལོ་བརྒྱད་བཞེས་པའི་ཚེ། ཆོས་ཀྱི་རྗེ་རྡོ་རྗེ་རྒྱལ་པོའི་དྲུང་རབ་ཏུ་བྱུང་། མཚན་འཛམ་གླིང་ཆོས་ཀྱི་རྒྱལ་པོར་གསོལ། ཞེས་གསལ་བོར་འཁོད་འདུག

ཕག་གྲུའི་གདན་རབས་གསུམ་པ་སྤྱན་སྔ་གྲགས་པ་བྱང་ཆུབ་ནི་རབ་བྱུང་དྲུག་པའི་མེ་སྤྲེལ{1356}ལོར་སྐུ་འཁྲུངས་ཤིང་། ཁོང་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་འདི་ལྟ་བུ་ཞིག་ཡོད་པ་རྣམ་ཐར་དང་ལོ་རྒྱུས་གང་དུའང་མི་གསལ་བ་དང་། རྗེ་ཙོང་ཁ་པ་འབྲི་གུང་དུ་འབྱོར་བའི་སྐབས་དེར་གྲགས་བྱང་བ་དགུང་གྲངས་བཅོ་བརྒྱད་ཡིན་ཞིང་། དེའི་ཕྱི་ལོར་ཕག་གྲུའི་བླ་དཔོན་ཉིས་ཆའི་བདག་དབང་གིས་བཏེགས་པའི་གདན་ཁྲིར་མངའ་གསོལ་བ་ཡིན་པ་རྣམ་ཐར་དང་ལོ་རྒྱུས་རྣམས་སུ་གསལ་བར་མ་ཟད། རྗེ་ཙོང་ཁ་པ་དགུང་གྲངས་ཉེར་བཞི་པའི་དུས་སུ་སྤྱན་སྔ་གྲགས་པ་བྱང་ཆུབ་པར་གསར་དུ་མཇལ་བཅར་ཞུས་པ་ནི་སྐབས་དེའི་རྣམ་ཐར་གྱི་བབ་ལ་བལྟས་ནའང་ཤེས་ཐུབ། ད་དུང་མཁར་ནག་ལོ་ཙཱ་པ་དཔལ་འབྱོར་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ལས་ཀྱང་། འབྲི་ཁུང་དུ་ཕེབས་དུས་དགུང་ལོ་བཅུ་བདུན་བཞེས་ཤིང་། འབྲི་ཁུང་ཐེལ་དུ་སྤྱན་སྔ་ཉེར་གཉིས་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་དང་མཇལ་ཏེ། ཕྱག་ཆེན་སོགས་ཟབ་ཁྲིད་མང་དུ་གསན་ནོ། ། ཞེས་ཁ་གསལ་གནད་འདུས་ཀྱི་རྣམ་ཐར་འདི་དག་བཞུགས་བཞིན་དུ། ཀློང་རྡོལ་བླ་མ་རིན་པོ་ཆེ་དང་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་ཕྱིས་བྱོན་མཁས་དབང་རྣམ་པས་གཞི་གང་ཞིག་ལ་བཅོལ་ནས་རྗེ་བླ་མ་ཙོང་ཁ་པས་འབྲི་གུང་དུ་ཐོག་མར་སྤྱན་སྔ་གྲགས་བྱང་བའི་ཞབས་ལ་གཏུགས་པར་གསུངས་པའི་ཚད་ལྡན་གྱི་ཁུངས་ཤིག་ཡོད་དམ།

ཟུར་ཞུ་གཞན་ཞིག་ཡོད་པ་ནི། འབྲི་གུང་ཆོས་འབྱུང་ཞེས་གླེགས་བམ་ཁུར་ཆེན་ལོངས་པ་ཞིག་ཡོད་པ་གང་གི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོ་ཞུ་བ་མཆོག་ཉིད་གྲུབ་མཐའི་ནད་ངན་གྱིས་གཙེས་ཤིང་མནར་བས་ཡིན་ནམ། གང་ལྟར་ཆོས་འབྱུང་དེ་ལས་འདི་ལྟར་གསལ་ཏེ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྗེའི་རྣམ་ཐར་མཁས་པའི་འཇུག་ངོགས་སུ་རྗེ་ཉིད་འབྲི་གུང་ཆོས་རྗེར་གཏུགས་ཚུལ་བཀོད་མེད་པ་ནི། མི་འཐད་པ་ལོས་ཡིན། ཞེས་དཔེ་ཆའི་མིང་ཙམ་ཡང་ད་བར་དུ་བདག་གིས་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་འབུམ་གྱི་ཁྲོད་ནས་མཐོང་ཐོས་སུ་མ་གྱུར་པ་འདིས་ནི་ཅི་ཞིག་མཚོན་ཞེ་ན། དེང་གི་གཉིད་མ་སད་ཀྱི་དཔེ་ཀློག་གི་ཁྲོད་ནས་ཁ་ཟིན་སྣ་ཟིན་རེ་བཏུས་ཏེ་ཤོག་ཧྲུལ་གྱི་ཕུང་བོ་གསོག་པའི་ང་ཚོའི་ཡི་མུག་དག་གསལ་བཤད་བྱས་པ་ཡིན་ལས་ཆེ་ཞིང་། གཞན་ནི་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་ལ་ཚིགས་བཅད་དང་ཚིག་ལྷུག་ཏུ་བྱས་པ་འགའ་ཤས་བཞུགས་ལ། ཁྱད་པར་དུ་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་དང་ཡོངས་སུ་གྲགས་པའི་རྣམ་ཐར་དད་པའི་འཇུག་ངོགས་གཉིས་ཏེ། རྣམ་ཐར་ཕྱི་མ་འདིར་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་ཞབས་ལ་གཏུགས་ཏེ། ཆོས་འབྲེལ་ཞུས་ཚུལ་ཤིན་ཏུ་གསལ་བ་ཀུན་གྱིས་མཐོང་བ་འདི་ག་ལགས་ན། ར་སེ་དཀོན་རྒྱམ་པའི་དག་སྣང་དུ་ཤར་བའི་རྣམ་ཐར་མཁས་པའི་འཇུག་ངོགས་ཟེར་བ་ཞིག་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་དུ་མི་འདུག་པས་གང་ཡིན་དཔྱད། སྤྱིར་ང་ཚོས་ཐ་སྙད་རིག་གཞུང་གིས་མཚོན་པའི་གཞུང་ལུགས་ཁྲིད་ཀློག་ཉན་གསུམ་གྱི་བགྱི་བ་ལྷུར་བླངས་ཏེ་བློ་དང་ཐོས་པ་གསོག་པའི་སྐབས་གང་དང་གང་དུ་ཧོན་མི་འཐོར་ཞིང་རིས་མེད་ཀྱི་ངང་ནས་ཐུགས་བརྩོན་གནང་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ནོ། །

 

དཔྱད་གཞིའི་རྒྱུ་ཆ།

2015 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོཊ་བསྒྲིཊ་པོད་དང་པོ། གཉིས་པ།
1989 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་འབྲི་གུང་གདན་རབས་གསེར་ཕྲེང་།
1991 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་པོད་གཉིས་པ།
2012 ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་འབྲི་གུང་ཆོས་འབྱུང་།
1994 ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ལྷོ་རོང་ཆོས་འབྱུང་།
2007 ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་གསུང་པོད་གསུམ་པ།