དགེ་རྒན་ལྗགས་མདའ་ལགས་ཀྱི་སློབ་ཁྲིད་རྟའི་གོང་གི་ཀ་ཁའི་བདག་པོ་ལས་འཕྲོས་པ།

སྤྱིར་ན་ནིང་ད་ལོར་བོད་ཁུལ་གྱི་སློབ་གྲྭ་རེ་འགར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་འབྲོག་པའི་འཚོ་བའི་ཁྲོད་ཀྱི་སྣང་བརྙན་མང་པོ་ཞིག་སློབ་གྲྭའི་ནང་འཁྱེར་ཡོང་ནས་བྱ་འགུལ་སྤེལ་བཞིན་པ་དེས་ད་སྐབས་བོད་ཀྱི་སློབ་གྲྭ་ཁག་ཅིག་གིས་བྱིས་པའི་སློབ་གསོའི་གཞུང་ལུགས་ཁྲོད་ཀྱི་དངོས་མྱོང་རྟོགས་གཞིག་གི་རིམ་པ་དེར་དངོས་སུ་འཇུག་གིན་པ་ཤེས་ཀྱིན་འདུག་སྙམ་ནས་རྗེས་སུ་ཡི་རངས་བྱེད་བཞིན་ཡོད་ན་ཡང་། ནས་བརྔོ་བ་དང་རྩམ་པ་འཐག་པ། འོ་མ་བཞོ་བ་དང་མར་ཆུར་ལེན་པ། མཛོ་གཡག་ལ་ཁ་འགེལ་བ་སོགས་བྱ་འགུལ་མང་པོ་ཞིག་སྡེབ་གཅིག་ཏུ་སྤེལ་གྱིན་པ་དེར་མཚོན་ན་བྱིས་པ་དག་ལ་ཉིན་གཅིག་རིང་ཟང་ཟིང་གི་ཚོར་སྣང་ཙམ་སྤྲད་པ་ལས་དོན་གྱིས་རིག་གནས་དེ་དག་གི་གྲུབ་ཚུལ་དང་འཕེལ་རིམ་སོགས་ལ་ཞིབ་ཚགས་པའི་བསམ་གཞིག་དང་ལག་ལེན་བྱེད་ལོང་བྱུང་ཡོད་མེད་སོགས་ལ་བསམ་ན་དེ་འདྲའི་ཡིད་ཚིམ་པོ་རང་མ་བྱུང་བར་ལུས་པའི་སྐབས་འདི་ཙ་ན། ཁོ་ཚེ་སློབ་ཆུང་གི་དགེ་རྒན་ལྗགས་མདའ་ལགས་ཀྱིས་༼རྟའི་གོང་གི་ཀ་ཁའི་བདག་པོ་༽ཞེས་པའི་གུང་གསེང་བྱ་འགུལ་ཞིག་སྤེལ་འདུག་པ་དེ་ནི་གོང་གསལ་དག་ལས་ཅུང་དམིགས་བསལ་ཞིག་ཏུ་མཐོང་སོང་། ༼ཉིན་གཅིག་གི་སློབ་ཁྲིད་ལ་མཚོན་ན་དུས་ཚོད་དང་བསྟུན་ནང་དོན་མང་ཉུང་རན་པོ་འདུག༽
དེ་ཡང་ཇི་ལྟར་ཞེ་ན། བྱིས་པའི་སློབ་གསོའི་མ་ལག་ཁྲོད་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་ཟས་དང་གོན་པའི་གྲུབ་ལུགས་སོགས་ལ་དངོས་མྱོང་རྟོགས་གཞིག་དང་བློ་རྩེ་གཅིག་སྒྲིམ། ལུས་སེམས་གཉིས་འགུལ་དང་བཅས་བྱིས་པའི་རྒྱུད་དུ་ཤེས་བྱ་ཇི་རྙེད་ཅིག་འཇོག་ཐབས་ལ་འབད་དགོས་པའི་རིམ་པ་ཞིག་ཡོད་པ་དེ་ཉིད། བོད་ཁམས་ཀྱི་སློབ་གྲྭ་མང་པོ་ཞིག་གིས་ཡལ་བར་དོར་ནས་སྒོ་སམ་དང་ས་སྨྱུག ཞ་སྨྱུག་དང་ཤོག་གུ དཔེ་ཆ་ཁོ་ན་ལ་བརྟེན་པའི་ཐབས་ལམ་ཆིག་རྐྱང་བར་གྱུར་པར་བརྟེན། ཞོག་ཁོག་སྡོང་མགོ་ལ་ཐོག་པར་འདོད་མཁན་དང་མཛོ་ཡི་འོ་མ། རྟ་ལ་ཞོན་རྒྱུར་སྐྲག་པ་ལས་རྟ་ང་རང་འཁུར་ཨེ་ཐུབ་བསམ་པ་སོགས་ཀྱི་འབྲོག་པའི་བྱིས་པ་དང་། རྟ་ཡི་སྐྲ་དང་ནོར་གྱི་སྐྱག་པ། རྟ་ཡི་རྭ་ཅོ་དང་ལུག་གི་ཀོ་བ། གཡག་གི་ཤུན་པགས། ཤིང་སྡོང་ཚོན་པོ་སོགས་ཟེར་མཁན་གྱི་ཞིང་བའི་བྱིས་པ་མང་པོ་ཞིག་འབྱུང་གིན་པ་ནི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་མ་ཟད། ༢༠༠༤ལོ་ནས་འབྲོག་སྡེ་གསར་བའི་སྲིད་བྱུས་བྱུང་བའི་འགྲོས་རིམ་ཁྲོད་ནས་འབྲོག་དམངས་གཏན་སྡོད་ལ་ཕྱོགས་ཤིང་འོས་འགན་སློབ་གསོའི་སྲིད་བྱུས་ལག་བསྟར་དང་འདུ་ཤེས་ཇེ་དྲག འབྲོག་ཁུལ་གྱི་བྱིས་པ་སློབ་གྲྭར་བསྐྱལ་བའི་གོམས་སྲོལ་ཇེ་ལེགས་སུ་སོང་བ་སོགས་ལ་བརྟེན་ནས་འབྲོག་པའི་ཁྱིམ་ཚང་མང་པོ་ཞིག་ལ་བྱིས་པ་སློབ་གྲྭར་བསྐྱལ་བའི་གོམས་སྲོལ་ལེགས་པོ་ཆགས་ནས་སློབ་གསོ་ལ་སྔ་ན་མེད་པའི་ཡར་རྒྱས་བྱུང་ཡོད་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པ་འདི་ལྟར་ན་ཡང་། འབྲོག་སྡེ་གསར་བའི་བྱིས་པ་འདི་དག་ཀྱང་འབྲོག་པའི་རིག་གནས་དང་ཁ་བྲལ་བའི་རིང་གི་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་ནི་རང་གི་རིག་གནས་དང་རྒྱང་ཁད་ཀྱིས་ཆོད་དེ། བྱིས་པ་མང་པོ་ཞིག་འབྱུང་གིན་པར་སློབ་གྲྭ་དང་ཁྱིམ་ཚང་གཉིས་ངོས་ནས་རིག་གནས་ཀྱི་བག་ཆགས་དང་འདུ་ཤེས་སོགས་ལ་བཟུང་བའི་རྣམ་འགྱུར་གྱིས་མ་འདང་བར་ལུས་པ་ཁོ་ན་ལགས་ཤིང་། དགེ་རྒན་ལྗགས་མདའ་ལགས་ནས་རྟའི་གོང་གི་ཀ་ཁའི་བདག་པོ་ཞེས་འབྲོག་པ་རྒན་པོ་དག་ལ་སླ་སྣང་དང་ན་ཆུང་བྱིས་པ་དག་ལ་དཀའ་སྣང་ཤར་བའི་རྟ་དང་འབྲེལ་བའི་མིང་ཚིག་དག་དང་རང་གི་ས་གནས་སུ་ཡོད་པའི་རྩི་ཤིང་མང་པོ་ཞིག་གི་དབྱིབས་དང་ཁ་དོག སྐྱེ་ལུགས་སོགས་ཡུལ་དངོས་སུ་ཕྱིན་ནས་རྟོག་དཔྱོད། སྦྲ་ནག་ནང་གི་འཚོ་བ་རོལ་སྟངས་དང་སྦྲ་ནག་དང་འབྲེལ་བའི་མིང་ཚིག་ངོ་སྤྲོད་བྱས་པའི་གྲུབ་དོན་སོགས་ལ་བསམ་ཡོང་ན། སློབ་སྦྱོང་བྱེད་ས་ནི་སློབ་ཁང་ཁོ་ན་ཡིན་པར་འདོད་པའི་བྱིས་པ་དག་ལ་བློ་ཡུལ་ལས་འདས་པའི་སྤྲོ་སྣང་དང་། བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་བྱུང་ཡོད་པ་གདོན་མི་ཟ་ལ། ཁྱིམ་བདག་དག་ལ་ཡང་དེ་འབྲེལ་གྱི་བསམ་གཞིགས་དང་བཅས་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་ཇེ་ཆེར་ཕྱིན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར་བར་བྱེད། དམིགས་བསལ་དགེ་རྒན་དང་ཁྱིམ་བདག་གཉིས་ཀར་བྱིས་པའི་སློབ་གསོ་ནི་རང་བྱུང་ཁམས་དང་འབྲེལ་དགོས་པ། ཨ་མཚར་རྩེད་མོ་དང་འབྲེལ་དགོས་པ། རྩེད་མོའི་ཚོར་བའི་ཁྲོད་ནས་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པ་སོགས་ལ་ཡང་མྱོང་སྣང་ཏོག་ཙམ་རེ་ཡོད་པར་བྱས་ལོས་ཡོད་བསམ་པ་ཞིག་ཀྱང་ཤུགས་ལ་བྱུང་སོང་།

དགེ་རྒན་ལྗགས་མདའ་ལགས་ཀྱི་སློབ་ཁྲིད་ཀྱི་འཆར་སྒོ་འདི་ལྟར་ང་ཚོའི་དགེ་རྒན་ཡོངས་ཀྱིས་སློབ་ཁྲིད་ནི་སློབ་ཁང་ནང་ཁོ་ན་དང་། སློབ་ཆས་དང་དཔེ་ཁུག་ཁོ་ནའི་ནང་ཡོད་པའི་འདོད་པའི་འདུ་ཤེས་ལ་ཐོལ་བརྒལ་གྱིས་འཕོ་འགྱུར་ཕྱིན་ཏེ། ལྗོངས་རྒྱུའི་ཁྲོད་ནས་མཐོང་ཐོས་མྱོང་གསུམ་སེམས་ཀྱི་རི་མོར་འབེབ་པའི་སློབ་གསོ་དང་། གྲོ་ནས་སྲན་གསུམ་དང་མར་ཆུར་འོ་ཞོ་སོགས་ང་ཚོས་རྒྱུན་དུ་བརྟེན་བཞིན་པའི་ཁ་ཟས་སོགས་ཀྱི་གྲུབ་ལུགས་དང་སྐྱེ་འཕེལ། འགྲིམ་འགྲུལ་ཉེན་རྟོགས་ལས་ཁུངས་དང་མེ་གསོད་ལས་ཁུངས་སོགས་སུ་བྱིས་པ་དག་འཁྲིད་ནས་ཡུལ་དངོས་ནས་སློབ་ཁྲིད་བྱེད་ལུགས་ཤིག་ག་ལེར་དར་བ་ཡིན་ན། ང་ཚོའི་སློབ་གསོ་ལ་ཐོལ་བརྒལ་གྱིས་གྲུབ་འབྲས་ཤར་བ་ཡིན། མདོར་བསྡུས་ནས་བཤད་ན་བྱིས་པ་དག་ལ་ནི་དུས་ཚིགས་རང་བཞིན་གྱི་སློབ་ཁྲིད་དང་། ནམ་ཟླའི་འགྱུར་བ། ཞིང་འབྲོག་གི་རིག་གནས། ཚན་རིག་གི་ཐོན་དངོས། འཚོ་བའི་རྒྱུན་ཤེས་སོགས་མང་པོ་མང་པོ་ཞིག་ཡུལ་དངོས་ནས་དངོས་མྱོང་རྟོགས་གཞིག་བྱེད་དུ་འཇུག་རྒྱུ་ནི་དུས་རབས་དང་མཐུན་པའི་ཁ་ཚ་དགོས་གཏུགས་ཀྱི་སློབ་ཁྲིད་བྱེད་ལུགས་ཤིག་ཡིན་པ་ལྟར་ང་ཚོ་ཡང་ག་ལེར་འདིའི་ཕྱོགས་ལ་གོམ་པ་སྤོ་ཐུབ་ན་ཤིན་ཏུ་ནས་ལེགས་སོ།།

ཞོར་དུ་ཞུ་རྒྱུ་ཞིག་ལ། ཁ་སང་དེ་རིང་གི་དུས་འདིར་དགེ་རྒན་གྱི་ལས་གནས་ལ་ཧབ་ཐོབ་རྒྱགས་པ་ལྟ་བུའི་རྒྱུགས་ལ་ཞུགས་མཁན་ཤིན་ཏུ་མང་པོ་འབྱུང་གིན་འདུག་ན་ཡང་། ཕ་ཡུལ་དང་ཁ་ཐག་རིང་ལ་མཚོ་ངོས་ནས་མཐོ་ཙམ་དུ་ཡོད་པའི་འབྲོག་ཁུལ་གྱི་ལས་གནས་ཤིག་ཐོབ་པ་དང་ལྷན། ལས་གནས་དམའ་སའམ་རང་གི་ཕ་ཡུལ་ཕྱོགས་སུ་བསྒྱུར་བར་བརྩོན་ལེན་བྱེད་པ་དང་། ལས་གནས་བརྗེ་བསྒྱུར་གྱིས་གཞུང་ཞབས་པའི་ལས་ཐོབ་རེག་ཐབས་ལ་འབད་པ། ནད་དགོངས་སོགས་ཞུས་ནས་ལས་འཁྱུར་ངལ་གསོ་བྱེད་འདོད་པའི་དགེ་རྒན་མང་པོ་ཞིག་བྱུང་དང་འབྱུང་མུས་ཀྱི་སྐབས་འདིར་དགེ་རྒན་ལྗགས་མདའ་ནི་གཞུང་ཞབས་པ་ནས་དགེ་རྒན་གྱི་ལས་གནས་ལ་རེ་ཞུ་དང་དངོས་སུ་ཞུགས་མཁན་གྱི་ན་གཞོན་སྙིང་སྟོབས་དང་ཕུགས་བསམ་ཅན་ཞིག་ཡིན་པའི་ངོས་འདི་ནས་ཀྱང་ཁོང་ལ་ཡིད་སྨོན་སྐྱེས་སོང་། མང་པོ་ཞིག་གིས་ཁོང་ཉིད་གླེན་པ་རེད་འདོད་སྲིད། ངས་ནི་སྲིད་གཞུང་གི་ལས་ཀ་གལ་ཆེན་མ་རེད་ཟེར་གྱི་མེད་མོད། དགེ་རྒན་གྱི་ལས་གནས་འདིར་མི་བུ་ལྷག་བསམ་ཅན་མང་པོ་ཞིག་ཡོང་དགོས་པ་ནི་དེ་ལས་ཀྱང་གལ་ཆེ་བར་འདོད་པས་སེམས་ཀྱི་སྐད་ཆ་འདི་བཤད་དགོས་བྱུང་།