ལངྐར་གཤེགས་པ་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ།། བསྟན་པ་དང་ནི་གྲུབ་མཐའ་འོ།། བྱིས་པ་རྣམས་ལ་བསྟན་པ་བཤད།། རྣལ་འབྱོར་པ་ལ་གྲུབ་མཐའ་འོ།།

[1] ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་དང་། དེའི་གལ་འགངས་གླེང་བ།

[གྲུབ་མཐའི་སྐོར་གྱི་རྣམ་བཤད།]ཅེས་པའི་གསུང་རྩོམ་འདི་ནི་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ཞེས་པ་དང་། [དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་དངོས་བཤད་པ།]ཞེས་པའི་སློབ་ཚན་གཉིས་ལས་གྲུབ་ཡོད་ཅིང་། དེ་གཉིས་ཀ་རྩོམ་པ་པོས་དངོས་སུ་འཛིན་གྲྭར་སློབ་ཁྲིད་གནང་བ་ཞིག་ཡིན་པས་ཆོས་ལུགས་གྲུབ་མཐའ་ཁག་ལ་དོ་སྣང་ཅན་ཚོར་དགེ་མཚན་དུ་མ་ཡོད་པ་ལྟ་ཅི་བོད་པའི་རིག་གཞུང་ཐོག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་ལ་མཚོན་ན་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཏུ་གྱུར་འདུག ད་ཕན་བོད་ཀྱི་གྲུབ་མཐའི་སྐོར་གྱི་དེབ་ཕལ་ཆེ་བའི་ནང་ཕྱི་ནང་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འདོད་ཚུལ་དཀྱུས་གཅིག་ཏུ་གསུངས་པ་ལས་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའམ་ཐོག་མའི་ཤེས་ཡོན་ལ་དམིགས་སུ་བཀར་ནས་བཤད་པ་དེ་འདྲ་ཤིན་ཏུ་དཀོན་པ་དང་། ལྷག་པར་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་སྤྱི་བཤད་ཐོག་ལྟ་བ་དང་རྣམ་པ་གསར་པའི་ཐོག་ནས་སྨྲ་མཁན་དཀོན་པའི་སྟོང་ཆ་དེ་དུང་དཀར་གྲུབ་མཐས་ཁ་བསྐངས་པ་ལྟ་བུར་མངོན།

ང་ཚོས་ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་དང་ལྟ་ཚུལ་ལ་སློབ་སྦྱོང་མ་བྱས་པའི་སྔོན་དུ་ཤེས་རྟོགས་དགོས་པའི་གནད་དོན་གཅིག་ནི་རྒྱུ་མཚན་ཅིའི་ཕྱིར་ང་ཚོས་དེ་དག་ལ་སློབ་སྦྱོང་བྱེད་དགོས་མིན་དེ་ཡིན། དེ་ཡང་དེ་དག་གི་གཞི་རྩའི་བསྟན་དོན་སྙིང་པོ་གང་ཡིན་མིན་དང་། དེ་དག་གི་ངོ་བོ་དང་བྱུང་རིམ། རྒྱུ་རྐྱེན་སོགས་ལ་གོ་རྟོགས་བརྟན་པོ་ཞིག་སླེབས་རྒྱུ་དེ་རེད། རྩོམ་པ་པོས་གནད་དོན་འདིར་སྣང་འཇོག་ཚད་མེད་གནང་སྟེ་ཐོག་མ་ཉིད་ནས་དེའི་ངོས་འཛིན་གསལ་པོ་བཟོས་གནང་བ་གསུང་དུམ་བུ་འདི་ལས་རྟོགས་ཐུབ་པ་སྟེ། [1]ང་ཚོས་འདིར་ཆོས་ལུགས་སློབ་སྦྱོང་བྱེད་པ་ནི། ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་བྱ་རྒྱུའི་ཆེད་དུ་ཡིན་ཞིང་། བྱ་དངོས་ཚང་མ་དང་པོ་མེད་པ་ནས་བྱུང་བ་དང་། འཕེལ་རྒྱས་ཇི་ལྟར་འགྲོ་བ། མཐར་མེད་པར་འགྲོ་བ་བཅས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ངེས་པར་ཤེས་དགོས། དེར་བརྟེན། ཆོས་ཟེར་བ་དེའང་དང་པོ་མེད་པ་ནས་གསར་དུ་བྱུང་བའི་དངོས་པོ་ཞིག་ཡིན་སྟབས་དང་པོ་མེད་པ་དེ་ག་དུས་མེད་པ་དང་། ག་དུས་གཞི་ནས་བྱུང་བ། རྗེས་སུ་འཕེལ་རྒྱས་ཇི་ལྟར་བྱུང་བ། མཐའ་མ་ཇི་ལྟར་མེད་པར་འགྲོ་བ་དེའི་ཆོས་ཉིད་དེ་ངེས་པར་ཤེས་དགོས། ཞེས་གསུངས་པ་འདི་ལས་རྟོགས་ཐུབ།

ཆོས་ལུགས་གྲུབ་མཐའ་ཁག་གི་སྤྱི་དང་བྱེ་བྲག་གི་གནས་ཚུལ་ལ་དཔྱོད་པའི་ཚེ་ཡང་མཚན་ཉིད་རིག་པའི་དཔྱད་ཐབས་དང་ཟུང་འབྲེལ་གནང་ཡོད་པ་ནི་རྩོམ་པ་པོའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། མཚན་ཉིད་རིག་པ་ཞེས་པའི་བརྡ་ཆད་འདི་ནི་རང་རེའི་རིག་གཞུང་ནང་སྔར་ནས་ཡོད་པ་ཞིག་མིན་པར་གསར་བྱུང་ཞིག་ཡིན་པ་དང་། བོད་ཕྱི་ནང་གཉིས་སུ་སླེབས་པའི་སྐད་ཡིག་གི་བརྒྱུད་རིམ་ཡང་མི་འདྲ་བས་ད་ཕན་བརྡ་ཆད་འདིར་དོན་མཐུན་གྱི་མཚན་ཉིད་འཇོག་མཁན་ཡང་རྩོམ་པ་པོ་འདི་མ་གཏོགས་བྱུང་མེད་ཚོད་འདུག
དེ་ལ་འདིར་མཚན་ཉིད་རིག་པའི་སྐོར་ཕྲན་ཙམ་སྨྲས་ན། མཚན་ཉིད་རིག་པ་ཞེས་པའི་བརྡ་ཆད་འདི་ནི་ནུབ་ཕྱོགས་པའི་རིག་གཞུང་ནང་ཡོད་པའི་ཐ་སྙད་([2]Philosophy)ཞེས་པའི་དོན་ཡིན་པ་དང་། དེ་ཡང་ནུབ་ཕྱོགས་པའི་རིག་གཞུང་གི་ལོ་རྒྱུས་ལ་བལྟས་ན་གནའ་བོའི་གྷི་རིག་གི་མཁས་པ་ཚོའི་སྐབས་རང་བྱུང་མཚན་ཉིད་རིག་པ་[3]དང་། དེ་ནས་རིག་རྩལ་བསྐྱར་དར་[4]གྱི་སྐབས་དང་ཕྱིས་སུ་བཟོ་ལས་གསར་བརྗེའི་རྗེས་སུ་ཚན་རིག་ཡར་རྒྱས་ཤུགས་ཆེན་ཕྱིན་པའི་རྐྱེན་གྱིས་མཚན་ཉིད་རིག་པ་དང་ཚན་རིག་གཉིས་སོ་སོར་གྱེས། འོན་ཏེ། བརྒྱུད་རིམ་དེའི་ནང་མཁས་པ་དང་མཚན་ཉིད་རིག་པ་སྨྲ་བ་(Philosopher)མང་པོ་ཞིག་གིས་དེ་གཉིས་འགལ་མེད་གཅིག་ཏུ་སྒྲུབ་ཐབས་བྱེད་མྱོང་བ་དང་། ཡང་ལ་ལས་དེ་གཉིས་འགལ་ཟླའི་ངོ་བོར་ལྟ་བ་སོགས་ཀྱི་གནས་ཚུལ་དུ་མ་ཞིག་ཀྱང་བྱུང་འདུག

ཡང་མཚན་ཉིད་རིག་པ་ནི་ལྷ་ཆོས་རིག་པ་Theologyདང་ཚན་རིག་གཉིས་གང་གིའང་ཁོངས་སུ་མི་གཏོགས་པར་ཕུང་གསུམ་པ་ཞིག་ཏུ་འདོད་མཁན་ཡང་འདུག དཔེར་ན། དབྱིན་ཇིའི་མཚན་ཉིད་རིག་པ་སྨྲ་བ་སྐུ་ཞབས་བྷར་ཊརེན་ཌེ་རཱ་སལ་[5]Bertrand Russell གྱིས་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་པའི་[6]ནང་། ཚེ་སྲོག་གི་འདུ་ཤེས་དང་། ང་ཚོས་ཚང་མས་བརྗོད་པའི་མཚན་ཉིད་རིག་པ་ནི་རྒྱུ་རྐྱེན་གཉིས་ལས་བྱུང་བའི་འབྲས་བུ་གཅིག་ཏུ་གྲུབ་ཡོད། གཅིག་ནི་ཕ་མེས་ཀྱི་ཆོས་ལུགས་དང་། ཀུན་སྤྱོད་ཀྱི་འདུ་ཤེས་ཡིན། དེ་ལས་གཞན་ཞིག་ནི། ཚན་རིག་དང་མཐུན་པའི་ཞིབ་འཇུག་ལྟ་བུར་གོ་ཆོག མཚན་ཉིད་རིག་པ་སྨྲ་བ་སྒེར་སོ་སོས་རང་གི་ཐབས་ཚུལ་ལ་གཞིགས་ཏེ་རྒྱུ་རྐྱེན་དེ་གཉིས་ལ་རྒྱ་ཆེ་བའི་འགྲེལ་བཤད་རྒྱག་བཞིན་ཡོད། འོན་ཏེ། ཁོང་ཚོའི་སྒྲོམ་གཞིའི་ནང་དེ་གཉིས་ཀ་ཚུད་ཡོད། མཚན་ཉིད་རིག་པ་ཞེས་པའི་ཚིག་འདི་གནད་དོན་རྒྱ་ཆེ་ཆུང་མང་པོའི་ནང་བེད་སྤྱོད་བྱས་ཡོད། ངས་ནི་འཆད་འགྱུར་ལྟར་ཚིག་འདི་གོ་དོན་རྒྱ་ཆེ་ས་ཞིག་ཏུ་སྤྱོད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན། ཁོ་བོ་ལྟར་ན་མཚན་ཉིད་རིག་པ་ནི་ལྷ་ཆོས་རིག་པ་(Theology)དང་ཚན་རིག་གཉིས་ཀྱི་དབུས་སུ་གནས་པ་ཞིག་ཡིན། ཞེས་གསུངས་པ་ལས་ཤེས་ནུས།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕལ་ཆེ་བའི་ནང་མཚན་ཉིད་རིག་པའི་སྐོར་མང་པོ་ཞིག་འཐོན་པ་དང་། དེ་ཡང་དངོས་གཙོའི་མཚན་ཉིད་རིག་པའི་ཐོག་ནས་ཞིབ་འཇུག་གི་སྒོ་མོ་འབྱེད་དགོས་ཚུལ་གྱི་ལེགས་བཤད་དག་ཡིན། མཚམས་འདིར་ང་ཚོས་ཡང་སྙིང་རྩོམ་པ་པོ་ཁོང་གིས་མཚན་ཉིད་རིག་པ་ཞེས་པ་དེ་གང་འདྲ་ཞིག་ལ་བཞེད་མིན་ཐད་བསམ་གཞིག་ཅིག་བྱས་ན་[7]འཇིག་རྟེན་ཐོག་གི་བྱ་བ་དང་དངོས་པོ་ཚང་མར་ཕྱིའི་སྣང་ཚུལ་དང་། ངོ་བོ་གཉིས་ཡོད་པའི་ནང་ནས་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་སྐབས་རང་རང་སོ་སོའི་ཕྱིའི་སྣང་ཚུལ་བརྒྱུད་ནས་ངོས་འཛིན་བྱེད་པ་མ་གཏོགས། ཕྱིའི་སྣང་ཚུལ་དེ་མ་བརྒྱུད་པར་ངོ་བོ་ངོ་མ་དེ་ངོས་འཛིན་བྱེད་མི་ཐུབ། ཕྱིའི་སྣང་ཚུལ་དེ་ནི་ངོ་བོ་མཚོན་པའི་རྟགས་མཚན་ཡིན་པས། དེ་ལ་མཚན་མ་ཟེར་ཞིང་། སྣང་ཚུལ་དེ་ལ་ངེས་ཅན་གྱི་ངོ་བོ་དང་ཆོས་ཉིད་ཅིག་ཡོད་པས། དེ་འདྲའི་མཚན་མ་དང་། ཆོས་ཉིད་གཉིས་ཟུང་དུ་འབྲེལ་ནས་བརྟག་དཔྱད་བྱ་ཐབས་ཀྱི་རིག་པ་དེ་ལ་མཚན་ཉིད་རིག་པ་ཞེས་པའི་མིང་བཏགས་པ་རེད། ཅེས་གསུངས་ཡོད།

གོང་གི་གསུང་དུམ་བུ་དེའི་བསྟན་དོན་ལྟར་མཚན་ཉིད་རིག་པ་ཞེས་པ་ནི། མཚན་མའམ་སྣང་ཚུལ་དང་ཆོས་ཉིད་གཉིས་ཟུང་འབྲེལ་གྱི་དཔྱད་ཐབས་ཀྱི་རིག་པ་ཞིག་ལ་གོ་བ་ལེན་ན་ཆོག་པ་དང་། དེ་ནི་མཚན་ཉིད་རིག་པའི་ངོ་བོར་འདོད་ནའང་འགྲིག་སྙམ། རྩོམ་པ་པོས་ཆོས་ལུགས་གྲུབ་མཐའ་ཁག་གི་གནད་དོན་ལ་དཔྱོད་པའི་ཚེ་ཡང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་གཞི་མར་འཇོག་དགོས་ཚུལ་ཐོག་ནན་བཤད་གནང་གི་འདུག་པས་ཡང་སྙིང་དངོས་གཙོ་དང་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་བསམ་པའི་འཁྱེར་སོ་དེ་ཇི་ལྟར་ཡིན་མིན་ལ་སློབ་སྦྱོང་བྱེད་རྒྱུ་ནི། མཁས་དབང་འདིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་གནང་ཚུལ་ཐད་རང་ངོས་ནས་གདེང་འཇོག་ཇི་ལྟར་བྱེད་ཐུབ་མིན་གྱི་འགག་རྩར་གྱུར་ཡོད།

ངས་བྱས་ན་ང་ཚོས་དངོས་གཙོའི་རིང་ལུགས་ཀྱི་སྐད་ཆ་ཤོད་དུས་དེ་ལ་དངོས་ཡོད་རིང་ལུགས་ཞེས་པ་དང་དངོས་པོའི་དཔལ་ཡོན་གྱི་རིང་ལུགས་ཞེས་པའི་གོ་བ་ལེན་སྟངས་གཉིས་ཡོང་ཆོག་སྟེ། རྩོམ་པ་པོས་བཞེད་པའི་དངོས་གཙོ་ནི་དངོས་ཡོད་རིང་ལུགས་(Realism)ཞེས་པ་སེམས་གཙོའི་རིང་ལུགས་ཀྱི་དངོས་འགལ་དུ་གྱུར་པ་དེ་ཡིན་པ་ལས་ཕྱི་མ་(Materialism)ཞེས་པ་དེ་མིན་པར་སེམས།

གལ་ཏེ་དེ་ལྟར་ཡིན་ན་དངོས་པོའི་དཔལ་ཡོན་ཉིད་ཨང་དང་པོ་དང་། འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ནི་དངོས་པོའི་དཔལ་ཡོན་གྱི་གནས་བབ་ཉིད་ལ་རག་ལས་པའི་ལྟ་ཚུལ་འཛིན་དགོས་པས་དེ་འདྲ་ག་ལ་འཐད། དེ་ཡང་རྩོམ་པ་པོ་ཉིད་ཀྱིས་གསལ་བཤད་གནང་འདུག་པ་ནི། [8]སངས་རྒྱས་ཆོས་ལུགས་པའི་ལྟ་ཚུལ་ལྟར་ན་འཇིག་རྟེན་འདིའི་ཐོག་སྡོད་རིང་ནོར་ལོངས་སྤྱོད་དང་གཟུགས་མཛེས་པོ་གང་འདྲ་ཡོད་ནའང་ཤི་དུས་ཚང་མ་བཞག་ནས་འགྲོ་རྒྱུ་ལས་ཐབས་གཞན་མེད་པས། ཤི་ཁར་ཕན་ཐོགས་པ་དང་ཁྱེར་རྒྱུ་ཡོད་པ་ཆོས་མ་གཏོགས་མེད་ཟེར་བ་དེ་རེད། དེ་ནི་མར་ལེའི་རིང་ལུགས[9]་ཀྱི་ལྟ་བ་དང་ཡོངས་སུ་རྒྱབ་འགལ་ཡིན། ཞེས་གསུངས་པ་ལས་ལེགས་པར་གོ་ནུས།

རྒྱུ་མཚན་གང་ཡིན་ཟེར་ན། ཆོས་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་དེས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་མིའི་བསམ་བློའི་ནང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། མི་རིགས་ཕན་ཚུན་དབར་གྱི་མཐུན་སྒྲིལ། སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ལ་ནུས་པ་འཐོན་གྱི་ཡོད་པའི་གནས་ལུགས་དེ་རྩོམ་པ་པོའི་ཐུགས་ཁོང་ནང་གསལ་ལྷང་ངེར་ཡོད་པས། དངོས་པོའི་དཔལ་ཡོན་འབའ་ཞིག་སྐྱེ་འགྲོའི་བདེ་སྐྱིད་ཀྱི་འབྱུང་རྐྱེན་དུ་སྨྲ་བའི་ལྟ་ཚུལ་ཡ་མ་བརླ་དེ་འདྲ་ག་ལ་འཛིན་སྲིད། དེར་བརྟེན། དངོས་གཙོའི་རིང་ལུགས་ཀྱི་གོ་བ་ལེན་དུས་ཡིད་གཟབ་བྱེད་རྒྱུ་མང་དག་ཅིག་ཡོད་པ་ཤེས་དགོས་གལ།

འདིའི་ཐད་རང་ཅག་གི་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་འདི་འདྲ་ཞིག་གསུངས་འདུག། [10]བར་སྐབས་ཤིག་ནས་ནུབ་གླིང་དུ་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་མིའི་བསམ་སྤྱོད་ལའང་འགྱུར་རླབས་ཤུགས་ཆེ་ཞིག་ཐེབས་པར་བསྐྱར་གསོའི་(Renaissance)དུས་རབས་སུ་བཏགས་པ་དེ་བྱུང་བ་ནས་བཟུང་ལུས་ཚོར་བདེ་བའི་མཐུན་རྐྱེན་འབའ་ཞིག་སྐྱེས་བུའི་མངོན་འདོད་དུ་བཟུང་སྟེ་སེམས་ཀྱི་ཡར་རྒྱས་སྣང་མེད་འཇོག་འགོ་ཚུགས་ནས་ནོར་དང་འདོད་པ་འབའ་ཞིག་ལས་ཆོས་དང་ཐར་པའི་དགོས་གལ་དོར་བ་དང་། ལྷག་པར་ཆབ་སྲིད་ཀྱི་སྒྲིག་འཛུགས་ནང་ཆོས་སྲིད་ཁ་བྲལ་གྱི་ལམ་སྲོལ་དར་ཁྱབ་བྱུང་བ་མ་ཟད། ཁཱལ་མག་སེ་(Karl Marx)ལྟ་བུ་ནོར་གྱི་འདུ་འགོད་ཁོ་ན་སྐྱེ་རྒུའི་བདེ་རྩར་འདོད་པ་དང་། ཧྤོ་རོ་ཌི་(Freud)ལྟ་བུ་འདོད་པའི་ཆགས་པ་ཁོ་ན་སེམས་ཀྱི་འབྱུང་རྩར་འདོད་པའི་ལྟ་བ་དག་ལ་རྨོངས་དད་ཅན་གྱི་རྗེས་འབྲང་བ་མང་དུ་འཕེལ་བའི་དབང་གིས་་་་ཞེས་སོགས་གསུངས་པ་ལས་ཀྱང་དངོས་གཙོ་ཞེས་པར་གོ་བ་ཕྱོགས་གཞན་ནས་ལེན་རྒྱུ་ཡོད་པའི་དངོས་ཡོད་གནས་སྟངས་ལ་བསམ་དགོས་པར་མཐོང་།

ནུབ་ཕྱོགས་པའི་རིག་གནས་ཁྲོད་དུ་མཚན་ཉིད་རིག་པའི་རྒྱུན་ཞིག་སྔར་ནས་ཡོད་མུས་ཐོག་ད་བར་དེའི་ཐོག་ལ་ངོས་འཛིན་བྱེད་སྟངས་དང་། འཕེལ་རྒྱས། དབྱེ་བ། རིན་ཐང་བཅས་འཇོག་སྟངས་ཀྱི་རིམ་པ་མང་པོ་ཞིག་བྱུང་ཡོད་པ་ལས་ཞིབ་ཏུ་དཔྱད་ན་[11]མཚན་ཉིད་རིག་པའི་རྩོད་སྤོང་གི་གཞི་ཆེན་པོ་གཉིས་ནི་དངོས་གཙོ་དང་སེམས་གཙོའི་རིང་ལུགས་གཉིས་སུ་ཁ་ཚོན་གཅོད་ཆོག་ལ་རྩོམ་པ་པོས་ཀྱང་གསུང་རྩོམ་ཧྲིལ་པོའི་ནང་ཞིབ་འཇུག་གི་དཔྱོད་ཐབས་ནི་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ལ་གཙོ་བོར་འཛིན་དགོས་པའི་ལྟ་ཚུལ་དུ་མ་བྱུང་བ་མ་ཟད་ཕྱི་ལོ་༡༩༨༦ལོར་ལྷ་ས་བོད་རིག་པའི་གྲོས་མོལ་གྱི་ཚོགས་འདུར་སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ནང་དངོས་གཙོ་སྨྲ་བ་འདྲེས་ནས་ཡོད་པ། ཞེས་པའི་མཚན་ཉིད་རིག་པའི་སྐོར་གྱི་ཆེད་རྩོམ་གྲགས་ཅན་དེ་སྤེལ་གནང་མཛད། དེ་ནི་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་མཛད་པའི་ལྟ་ཚུལ་ལས་གྲུབ་པ་ཞིག་དང་། དེས་བོད་ཀྱི་ཤེས་ལྡན་མི་སྣའི་ཁྲོད་དུ་མཚན་ཉིད་རིག་པའི་གོ་རྟོགས་དང་། ཞིབ་འཇུག་གི་བློ་སྒོ་གསར་པ་ཞིག་ཕྱེ་ཐུབ་ཡོད།

སྤྱིར་རང་རེ་བོད་ཀྱི་ཡུལ་དུ་རིས་མེད་ཀྱི་མཁས་པའི་དབང་པོ་མང་པོས་གྲུབ་མཐའི་རྣམ་གཞག་གྲངས་ལས་འདས་པ་ལྟ་བུ་ཞིག་མཛད་ཡོད་ཀྱང་། མང་ཆེ་བས་གཞུང་དེ་དག་གི་ནང་གྲུབ་མཐའི་རྣམ་གཞག་དངོས་སམ་ཡང་ན་གྲུབ་མཐའི་དབར་གྱི་ལྟ་བའི་ཐད་ལ་དགག་གཞག་སྤོང་གསུམ་གྱི་སྒོ་ནས་ས་ཕྱོད་ཆེ་བའི་མཛད་པ་བསྐྱངས་པ་ལས་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་དང་། དེ་དག་གི་ལོ་རྒྱུས། དེ་དག་དང་སྤྱི་ཚོགས་ཀྱི་འབྲེལ་བའི་དབར་གྱི་གལ་ཆེའི་སྣང་ཚུལ་མང་དག་ཅིག་ལ་ཐུགས་སྣང་བྱུང་མེད་པས་བོད་པའི་ལོ་རྒྱུས་ཀྱི་བྱུང་བ་དང་། དོན་རྐྱེན་ཞིག་གི་མཇུག་འབྲས་གླེང་དུས་ཀྱང་དག་སྣང་དང་དངོས་ཡོད་ཀྱི་སྣང་ཚུལ་འདྲེས་པ་ལྟ་བུས་ལོ་རྒྱུས་ཀྱི་གནད་དོན་ངོ་མ་ངེས་དཀའ་བ་འདི་བྱུང་བ་རེད།

སྟོན་པ་ཉིད་ཀྱིས། བྱིས་པ་རྣམས་ལ་བསྟན་པ་བཤད།། རྣལ་འབྱོར་པ་ལ་གྲུབ་མཐའ་འོ།། ཞེས་གསུངས་པ་ལྟར་སྔར་གྱི་ཆོས་ལུགས་གྲུབ་མཐའི་རྣམ་གཞག་མཛད་པ་པོ་དག་ནི་རྣལ་འབྱོར་པ་ཤ་སྟག་ལ་སོང་ཆོས་ལུགས་གྲུབ་མཐའི་སྙིང་བཅུད་ལ་དག་ཐེར་གནང་བ་ལས་ཆོས་ལུགས་གྲུབ་མཐའ་དང་འབྲེལ་བའི་གཞི་རྩའི་ཤེས་ཡོན་ཐུགས་སྣང་མི་གནང་བ་དེ་ལའང་དོན་དངོས་ཀྱི་རྒྱུ་མཚན་ལྡན་ཡོད། མཁས་དབང་དམ་པ་འདི་ནི་ཁོང་རྣམ་པ་དང་མི་འདྲ་བར་དུས་སྐབས་མི་འདྲ་བ་དང་ཁོར་ཡུག་མི་འདྲ་བ་ཞིག་གི་འོག་ནས་བོད་ཀྱི་སྤྲུལ་སྐུ་ཞིག་གི་ངོ་བོར་གནས་བཞིན་དུ་ཆོས་ལུགས་གྲུབ་མཐའ་དང་། ཆོས་ལུགས་ཀྱི་ལས་དོན་ལས་བརྒལ་ཏེ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་རིག་གནས་ཀྱི་ལོ་རྒྱུས་ཁྲོད་ནས་ལྟ་ཚུལ་དང་། འདུ་ཤེས། ངོས་འཛིན་གསར་པ་བཅས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ངོ་ཤེས་མཁན་གྱི་མཁས་དབང་ཞིག་དང་། སློབ་གསོ་རིག་པ་བ། དགེ་རྒན་ཆེན་མོ། ལོ་རྒྱུས་སྨྲ་བ། ཞིབ་འཇུག་པ་བཅས་ཀྱི་མཚན་སྙན་ལྡན་པ་ཞིག་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུམ་འབུམ་ག་པ་[གྲུབ་མཐའི་སྐོར་གྱི་རྣམ་བཤད།]ཅེས་པ་འདི་བོད་ཕྱི་ནང་གཉིས་ཀར་ཁྱབ་པ་ནས་བཟུང་མ་གྲོས་བསམ་པ་གཅིག་མཐུན་གྱིས་དུང་དཀར་གྲུབ་མཐའ་ནི་ཧ་ཅང་ཁ་གསལ་བ་དང་གོ་བདེ་པོ་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ་འདི་ལགས།

ང་ལ་མཚོན་ན་དེ་ཙམ་མིན་པར་དུང་དཀར་གྲུབ་མཐར་ད་དུང་ཁྱད་ཆོས་འདི་འདྲ་འདུག་ཅེས་རང་ཉིད་ཀྱི་དཔེ་ཀློག་བརྒྱུད་རིམ་ཁྲོད་ནས་བྱུང་བའི་མཐོང་ཚུལ་ཁ་ཤས་ཡོད་པ་ལས་རྩོམ་ཡིག་འདིའི་གཞི་བསླངས་པ་ཡིན། དམ་པ་གང་གིས་རྩོམ་ཡིག་འདིའི་ནང་འགོ་བརྗོད་དང་མཚུངས་པར་བོད་བརྒྱུད་ནང་པའི་ཆོས་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་ཁག་ཁ་གསལ་གོ་བདེའི་ལམ་ནས་འགྲེལ་བཤད་གནང་བ་དང་ཆབས་ཅིག་དེ་དག་གི་གཞི་རྩའི་ཤེས་ཡོན་ལའང་དུས་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་མཛད་ཡོད་པ་ནི་དུང་དཀར་གྲུབ་མཐའི་འགོ་མཇུག་ཀུན་ཏུ་འཁྱེར་དགོས་པའི་དྲན་སྐུལ་དང་མཛུབ་སྟོན་ཁོ་ནར་མཐོང་།

ད་དུང་ངའི་སེམས་ནང་ནམ་རྒྱུན་འཁོར་ཡོང་བའི་ཆོས་ལུགས་དང་འབྲེལ་བའི་སྤྱིར་བཏང་གི་གནས་ཚུལ་ཁ་ཤས་ཤིག་ཡོང་བཞིན་པ་དག་ནི། དཔེར་ན། དོན་དངོས་ཐོག་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་དེ་དག་གི་དོན་སྙིང་ངམ་གཞི་རྩའི་རིན་ཐང་གང་ཡིན་ནམ་ཞེས་པ་དང་། སའི་གོ་ལ་འདིའི་ཐོག་ཆོས་ལུགས་ཞེས་པ་འདི་ཇི་ལྟར་འགོ་ཚུགས་འདུག་གམ། ཆོས་བྱེད་དང་མི་བྱེད་ཀྱི་གོ་དོན། དུས་སྐབས་དང་གནས་སྟངས་མི་འདྲ་བའི་ནང་ཆོས་ལུགས་ཀྱི་འདུ་ཤེས་ལའང་བཅོས་སྒྱུར་དགོས་དང་མི་དགོས། དོན་དངོས་ཐོག་ཆོས་ལུགས་ཞེས་པ་འདི་དགོས་མཁོ་འདུག་གམ་མི་འདུག ཤར་ནུབ་ཀྱི་སྤྱི་ཚོགས་སོ་སོར་ཆོས་ལུགས་ཀྱི་བྱུང་རིམ་ལ་ཁྱད་པར་ཇི་ལྟར་ཡོད་མེད་སོགས་དང་། མ་ཟད་ད་ལྟའི་འཛམ་གླིང་ཤར་ནུབ་སྤྱི་ཚོགས་ཁྲོད་ཆོས་ལུགས་ཁ་ལ་འཁྱེར་བའི་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་མང་དག་ཅིག་འབྱུང་བཞིན་པ་དང་། མི་རྣམས་ཀྱིས་ཚན་རིག་དང་། འཕྲུལ་ཆས་ལ་བློ་སྙིང་གཏད་དེ་དངོས་པོའི་དཔལ་ཡོན་ཉིད་བདེ་སྐྱིད་ཀྱི་རྒྱུ་རྐྱེན་གཅིག་པུ་དེར་ལྟ་བའི་དུས་རབས་ནང་ཆོས་ལུགས་ཀྱི་གནད་དོན་ལ་རིགས་པའི་ལམ་ནས་འདུ་ཤེས་ཤིག་སྐྱེད་རྒྱུའི་དུས་ལ་བབ་འདུག་སྙམ་པས་ཆོས་ལུགས་ཀྱི་གནད་དོན་འདི་ཡང་སྐྱེ་འགྲོའི་བདེ་སྐྱིད་དང་འབྲེལ་བའི་བསམ་པའི་ཁོར་ཡུག་གི་འཚོ་བའི་ནང་གྲུབ་ཆ་གལ་ཆེན་ཞིག་ཏུ་གྲུབ་འདུག་སྙམ།

བྱེ་བྲག་ཏུ་བོད་རང་གི་གནས་ཚུལ་ཐོག་ནས་ནང་བསྟན་མ་དར་བའི་སྔོན་གྱི་བོད་ཀྱི་གདོད་མའི་ཆོས་ལུགས་དེ་གང་འདྲ་ཞིག་ཡིན་ནམ། དེས་སྐབས་དེའི་སྤྱི་ཚོགས་ཀྱི་བསམ་པའི་འཚོ་བའི་ནང་ཤུགས་རྐྱེན་ཇི་ལྟ་བུ་ཞིག་ཐེབས་ཡོད་མེད། སྲོང་བཙན་གྱིས་བོད་དུ་རྒྱ་གར་ནས་ནང་བསྟན་བཞེས་དགོས་པའི་དོན་དངོས་ཀྱི་རྒྱབ་ལྗོངས། སྐབས་དེའི་བོད་ཧྲིལ་པོའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་བྱེད་འདོད་པ་སོགས་ཡིན། གང་ལྟར་ཆོས་ལུགས་གྲུབ་མཐའ་ཁག་གི་གཞིའི་རྩའི་ཤེས་ཡོན་ཞེས་པ་ནི་ཆོས་ལུགས་གྲུབ་མཐའ་ཁག་གི་གཞུང་ལུགས་རབ་འབྱམས་ནང་གསུངས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དངོས་ལ་རེ་རེ་བཞིན་མ་འཇུག་པའི་སྔ་རོལ་དུ་ངེས་པར་ཤེས་དགོས་རྒྱུའི་སྤྱི་དང་བྱེ་བྲག་གཉིས་ལས་སྤྱིའི་དོན་ནམ་ཤེས་བྱ་དག་ལ་ཟེར་བ་དང་། ད་དུང་ཤེས་དགོས་པ་གཞན་ཞིག་ལ་ཆོས་ལུགས་གྲུབ་མཐའི་སྐོར་གསུངས་པའི་ཞོར་ལ་དེ་དང་འབྲེལ་བའི་སྤྱིར་བཏང་གི་ཤེས་བྱ་ཡང་མང་པོ་ཞིག་འདིའི་ནང་ནས་འཐོན་གྱི་འདུག་པས་དེ་དག་ལ་དམིགས་བཀར་གྱིས་དོ་སྣང་བྱེད་གལ་ཆེ།
མུ་འགོད་་་་་་།

[1] དུང་དཀར་བློ་བཟང་འཕྲིན་ལས། གྲུབ་མཐའི་སྐོར་གྱི་རྣམ་བཤད། ཤོག ༧ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་།

[2] དབྱིན་ཇིའི་ཚིག་མཛོད་ནང་འཁོད་པའི་མཚན་ཉིད་རིག་པའི་གོ་དོན་ནི།
Philosophy .literally means “Love of wisdom.”.
the study of the nature and meaning of existence, truth, good and evil, etc:
ལ་ལས་འདི་ལ་ལྟ་གྲུབ་ཀྱང་ཟེར།

[3] Natural Philosophy

[4] Renaissance (ཡུ་རོབ་ཏུ་དུས་རབས་ ༡༤ ནས་ ༡༦ བར་ཐོན་པའི་)རིག་རྩལ་བསྐྱར་དར་གྱི་དུས་སྐབས།

[6] ༡༩༥༠ ལོའི་ནོ་སྦེལ་རྩོམ་རིག་གི་བྱ་དགའ་བཞེས་མཁན་སྐུ་ཞབས་བྷར་ཊརེན་ཌེ་རཱ་སལ་ Bertrand Russell
ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས། History of Western Philosophy ཤོག ༡

[7] དུང་དཀར་བློ་བཟང་འཕྲིན་ལས། བོད་རིག་པའི་ཆེད་རྩོམ་གཅེས་བཏུས་ཞེས་པའི་ནང་འཁོད་པའི་སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ནང་དངོས་གཙོ་སྨྲ་བ་འདྲེས་ནས་ཡོད་པ། ཞེས་པའི་ཆེད་རྩོམ། ཤོག ༡༨༣ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

[8] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་གྲུབ་མཐའ། ཤོག ༡༣༠ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་།

[9] marx leninism

[10] ཟམ་གདོང་རིན་པོ་ཆེ། རྒྱ་གར་གྱི་རང་དབང་། ཞེས་པའི་དེབ་ཀྱི་སྔོན་གླེང་ཆེད་བརྗོད། ཤོག ༨ བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་། ༢༠༠༩

[11] མཚན་ཉིད་རིག་པ་ཞེས་པ་ནི་རང་རེའི་སྐད་ཡིག་ཁྲོད་དུ་བརྡ་ཆད་གསར་པ་ཞིག་ཡིན་པས། ངས་རྩོམ་ཡིག་འདིའི་ནང་ནུབ་ཕྱོགས་མཚན་ཉིད་རིག་པ་ཞེས་མ་སྤྱད་པར་མཚན་ཉིད་རིག་པ་ཞེས་རང་ལྡོག་ནས་སྤྱད་ཡོད།