བོད་ཀྱི་རུ་ཆེན་བཞི་ཡི་ཡ་གྱལ་རུ་ལག་གི་ཁུངས་གཏོགས་ལ་སྟོད་ལྷོ་དིང་རི་ཁུལ་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམ་གཤིས་ཇི་སྙིད་ཅིག་མཆིས་པ་དང་།  དེ་བཞིན་ཡུལ་དུས་དང་འཚམ་པའི་དུས་ཆིན་བཏང་སྲོལ་སྐར་ཚོགས་ལྟར་མཆིས་པ་ལས་འདིར་གླེང་བར་འདོད་པ་ནི་ཕག་སྙིང་ཡང་ན་དབྱར་སྙིང་ཞིས་པ་ཡིན།  ཕག་སྙིང་ཡང་ན་དབྱར་སྙིང་ཞེས་པའི་དུས་ཆེན་དེ་དུས་ནམ་ཞིག་ལ་བྱུང་བ་དང་བོད་རྒྱལ་སུ་ཞིག་གི་སྐབས་ནས་དར་ཚུལ་སོགས་བརྗོད་པར་དཀའ་ཡང་། ཕག་སྙིང་ཡང་ན་དབྱར་སྙིང་ཞེས་པ་ནི་དབྱར་གུན་སྟོན་དཔྱིད་བཞི་ཞེས་ཡོད་པའི་ནང་ནས་དབྱར་ཀའི་སྐབས་སུ་བོད་ཟླ་དྲུག་པའི་ཚེས་བཅུ་ལ་བཏང་སྲོལ་ཡོད་པའི་དུས་ཆེན་ཁྱད་དུ་འཕགས་པ་ཞིག་ཡིན།  དེ་ཇི་ལྟར་ཞེ་ན།  དབྱར་ལ་དབྱར་ཞག་བརྒྱད་ཅུ་གྱ་ལྔ་ཡོད་པའི་དཀྱིལ་ལམ་སྙིང་དེར་ཕག་ཞག་བདུན་ཞེས་པ་ཞིག་ཡོད་པ་ལས་ཉིན་ཞག་གསུམ་ཡར་ཕུད་དགོས་པ་དང་།  ཉིན་ཞག་གསུམ་མར་ཕུད་པའི་ཉིན་ཞག་ཅིག་ལྷག་པས་དཀྱིལ་ཞག་དེ་ལ་ཕག་སྙིང་ཡང་ན་དབྱར་སྙིང་ཞེས་ཟེར་རོ།།  ངེད་ལ་སྟོད་པའི་རྒན་རབས་རྣམས་ཀྱི་ཞལ་རྒྱུན་དུ་ཟེར་སྲོལ་དེ་འདྲ་ཞིག་འདུག  ཕག་ཞག་བདུན་རིང་ལ་མི་ཚང་དབུལ་ཕྱུགས་ལ་མ་ལྟོས་པར་ཟས་ཅི་ཟོས་རུང་ཟས་དེ་རྣམ་ཀུན་དང་མི་འདྲ་བར་བཅུད་ཆེ་བ་དང་ལུས་ལ་ཕན་རླབས་ཆེ་བ་ཡོད་པར་གྲགས།  སྒོས་སུ་དཔྱར་སྙིང་ཡང་ན་ཕག་སྙིང་གི་སྐབས་སུ་སྔོ་ཚལ་གྱི་རིགས་སུ་གྱུར་དག་དམིགས་བསལ་གྱི་རོལ་བཅུད་ཆེ་བ་ཡོད་ཟེར།  གང་ལྟར་ཕག་ཞག་བདུན་ཧྲིལ་བོར་ཟ་འཐུང་ཡོད་ཚད་རོལ་བཅུད་ལྡན་པ་ཤ་སྟག་དང་།  ལྷག་པར་དུ་ཟ་འཐུང་དག་གི་རོལ་བཅུད་ཀྱི་སྙིང་གུ་ལྟ་བུ་དེ་ཕག་སྙིང་སྟེ་ཕག་ཞག་བདུན་གྱི་དཀྱིལ་ཞག་ཅིག་པུ་དེ་ལ་ཡོད་ཟེར། ད་དུང་ཕག་སྙིང་སྐབས་སུ་ར་ལུག་འབྲི་མོ་སོགས་སྒོ་ཕྱུགས་ཀྱི་མར་ཡང་སྔར་ལས་བྲོ་བ་ཆེ་བ་ཡོད་ཟེར། གང་ལགས་ཟེར་ན་ཕག་ཞག་བདུན་གྱི་རིང་ལ་རྩ་ཆུ་རྣམས་སྔར་ལས་བཟང་བ་དང་གཙང་བ་ཡོད་ཟེར།  གང་ལྟར་ཉིན་དེར་ཕག་མར་ཞེས་དམིགས་བསལ་གྱི་བྲོ་བ་ཆེ་བ་ཡོད་ཟེར། གུས་པས་དྲན་བསོས་པ་ཞིག་ལ་ཕག་མར་ཞེས་གུས་པའི་བྱམས་ལྡན་གྱི་ཨ་མས་ཀྱང་སྟེར་མྱོང་ཡོད།

དེ་བས་ན་ངེད་ལ་སྟོད་པའི་དམངས་ཁྲོད་དུ་བཤད་སྲོལ་འདིར་གལ་ཆེར་མཐོང་ནས་ལུང་པའི་མི་རྣམས་ལྷན་འཛོམས་ཐོག་ཕག་ཞག་བདུན་རིང་ལ་ཁ་ཟས་མཉམ་རོལ་དང་གཡས་གཡོན་གྱི་ཁྱིམ་མཚེས་རྣམས་མགྲོན་དུ་བསུས་ནས་ཧ་ཧུང་ཟེ་བསྡད་སྲོད་ཡོད།  ལྷག་པར་དུ་ཕག་སྙིང་སྟེ་དབྱར་ཞག་བརྒྱད་ཅུ་གྱ་ལྔའི་སྙིང་ཞག་ལ་ཡུལ་ལུང་འདྲ་མིན་ནས་རྣམ་དཀར་དགེ་བའི་བྱ་བར་བཞུགས་པ་དང་།  དཔེར་ན་ཡུལ་ལུང་སོ་སོའི་གཡས་གཡོན་དུ་མཆིས་པའི་དགོན་པ་དང་གནས་རི་སོགས་ལ་མཆོད་མཇལ་དུ་འགྲོ་བ་དང་།  རང་གི་ཁྱིམ་གྱི་གནས་སྟངས་ལ་གཞིག་ནས་ཡར་དཀོན་ཅོག་ལ་མཆོད་པ་རྒྱ་ཆེར་འབུལ་བ་དང་མར་དབུལ་པོར་སྦྱིན་པ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བཏང་སྲོལ་ཞིག་ཆེས་སྔ་མོ་ནས་ཡོད་མུས་རེད།

སྤྱིར་ཕག་སྙིང་དུས་ཆེན་ནི་ལ་སྟོད་ལྷོ་བྱང་གཉིས་དང་གཙང་གི་ས་གནས་མི་ཉུང་བར་བཏང་སྲོལ་ཡོད་མོད།  རེད་དེ་བར་སྐབས་ཤིག་ནས་རིག་གནས་རྗེས་སོགས་རྐྱེན་དུ་མ་ཞིག་དབང་གིས་མེས་པོས་བཞགས་པའི་ཕག་སྙིང་བཏང་སྲོལ་དེ་ཡང་འཇའ་ལྟར་ཡལ་བ་རེད།  དེང་གི་ཆར་ལ་སྟོད་ལྷོ་བྱང་གཉིས་ལས་ལྷོ་ཁལ་དུ་ཕག་སྙིང་བཏང་སྲོལ་ཕྲན་བུ་ཡོད་ཀྱང་དེ་མིན་ལ་སྟོད་བྱང་དང་གཙང་ཁུལ་ལ་དུས་ཆེན་བཏང་སྲོལ་རྒྱུན་ཆད་པ་ཙམ་མ་ཟད་ཕག་སྙིང་ཞེས་པའི་ཐ་སྙད་ཀྱང་མེད་པར་གྱུར་འདུག   བཟང་པོའི་ཞོར་ལ་ཇ་ཆང་དང་།  ངན་པའི་ཞོར་ལ་དབྱུག་བརྡུང་།  ཟེར་བའི་གཏམ་དཔེ་ལྟར་བལ་ཡུལ་ཁུང་དུ་གནས་སྡོད་བྱེད་བཞིན་པའི་ལ་སྟོད་ལྷོ་བས་སྔོན་གྱི་མེས་པོས་བཞག་པའི་དུས་ཆེན་ཕག་སྙིང་ལ་སྔར་སྲོལ་བཞིན་གཡས་གཡོན་གྱི་ཡུལ་མི་ཁྱིམ་མཚེས་ལྷན་འཛོམས་བྱས་པ་དང་།  ངེད་ལ་སྟོད་ཚང་ལ་མཆིས་པའི་དམངས་གཞས་ཡུལ་ལུང་མི་འདྲ་བ་རེ་ནས་ཁྲབ་པ་དང་ལྷན་དུ་རྣམ་དཀར་དགེ་བའི་བྱེད་འགོ་ཡང་དུ་མ་ཞིག་སྤེལ་བཞིན་འདུག    མདོར་ན་ཕག་སྙིང་གི་ཉིན་དེར་བལ་ཡུལ་ཁུལ་དུ་ཡོད་པའི་ལ་སྟོད་པ་གཙོ་བོ་བྱས་ཐོག་བོད་རིགས་གཞན་ཡང་དུས་ཆེན་དེ་མཉམ་རོལ་བྱེད་བཞིན་འདུག ། །།

 

༢༠༡༧/༨/༢ ཉིན།