དེ་རིང་སྔ་མོར་ལངས་ཏེ་བྲག་ཡེར་པར་མཇལ་དུ་སོང་བ་ཡིན།  བྲག་ཡེར་པའི་མིང་གཞན་དུ་དྲན་གསོས་ལ་ཞེས་ཀྱང་འབོད་སྐད།  དེ་ནི་བོད་ཀྱི་ལོ་རྒྱུས་སུ།  དགག་ཕྱོགས་དང་བསྒྲུབ་ཕྱོགས་གཉིས་ཆ་ནས་འཁྲུག་ཆ་དོད་པོར་གླེང་བའི་ལྷ་ལུང་དཔལ་རྡོར་དང་འབྲེལ་བ་ཡོད་པ་ཞིག་སྟེ།  ལྷ་ལུང་དཔལ་རྡོར་གྱིས་ཨུ་དུམ་བཙན་པོ་བཀྲོངས་རྗེས།  རྗེ་བློན་གྱི་ར་མདའ་བྱུང་བས་ཁོ་བྲག་ཡེར་པར་བྲོས་ཤིང་།  དེ་རུ་འཇིགས་དངངས་ཀྱི་དབང་གིས་བརྒྱལ་བ་ལས་སླར་གསོས་པས་དེ་སྐད་དུ་ཐོགས་པར་གྲགས།  ཡེར་པ་ནི་ལུང་པ་དེའི་ཁ་གཡེལ་བའི་ཚུལ་གྱིས་ཡོད་པར་དེ་སྐད་དུ་ཐོགས་པར་བཤད།

ང་ཚོ་རླངས་འཁོར་དུ་བསྡད་དེ་བྲག་ཡེར་པའི་ཕྱོགས་སུ་བསྐྱོད་པ་ཡིན།  རི་ལམ་གྱ་གྱུ་དེ་ནི་སྦྲུལ་ཆེན་ཞིག་གི་ནུར་ཤུལ་དང་འདྲ་བར་གྱ་གྱུ་དང་ཡ་ཡོ་མང་པོས་བྲག་རྐེད་དུ་ཟུག་འདུག  དེ་ལྟ་བུའི་རི་ལམ་དེར་ཡུད་ཙམ་ལ་བརྒལ་མཐར་བྲག་རྐེད་དུ་སླེབས་སོང་།

ང་ཚོ་བྲག་ཡེར་པར་འབྱོར་དུས།  ཉི་རྩེ་ནི་ལྷ་ཞིག་གི་མཛུབ་བར་ནས་སྤྲོས་པའི་འོད་ཟེར་ཞིག་དང་མཚུངས་པར་དབེན་གནས་འདིའི་སྐྱེས་དངོས་ཡོད་ཚད་ཀྱི་ཚེ་སྲོག་གི་ཁྲོད་དུ་འཁྱིལ་འདུག  འདི་ལ་དབེན་གནས་ཞེས་པའི་མིང་དེ་ཐོགས་པ་ནི་དངོས་གནས་དོན་དང་ལྡན་པ་ཞིག་རེད་སྙམ།  བྲག་རི་སྣ་ཚོགས་ནམ་མཁའ་ལ་ལང་ལིང་གིས་འཕྱུར་བ་ལྟ་བུའི་ཚུལ་གྱིས་ཡོད་ཅིང་།  རི་ངོས་ཀུན་ཏུ་ལྗོན་ཤིང་མང་པོ་བསྣོལ་མར་སྦྲེལ་ཏེ་རྒྱས་འདུག  ཕྲ་ལ་རིང་བའི་བྱེའུ་སྐད་ཀྱུར་ཀྱུར་དུ་སྒྲོག་པ་ནི་ཇི་འདྲའི་སེམས་ནང་ལ་ལྷུང་བ་ཞིག་རེད་ཨང་།  ད་དུང་བསང་དུད་ཀྱི་དྲི་མ་ཞིམ་པོ་ཞིག་གིས་རི་ངོས་ཡོངས་སུ་ཁྱབ་ནས་ཡོད་པས་ངའི་བསམ་པ་ཞིག་ལ་རང་གི་མནོལ་གྲིབ་ལ་ཤོར་བ་ཡོད་ཚད་བསངས་ཡོད་ཨང་སྙམ་པ་བྱུང་།  བྲག་རྐེད་ནས་རྒྱང་རིང་དུ་བལྟས་ཚེ།  སྐྱིད་ཆུའི་ཕར་ངོགས་ཀྱི་རི་རྩེ་ཡོངས་སུ་སྨུག་སྤྲིན་དཀར་ལ་རིང་པ་ཡུག་གཅིག་གིས་འཁྱུག་པ་ནི་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སྣང་།  བཤད་ཚུལ་ཞིག་ལ།  བྲག་འདི་སྐྱིད་ཆུའི་ཕ་རོལ་གྱི་ཆོས་ལུང་ཞེས་པའི་ལུང་པ་ཞིག་དང་ཁ་སྤྲོད་དུ་ཡོད་པས་གནས་འདིར་དགེ་རྩ་གང་ཞིག་སྒྲུབ་ཀྱང་གནས་གཞན་ལས་དངོས་སྒྲུབ་མྱུར་བ་ཡིན་ཟེར།  བྲག་རྐེད་འདི་ནས་ངས་དམངས་གླུ་ཞིག་ཡིད་ལ་དྲན་བྱུང་།  དེ་ནི“བོད་ཀྱི་གནས་ཕུད་ལྷ་ས། །ལྷ་སའི་གནས་ཕུད་ཡེར་པ། །ལྷ་སར་ཡེར་པ་མེད་ན། །གོས་ལ་གོང་བ་མེད་འདྲ། །”ཞེས་པ་དེའོ། །

ང་ཚོས་གཞོགས་གཅིག་ཏུ་ལན་ཀན་བཟོས་པའི་རྡོ་སྐས་བརྒྱུད་ནས་མཆོད་མཇལ་བྱེད་མགོ་བརྩམས་པ་ཡིན།  ཐོག་མར་རིགས་གསུམ་མགོན་པོ་རང་བྱོན་ལ་མཇལ་ཞིང་གྲྭ་པ་ཡར་གསེག་ཅིག་གིས་རྟེན་བཤད་ཅུང་ཙམ་བྱས་པར་ཉན།  ཇོ་བོ་རྗེ་དང་འབྲོམ་སྟོན་པ།  རྔོག་ལེགས་པའི་ཤེས་རབ་སོགས་ཀྱི་སྐུ་བརྙན་ཡོད་པའི་རྟེན་འབྲེལ་ཕུག་པར་མཇལ་ཏེ་གསོལ་འདེབས་བྱས་པ་ཡིན།  ཇོ་རྔོག་འབྲོམ་གསུམ་གྱི་གསོལ་ཐབ་སོགས་ཀྱང་མཇལ་དུ་སྣང་།  སྐབས་དེར།  ངས་བཀའ་གདམས་ཕ་ཆོས་དང་བུ་ཆོས་གསུངས་སའི་གནས་དེ་གང་ཡིན་ནམ་སྙམ་ཏེ་གྲྭ་པ་ཞིག་ལ་དྲིས་པར་ཕ་གིའི་ཕྱོགས་སུ་མཛུབ་མོ་བཙུགས་སོང་།  དེའི་བསྟན་པའི་ཕྱོགས་སུ་བལྟས་པར་རི་ཕྲན་སྙིང་དུ་སྡུག་པ་ཞིག་འདུག་ལ།  དེ་ནི་ཡེར་པའི་ལྷ་རི་རིང་མོ་རེད་ཟེར།  དེའི་མགུལ་དུ་ཇོ་བོ་རྗེའི་བཞུགས་ཁྲི་ཡོད་ལ།  དེར་ཇོ་བོ་རྗེས་འབྲོམ་སྟོན་པ་དང་།  རྔོག་ལེགས་པའི་ཤེས་རབ།  ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་ལ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་ཟབ་མོ་ཐིག་ལེ་བཅུ་དྲུག་གི་དབང་གནང་བར་གྲགས།  དེ་ནས་སྲོང་བཙན་སྒམ་པོས་བཞེངས་པར་གྲགས་པའི་མ་ཎི་ལྷ་ཁང་དུ་མཇལ།  ལྷ་ཁང་དེར་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོ་བསྒྲུབས་ཏེ་རྟོགས་པ་བརྙེས་པ་རེད་ཟེར།  དེའི་འཕྲོར་ཟླ་བ་ཕུག་ལ་མཇལ་ཞིང་།  ཟླ་བ་ཕུག་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཁྱད་པར་ཅན་གསུམ་གྱི་ཡ་གྱལ་དུ་འདྲེན་པར་བྱེད་དེ།  ཡར་ཀླུང་ཤེལ་བྲག་དང་། བསམ་ཡས་མཆིམས་ཕུ། ཡེར་པ་ཟླ་བ་ཕུག་བཅས་སོ། །དེ་ཉིད་སློབ་དཔོན་གྱིས་སྒོ་མེད་པའི་གསང་བའི་ཕུག་ཅིག་ཏུ་གཟིགས་ཏེ་དེར་སྒོ་གསུམ་ཅན་གྱི་གནས་སྒོ་ཕྱེས་པར་གྲགས་ཤིང་།  དེས་རྣམ་ཐར་སྒོ་གསུམ་མཚོན་པར་སྐད་དོ། །དེ་ནས་ཚེས་བཅུ་ཕུག་ལ་མཇལ་ཞིང་།  ཕུག་པ་དེ་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཚེ་སྒྲུབ་བསྒྲུབ་སའི་ཕུག་པ་ཡིན་པར་བརྗོད།  དེ་ནས་བྲག་གཤམ་ཞིག་ཏུ་ཞབས་རྗེས་ཤིག་དང་མཚུངས་པའི་ཀོང་ཀོང་པོ་ཞིག་འདུག་པ་ལ།  མཇལ་བ་མང་པོས་དེའི་ནང་དུ་རང་གི་རྐང་པ་འཇོག་པར་བྱེད་པ་མཐོང་།  ང་ཚོ་ཡང་དེར་འབྱོར་ཏེ་གྲྭ་པ་ཞིག་ལ་ཅི་ཞིག་ཡིན་པར་དྲིས་པར།  ཁོས་དེ་ནི་རྡོག་པས་བརྫི་ས་ཞིག་མ་ཡིན་པར་མགོ་ཡིས་གཏུག་ས་ཞིག་རེད་ཟེར།  ཡང་སྙིང་དེ་ནི་རྒྱལ་བ་རིན་པོ་ཆེའི་ཞབས་རྗེས་ཡིན་འདུག  དེ་ནས་དགེ་སློང་བྱང་ཆུབ་འོད་ཟེར་གྱིས་གསར་བཞེངས་མཛད་པར་གྲགས་པའི་སོ་མཁར་ཕུག་གི་བྱམས་ཁང་ལ་མཇལ་བ་ཡིན།  གྲྭ་པ་ཡར་གསེག་ཅིག་གིས་མཇལ་པ་མང་པོར་རྟེན་བཤད་དང་སྦྲགས་ཏེ་ཁ་ཏ་སློབ་གསོ་བྱས་ནས་ཡུད་ཙམ་ལ་མཇལ་དབང་མ་བྱུང་།  ལྷ་ཁང་དེར་བྱམས་སྐུ་ཆེན་པོ་ཞིག་ལ་གཡས་སུ་སེམས་དཔའ་དྲུག་དང་གཡོན་དུ་སེམས་མ་དྲུག་གིས་ཕུ་དུད་བགྱིད་པའི་ཚུལ་གྱིས་བསྐོར་འདུག  ཕུག་པ་དེའི་སྒོའི་ནང་ཕྱོགས་སུ་རྣམ་སྲས་ཀྱི་ཞལ་ཅུང་སྐྱེངས་པའི་ཚུལ་གྱིས་ཡོད་པ་ཞིག་མཐོང་།  དེ་ལ་གཏམ་རྒྱུད་འདི་འདྲ་ཞིག་འདུག་སྟེ།  དགེ་སློང་བྱང་ཆུབ་འོད་ཟེར་གྱིས་བྱམས་སྐུའི་སྐུ་སྨད་བཞེངས་ནས་གྲུབ་མཚམས་ཤིག་ལ།  རྒྱབ་རི་ནས་མི་དཀར་པོ་བརྒྱད་འོང་བ་གཟིགས་ཤིང་།  དེ་དག་རྐུན་པོ་མིན་ནམ་སྙམ་ཏེ་བྱམས་ཁང་དུ་ཕེབས་པར།  མི་དེ་རྣམས་མི་འདུག་ཅིང་།  བྱམས་པའི་སྐུ་སྟོད་ཀྱང་རང་བཞིན་གྱིས་གྲུབ་ཡོད་པར་མཐོང་།  ད་དུང་རྣམ་སྲས་ཀྱིས་ཞལ་སྐྱེངས་པའི་ཚུལ་གྱིས་ཅུང་ཟད་གཟུར་ནས་བཞུགས་འདུག་པ་དང་། བྱམས་སྐུའི་པང་དུ་ནེའུ་ལེ་ཞིག་ཕུལ་ནས་ཡོད་པར་མཐོང་སྐད།  བྱམས་པའི་ཕྱག་ཏུ་ནེའུ་ལེ་ཡོད་པ་འདི་ལས་ཡོད་པ་མ་རེད་ཟེར།  དེའི་ཉིས་ཐོག་ཏུ་ཤིང་སྐས་ལས་འཛེགས་པ་ན་བྱམས་སྐུའི་དབུ་ཐོག་ཏུ་སོག་དམག་གིས་སྨིན་སྒྲོལ་གླིང་ནས་འཕྲོག་པར་སྐད་པའི་རྒྱ་ཕིབས་ཤིག་བསྒྲོན་པ་མཐོང་།  དེ་མིན་ད་དུང་ལྷ་ལུང་དཔལ་རྡོར་གྱི་ཕུག་པ་དང་།  ཀླུ་འདུལ་ཕུག་པ་སོགས་སུ་ཞིབ་མོ་དར་ཚགས་ཀྱི་ལུགས་སུ་མཇལ་ཏེ་ལྷ་རི་རིང་མོར་རྩེ་བསྐོར་བླངས་པ་ཡིན།  ལྷ་རི་རིང་མོའི་པང་ནས་ཕྱིར་བྲག་རིར་བལྟས་ཚེ་བྲག་དེ་ནི་དངོས་གནས་ཡིད་འཕྲོག་པའི་ལྷ་མོ་ཞིག་གི་སྐུ་དབྱིབས་དང་མཚུངས་པར་འདུག  བྲག་ཡེར་པ་ནི་རྗེ་བཙུན་སྒྲོལ་མའི་སྐུའི་དབྱིབས་སུ་ཡོད་པར་བརྗོད་ལ།  ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་ཚུལ་དུ་ཡོད་པར་གྲགས།  རིའི་མར་གཤམ་ཞིག་ཏུ་ཡིད་འོང་གི་ཆུ་མིག་ཅིག་རྡོལ་བཞིན་འདུག་པ་དེ་ལྷ་མོ་དེའི་གསང་གནས་ལས་གསང་ཆབ་འཛགས་པ་རེད་ཟེར།  ང་ཚོ་ཡིད་དུ་འོང་པའི་ལྷ་མོ་དེའི་བྱིན་པའི་སྟེང་དུ་བསྡད་དེ་ཁ་ལག་མཆོད་པ་ཡིན།  ཁོར་ར་ཁོར་ཡུག་ཀུན་ཏུ་མེ་ཏོག་གི་བཞིན་རས་སྣ་ཚོགས་འཚང་ཁ་ཤིག་ཤིག་གིས་འཛུམ་ལ།  བརྡར་བྱེད་མི་ཤེས་པའི་དྲི་ཞིམ་སྣ་ཚོགས་ཀྱང་སྣ་ཁུང་དུ་བར་མེད་ངང་མཆེད་འོང་།

སྤྱིར་ན་ལྷ་སའི་ཉི་འོད་ནི་ལྗིད་ཤུགས་དང་ལྡན་པའི་དངོས་གཟུགས་ཤིག་དང་མཚུངས་པར་དབུགས་ཀྱི་འབྱུང་འཇུག་ཙམ་ཡང་ལེན་དཀའ་བའི་ཚོད་ཡིན།  ལམ་གྱི་གཞོགས་གཉིས་སུ་ཡོད་པའི་སྡོང་བོའི་ཁྲོད་རླུང་བུ་རེ་ཤུགས་ཀྱིས་ལྡང་ནའང་།  སྡོང་བོའི་གཡོ་འགུལ་ནི་དེ་འདྲའི་སྒྱིད་ལུག་གིས་ཁེངས་ནས་ཡོད་པ་ཞིག་ཡིན།  མི་རྣམས་རྟག་ཏུ་ཉི་འོད་ཀྱི་ལྗིད་ཤུགས་ཀྱིས་ཉོན་མོངས་པར་བྱེད་ཀྱི་ཡོད། ཡིན་ནའང་།  བྲག་ཡེར་པའི་པང་དུ་ལོག་པའི་ཚེ།  བསིལ་རླུང་གི་མཆུ་སྒྲོས་ཀྱིས་མི་རྣམས་ལ་བདེ་བ་སྐྲུན་བཞིན་ཡོད་ལ།  ལྷ་སའི་གཤོང་ཁུལ་དང་མི་འདྲ་བར་ཉི་འོད་ཀྱང་དེ་ལྟ་བུའི་ལྗིད་ཤུགས་དང་ལྡན་པའི་དངོས་གཟུགས་ཤིག་མིན་པའི་སྣང་བ་སྟེར།

ང་ཚོས་སྤང་ཁུད་དུ་རྩམ་པ་དང་།  འོ་མ་བསྐོལ་མ།  ཞོ་གསར་བ།  ཤ་སོགས་མཆོད་བཞིན་གླེང་མོལ་མང་པོ་བྱས་ཏེ་ངལ་གསོ་བརྒྱབ་པ་ཡིན།  དེ་ནས་ཐད་ཀར་ཕར་ཕྱོགས་སུ་བལྟས་ཚེ་སྤང་རི་ཡིད་དུ་འོང་བ་གཡུ་ཡི་མནྜལ་བཤམས་པ་ལྟ་བུ་ཞིག་འདུག་ལ།  དེའི་རྩེར་ན་བུན་སྙིང་དུ་སྡུག་པ་རེ་སྐབས་དང་སྐབས་སུ་འགྱུ་བར་བྱེད།  དེ་ནི་འཆར་ཡན་གྱི་རི་མོ་ཞིག་དང་མཚུངས་ཨང་།  དེ་ལྟ་བུའི་རང་བྱུང་གི་བཀོད་པའི་ཁྲོད་དུ་ང་ནི་ལྡིར་ལྡིར་དང་།  ཕེག་ཕེག  ད་དུང་ཆོབ་ཆོབ་ཀྱི་སྒྲ་སྣ་ཚོགས་ལས་ཐར་ཏེ་རེ་ཞིག་ངལ་སོས་བྱུང་བ་ལྟ་བུའི་སྣང་བ་ཞིག་འགོག་མེད་དུ་ཤར་སོང་།  ཡིད་དུ་འོང་བའི་ལྷ་མོ་དེའི་པང་དུ་ང་ནི་ལོ་རྒྱུས་ཀྱི་ཀློང་དུ་ཕྱིར་བཀྱེད་ཐེངས་གསུམ་སྟེག་པ་ལྟ་བུའི་གསལ་རིག་ཅིག་ཀྱང་ངང་གིས་བསྐྱེད་སོང་།
མཇུག་མཐར།  ང་ཚོ་ཡིད་དུ་འོང་བའི་ལྷ་མོ་དེ་དང་ཁ་འགྱེ་དགོས་བྱུང་སོང་།  རི་ལམ་གྱ་གྱུའི་ཁྲོད་ནས་ངས་ཡང་བསྐྱར་ཕྱིར་མིག་ཅིག་བསློགས་སྐབས།  མཐིང་མདོག་གི་ནམ་མཁའི་འོག་ཏུ་སྤྲིན་པ་དཀར་པོ་ལང་ལིང་བྱེད་ཅིང་།  སྤྲིན་པ་དེ་ནི་ཡིད་དུ་ལྷ་མོ་དེའི་དབུ་ལ་བསིལ་གདུགས་ཀྱི་ཚུལ་དུ་ཕུབ་འདུག  དེའི་འོག་ཏུ་ལྷ་མོ་དེ་ནི་འཛུམ་བག་དང་བཅས་ང་ཚོའི་རྒྱབ་གཟུགས་ལ་ཅེར་འདུག  མེ་ཏོག་དང་ལྗོན་ཤིང་ཚོགས་ཀྱིས་ཅུང་ཟད་སྒྲིབ་པའི་ཚུལ་གྱིས་ཡོད་པའི་གསང་གནས་ལས་གསང་ཆབ་ནི་རྒྱུན་ཆད་མེད་པར་འབབ་ཀྱིན་འདུག  དེ་ནི་སུ་ཞིག་གི་མིག་ཆུ་དང་འདྲ་བར་དྭངས་ཤིང་གསལ་བ་ལ་ཨང་།