སྐད་ཆ་ཡིས་ཕན་ཚུན་བར་ལ་དོན་གྱི་བརྡ་སྤྲོད་པ་དང་། བསམ་བློ་དང་བརྩེ་དུང་སོགས་བརྗེ་རེས་བྱེད་བཞིན་ཡོད་མོད། དོན་ངོ་མར་བཤད་ན་ཕྱིའི་དངོས་པོ་དང་ནང་སེམས་ཀྱི་འགྱུར་བ་ཡོད་ཚད་ཀྱི་བརྡ་མག་མོག་ཙམ་ཞིག་དང་དོན་སྤྱི་བཤད་ཙམ་ཞིག་མ་གཏོགས་བརྡ་སྤྲོད་ཐུབ་ཀྱི་མེད། མཚམས་ལན་རེར་དགེ་རྒན་གྱིས་འགྲེལ་བཤད་གསལ་བོ་གནད་དུ་འཁེལ་བ་ཞིག་བྱས་སོང་བ་ལྟ་བུའི་ཚོར་སྣང་འབྱུང་སྲིད་མོད། དེ་ནི་རང་གི་སྔོན་ཆད་ཀྱི་ཉམས་མྱོང་ལས་བསྐྱེད་པའི་མྱོང་ཚོར་སྐྱེན་པོ་དེས་ཚོད་དཔག་དང་གཞོགས་འདེགས་སོགས་ལ་བརྟེན་ཏེ།གོ་བ་ཚུར་ལེན་བྱས་པ་ལས། དགེ་རྒན་དེས་དངོས་པོ་དེའི་དོན་ལ་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་པས་མིན་ཞིང་། སྐད་རིགས་སམ་ཐ་སྙད་ཁོ་རང་སྟེང་དུ་གསལ་བཤད་གནད་དུ་འཁེལ་བའམ་འགྲེལ་བཤད་གསལ་བོ་ཞིག་བྱེད་ཐུབ་པའི་ནུས་བ་དེ་མེད་དོ། དཔེར་ན། རྡོ་ཞེས་བ་དེ་ལ་འགྲེལ་བཤད་ཅིག་བྱེད་དགོས་ན། ཉན་པ་པོར་རྡོ་དེ་ལ་རེག་པ་སོགས་ཀྱི་ཉམས་མྱོང་ཅི་ཡང་མེད་ཅིང་། རྡོ་དེ་རིག་མ་མྱོང་པའི་མི་ཞིག་ཡིན་ཚེ། དགེ་རྒན་སུ་ཡིས་ཁྲིད་ཀྱང་འགྲེལ་བཤད་གསལ་བོ་ཞིག་བྱེད་མི་ཐུབ།

གལ་ཏེ་སྐད་རིགས་སམ་ཐ་སྙད་རང་སྟེང་དུ་རྡོ་ཞེས་པའི་དོན་གསལ་བོར་སྟོན་ཐུབ་པའི་ནུས་པ་ཞིག་ཡོད་པ་ཡིན་ན། དགེ་རྒན་སུ་ཡིས་འགྲེལ་བཤད་བྱས་ཀྱང་འགྲེལ་བཤད་ཀྱི་ཚིག་ནི་གཅིག་མཚུངས་ཡིན་དགོས་ལ། དགེ་རྒན་གྱི་སློབ་ཁྲིད་ལ་བཟང་ངན་གྱི་དབྱེ་བའང་དགར་རྒྱུ་མེད་ལ། དགར་ཡང་མི་ཆོག་གོ།  སྐད་རིགས་སམ་ཐ་སྙད་དེའི་རང་སྟེང་དུ་དོན་གསལ་བོར་སྟོན་པའི་ནུས་བ་མེད་པའི་རྐྱེན་གྱིས།ཉན་པ་པོར་དོན་དེ་གོ་བར་བྱེད་པའི་ཆེད་དུ་ཐབས་ཤེས་སྣ་ཚོགས་ལ་བརྟེན་དགོས། དེ་བས་ཡོན་ཏན་འདྲ་བའི་དགེ་རྒན་ལའང་སློབ་ཁྲིད་ཀྱི་བཟང་ངན་ཤོར་འགྲོ་བའི་གནད་ཀྱང་འདི་ལ་ཐུག་ཡོད་པ་རེད། གཤམ་དུ་ང་ཚོས་རྡོ་ཞེས་པའི་ཐ་སྙད་འདི་ལ་ཚིག་མཛོད་དུ་འགྲེལ་བཤད་ཅི་ལྟར་བརྒྱབ་ཡོད་པར་སྔོག་གཤེར་བྱས་ཏེ་བལྟའོ།།

ང་རང་ཚོས་རྒྱུན་དུ་སྤྱོད་པའི་དག་ཡིག་གསར་སྒྲིག་ནང་དུ་རྡོ་ལ་གཏེར་རྫས་སྣ་ཚོགས་ལས་གྲུབ་པའི་དངོས་པོ་སྲ་མཁྲེགས་ཅན་ཞིག་ལ་ཟེར་ཞེས་བཀོད་ཡོད་པ་དང་། རྒྱའི་དེང་རབས་རྒྱ་སྐད་ཚིག་མཛོད་ནང་དུ་སའི་ཕྱི་ཤུན་གྱི་སྲ་ཞིང་མཁྲེགས་པའི་དངོས་རྫས་ཏེ་གཏེར་དངོས་སྣ་ཚོགས་ལས་གྲུབ་ཅེས་བཀོད་འདུག ཉི་ཧོང་གི་ཚིག་མཛོད་ཆེན་མོའི་ནང་དུ་བྲག་ལས་ཆུང་བ་དང་བྱེ་མ་ལས་ཆེ་བ་ཞིག་སྟེ། གཏེར་རྫས་ཕྱོགས་གཅིག་ཏུ་འདུས་པའི་སྲ་མཁྲེགས་ཅན་ཞིག་ལ་ཟེར་ཞེས་བཀོད་འདུག

གང་ལྟར་འདི་ལྟ་བུའི་འགྲེལ་བཤད་གང་ལ་བརྟེན་ཡང་རྡོ་མཐོང་མ་མྱོང་པའི་ཉན་པ་པོའི་སེམས་སུ་རྡོ་ཞེས་པའི་དངོས་པོ་དེ་གསལ་ལེར་ཤར་ཐུབ་པ་དང་། ཡོ་གཟུར་ཅི་ཡང་མེད་པར་བརྡ་འཕྲོད་པར་བྱེད་པའི་འགྲེལ་བཤད་དུ་གཅིག་ཀྱང་སོང་མེད། འགྲེལ་བཤད་དེ་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། རྡོ་དང་འབྲེལ་བ་ཡོད་པ་ལྟར་སྣང་ཡང་རྡོ་ཁོ་རང་མིན་པའི་ཐ་སྙད་དེ་གཏེར་རྫས་དང་སྲ་མཁྲེགས།བྲག་དང་བྱེ་མ་ལྟ་བུ་མང་པོ་ཞིག་བཀོད་དེ་རྡོ་དེའི་མཐའ་ལ་རྟགས་ཤིག་རྒྱག་ཅི་ཐུབ་བྱས་ཡོད་པ་དེ་རེད། ཡང་ཅིག་བཤད་ན། རྡོ་དེའི་འགྲེལ་བཤད་ལ་རྡོ་མིན་པའི་དངོས་པོ་མང་པོ་ཞིག་བཏུས་ཡོང་སྟེ། ཐ་སྙད་དེའི་མཐའ་སྐོར་ནས་མར་མནན་ཏེ། རྡོ་ཞེས་པའི་ཐ་སྙད་དེ་ལྷང་ལ་འབུད་དུ་བཅུག་པ་ལས་མ་འདས་སོ།།

དེ་བཞིན་དུ་ཞིམ་ཞེས་པའི་ཐ་སྙད་དེའི་འགྲེལ་བཤད་ཀྱང་དེ་ལྟར་ཏེ། དག་ཡིག་གསར་སྒྲིག་ལས་རོའམ་བྲོ་བ་ཁ་ལྕེ་ལ་འཕྲོད་པ། རྒྱའི་ཚིག་མཛོད་དུ་བྲོ་བ་བཟང་པོ། ཉི་ཧོང་གི་ཚིག་མཛོད་ནང་དུའང་བྲོ་བ་བཟང་པོ་ལ་ཟེར་ཞེས་བཀོད་འདུག དྲང་མོར་བཤད་ན་བཟང་བ་དང་འཕྲོད་པ་གཉིས་ནི་སྤྱི་ཁྱབ་དུ་བཀོལ་ཆོག་པའི་ཐ་སྙད་ཅིག་སྟེ། ཞིམ་ཞེས་པའི་ཐ་སྙད་ལས་ཀྱང་སྤྱོད་རྒྱ་ཆེ་བའི་སྤྱི་མཚན་གྱི་མིང་ཞིག་ཡིན་པས། སྤྱི་བྱེ་བྲག་ལ་དབྱེ་སྟེ་འགྲེལ་བཤད་བྱས་པ་ཞིག་མིན་པར། དེ་ལ་ལྡོག་ཏེ་བྱེ་བྲག་ལ་སྤྱིས་འགྲེལ་བཤད་བྱས་འདུག་པ་དེ་རེད། དཔེར་ན། ཕ་ཡུལ་གྱི་འགྲེལ་བཤད་ལ་ས་གཞི་བཞག་པ་དང་ཤིན་དུ་མཚུངས་སོ།།

གལ་ཏེ། མི་ཞིག་གིས་ཁྱེད་ལ་སིལ་ཏོག་དེ་ཅི་ལྟར་ཞིམ་མམ་ལྟ་བུ་དང་ཁོག་གི་ན་ཟུག་དེ་ཅི་ལྟར་གཟེར་རམ་ལྟ་བུའི་དྲི་ཚིག་ཅིག་དྲིས་བ་ཡིན་ན། ལན་འདེབས་མི་ཐུབ་པར་འགྱུར་བ་ནི་ཞིམ་པ་དང་ན་ཟུག་སོགས་ཀྱི་མྱོང་ཚོར་དེ་དངོས་སུ་མཚོན་ཐུབ་པའི་ཐ་སྙད་ཅིག་མེད་པས་ཡིན་་་་་་་། ཞིབ་ཏུ་བསམ་ན་ཐ་སྙད་མེད་པའམ་ཐ་སྙད་ཀྱིས་མ་འདང་བ་ལྟ་བུའི་སྡོམ་ཚིག་འགོད་པ་ལས། ཐ་སྙད་དེ་རིག་པ་ཕྲ་མོས་དེད་ཚེ་ཐ་སྙད་ཁོ་རང་སྟེང་དུ་ཐ་སྙད་གཞན་དང་མ་འདྲེས་པའི་ཁྱད་ཆོས་སམ་རང་ཚུགས་ཐུབ་པའི་ངོ་བོ་ཞིག་གྲུབ་མེད་པས་ཡིན་ཞེས་བཤད་ན་ཅུང་འཕྲོད་པར་སྙམ།

སྐབས་འདིར་གོང་དུ་བྲིས་པའི་ཐ་སྙད་ཀྱི་ངོ་བོ་དེ་གཞིར་བཟུང་སྟེ་དགེ་ཆོས་རིན་པོ་ཆེའི་སྙན་རྩོམ་འདི་ལ་མཉམ་དུ་རོལ་མྱོང་ཞིག་བྱ་སྟེ།

ཇི་ལྟར་དངོས་པའི་གཤིས་ལ་ཉེ་གྱུར་བ། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་འགྱུར་བས། །རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་བར་བཤད། ། ཅེས་པའི་ཤོ་ལོ་ཀ་འདིའི་དགོངས་དོན་ཡང་། གཅིག་བྱས་ན་འདི་ལྟར་གོ་བ་ལེན་དགོས་བ་མིན་ནམ་སྙམ་ཞིང་། དངོས་པོ་དེ་ཡི་གཤིས་ཀའམ་སྤུས་ཀ་ཡི་འགྲེལ་བཤད་ལ་ཇི་ལྟར་ཐག་ཉེ་བར་གྱུར་ཚེ་དངོས་པོ་དེར་འགྲེལ་བཤད་རྒྱག་པའི་ཐ་སྙད་དེ་དེ་ལྟར་བཙལ་དཀའ་བར་མ་ཟད།རིག་པ་ཕྲ་མོའི་སྐབས་སུ་ཐ་སྙད་ཁོ་རང་སྟེང་དུའང་གཞན་དང་མ་འདྲེས་པའི་རང་ཚུགས་ཐུབ་པའི་ཚད་ཉིད་ཅིག་མེད། དེ་བས་མཁས་པ་རྣམས་ཀྱང་དེའི་འགྲེལ་བཤད་ལ་ངག་ལྐུགས་པར་གྱུར་རོ།། དེ་བཞིན་གོང་གི་དཔེ་ལྟར་དུ། ཅི་ཞིག་ནི་རྡོ་ཡིན་པ་དང་ཡང་ན་ཇི་ལྟར་ཞིམ་པ་སོགས་དངོས་པོ་རྣམས་ཀྱི་རང་ཆོས་སུ་ཡོད་པའི་ནུས་པ་དང་རྣམ་པ་དེ་ཇེ་ཞིབ་དང་ཇེ་ཕྲ་རུ་བཏང་ཚེ། བཤད་འདོད་ཀྱང་བཤད་ཐུབ་པའི་གནས་ཤིག་མིན་ནོ་ཞེས་པའི་དོན་ཡིན་དགོས། ཞེས་་་་་་་་སྙམ།

ཁོ་བོ་མཚམས་ལན་རེར་ཉི་ཧོང་གི་སྐད་བརྡ་རིགས་པའི་སྐོར་གྱི་དཔེ་ཆ་རེ་གཉིས་ཀློག་པར་སྤྲོ་བ་ཅུང་ཡོད་པས།ནམ་ཞིག་ནས་དགེ་ཆོས་རིན་པོ་ཆེའི་སྙན་རྩོམ་རེ་འགའ་ལའང་སྐད་བརྡ་རིག་པ་དང་རིགས་བསྒྲེ་ནས་རང་སྟེང་གི་གོ་བ་ཞིག་ཨེ་ལོན་ལ་བལྟས་བ་དང་། ལན་རེར་གོ་བ་ཐབས་ཆག་ཙམ་ཞིག་ལོན་སོང་བ་ལྟ་བུའི་འཁྲུལ་སྣང་ཡང་སྐྱེས།  གང་ལྟར་ང་རང་གི་སེམས་སུ། དགེ་ཆོས་རིན་པོ་ཆེའི་སྙན་རྩོམ་འདི་ཡིས་རྩོད་གཞི་ཅན་གྱི་ཚིག་སྟེ“ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ”ཞེས་པའི་གོ་དོན་གྱི་གནད་གཙོ་བོ་ཞིག་གླེང་བཞིན་ཡོད་ལས་ཆེ་སྙམ་པའང་ཐེངས་གཅིག་མིན།

སྨྲས་པ།

རྒྱུ་གཟེར་མཆིན་གཟེར་ལ་སོགས་མང་ན་ཡང་།།གཟེར་བའི་ཚུལ་འདི་ཚིག་གིས་ཇི་ལྟར་བཀྲོལ།།མཚན་ཉིད་ཚིག་ལ་བྱང་བའི་མཁན་པོ་ཡང་།།ཕོ་བ་ན་བའི་ཚུལ་ལ་ལྐུགས་པར་འགྱུར།།ས་དང་རྡོ་ནི་ཨ་མའི་ངག་ལས་རྙེད།།དངོས་པོ་བྱིངས་ལ་མཚན་ཉིད་མཁན་པོས་འཇོག།མཚན་ཉིད་དེ་ལ་ཞིབ་ཏུ་བརྟག་པའི་ཚེ།།དངོས་པོའི་མཐའ་ལ་མིང་གིས་བསྐོར་བ་ཙམ།།ཞེས་ཀྱང་བྲིས་ཏེ་མཇུག་བསྡུའོ།།

པདྨ་རྡོ་རྗེ། ཟི་ལིང་།