རྩོམ་པ་པོ་ཅང་ཞུའེ་ཆིན་ནི། པེ་ཅིན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་(北京大学附属中学 – 北大附中)གི་སློབ་གཙོ་གཞོན་པ་དང་སློབ་གྲྭ་དེ་གའི་རྒྱལ་སྤྱི་ཚན་ཁག་གི་འགན་འཛིན་ཡང་ཡིན།

གཟའ་འཁོར་གཅིག་རིང་གི་ཧྥིན་ལན་རྒྱལ་ཁབ་ཀྱི་སློབ་གསོ་སྤྲོད་ཕྱོགས་ཀྱི་གཟིགས་སྐོར་མཇུག་བསྒྲིལ་ལ་ཉེ་བའི་ཉིན་དེར། ངས་དེ་ཡི་དམའ་འབྲིང་ལེགས་ཤོས་ལ་ལྟ་སྐོར་བྱེད་བཞིན་ཡོད། སྟེས་དབང་གིས་རྒྱ་ནག་སློབ་གསོ་ཚན་ཁག་གི་ཚོགས་གཙོ་གཞོན་པར་འཕྲད་པ་དང་། ཁོང་ཡང་ཉིན་དེར་ཧེལ་སིན་ཁིས་(ཧེལ་སིན་ཁིས་ནི་ཧྥིན་ལན་གྱི་རྒྱལ་ས་ཡིན)སུ་ཡོད་པའི་འཛམ་གླིང་ཐོག་ཆེས་བཟང་བའི་K-12 (སློབ་ཆུང་ལོ་དྲུག་དང་། དམའ་འབྲིང་ལོ་གསུམ། མཐོ་འབྲིང་ལོ་གསུམ་བཅས་ལ་གོ་དགོས)སློབ་གྲྭའི་སྒྲོམ་གཞི་ལེགས་ཤོས་ནས་རྒྱ་ནག་གིས་ཅི་ཞིག་བསླབ་ཐུབ་པར་གཟིགས་སྐོར་དུ་ཕེབས་འདུག

ཚོགས་གཙོ་གཞོན་པས་གལ་སྲིད་རྒྱ་ནག་གིས་ཧྥིན་ལན་གྱི་སློབ་གསོའི་སྒྲོམ་གཞིར་ལད་ཟློས་བྱེད་དགོས་ས་དང་བྱ་ཐུབ་ས་གང་དག་རེད་དམ་ཞེས་བསམ་ཚུལ་དྲིས་ཡོད་ཚེ། ངས་ཁོང་ལ་དེའི་སྐོར་ནས་དོན་ཚན་གཉིས་བཤད་ཡོད་ངེས།

དོན་ཚན་དང་པོ་དེ་ནི། ཧྥིན་ལན་གྱི་སྔོན་འགྲོའི་སློབ་གསོའི་སྒྲོམ་གཞི་དེ་ཡིན་དགོས་པ་དང་། བྱིས་པ་ཟླ་དགུ་ནས་ལོ་དྲུག་ལ་སོན་བར་དུ་སྔོན་འགྲོའི་སློབ་གསོའི་བྱིས་སྐྱོང་གླིང་དུ་འགྲོ་ཆོག་གི་ཡོད། བྱིས་སྐྱོང་གླིང་གི་འཛིན་གྲྭ་རེ་རེའི་ནང་དུ་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ཆེད་ལས་དགེ་རྒན་བཞི་ཡིས་བྱིས་པ་ཚོའི་ལུས་སྦྱོང་གི་སྐབས་དང་། བཟའ་བཏུང་གི་སྐབས། གཉིད་ཉལ་བའི་སྐབས་སོགས་སུ་ལྟ་སྐུལ་བྱེད་ཀྱི་ཡོད། དང་བླང་དང་རང་ནུས་གང་ཐུབ་ཀྱིས་སྒེར་དངུལ་ལ་བརྟེན་པའི་བྱིས་སྐྱོང་གླིང་འདི་ལྟ་བུ་ལ་མཚོན་ན་སྲིད་གཞུང་གིས་འགྲོ་སོང་ཆེན་པོ་ཡོད་མོད་ཀྱང་། གལ་སྲིད་རྒྱལ་ཁབ་ཅིག་གིས་རང་སྡེའི་བྱིས་པ་ཡོངས་ལ་འདྲ་མཉམ་གྱི་གོ་སྐབས་བསྐྲུན་འདོད་ན། སྔོན་འགྲོའི་སློབ་གསོ་འདི་ལྟ་བུ་ནི་སྤྱི་ཚོགས་ཤིག་ལ་བཙུགས་པའི་མ་རྩ་ལེགས་ཤོས་དེ་རེད།

དེ་ནི་གང་ཡིན་ཞེ་ན། བྱིས་སྐྱོང་གླིང་གི་སྒྲོམ་གཞི་འདི་ཡིས་དབུལ་ཕྱུག་གི་བྱིས་པ་ཚོའི་ཧེ་བག་ཆུང་དུ་གཏོང་བར་རམ་འདེགས་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། ཨ་རིའི་ཁན་ས་སི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་སྙན་ཐོ་ལྟར་ན། ཁྱིམ་ཚང་དབུལ་བོ་ནས་འཚར་ལོངས་བྱུང་བའི་བྱིས་པ་དག་ལོ་བཞི་ལ་སོན་དུས། ཆ་རྐྱེན་དང་སློབ་གསོ་བཟང་བོ་ཡོད་པའི་ཁྱིམ་ཚང་ནས་འཚར་ལོངས་བྱུང་བའི་བྱིས་པ་དག་དང་བསྡུར་ན། ཁོང་ཚོས་ཐ་སྙད་བྱེ་བ་སུམ་ཅུ་སོ་གཉིས་ཉུང་བ་གོ་ཐོས་བྱུང་ཡོད་འདུག་པས། དངོས་དོན་འདི་ནི་ཨ་རིའི་ནང་དུ་བདེན་པ་ཡིན་བཞིན་རྒྱ་ནག་ཏུའང་བདེན་པ་ཡིན། ཧྥིན་ལན་གྱི་བྱིས་པ་དག་གིས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ཆེད་ལས་དགེ་རྒན་ཚོའི་མཉམ་དུ་ནམ་རྒྱུན་རྩེད་མོ་རྩེ་བ་དང་སྐད་ཆ་བཤད་པ་སོགས་ཀྱིས་ཁོང་ཚོར་ཐ་སྙད་ཀྱིས་རང་བཞིན་དུ་ཇེ་ཕྱུག་ཏུ་འགྱུར་གྱི་ཡོད་སྟབས། སྔོན་འགྲོའི་སློབ་གསོ་རྗེས་ནས་སློབ་གྲྭར་ཞུགས་དུས། ཁོང་ཚོས་ནུབ་ཕྱོགས་ས་ཁུལ་གཞན་གྱི་བྱིས་པ་ལས་སློབ་སྦྱོང་མགྱོགས་པོ་ཤེས་ཐུབ་ཀྱི་ཡོད།

དེ་ལས་ཀྱང་གལ་ཆེན་པ་ཞིག་ནི། བྱིས་སྐྱོང་གླིང་འདི་འདྲའི་སློབ་གསོའི་སྒྲོམ་གཞི་ཡིས་ཁྱིམ་ཚང་དུ་རྩུབ་སྤྱོད་དམ་དྲག་ཤུལ་ཡོད་པ། ཡང་ན་ཁྱིམ་ཚང་གཏན་འཇགས་མེད་པ་སོགས་སུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དག་ནི་བདེ་འཇགས་ཀྱི་ཁོར་ཡུག་དང་སྔོན་དཔག་བྱེད་ཐུབ་པའི་སློབ་གསོའི་སྒྲོམ་གཞི་ཞིག་ནས་སློབ་གསོ་སྤྲོད་ཐུབ་ཀྱི་ཡོད། ཞིབ་འཇུག་བྱས་པ་ལྟར་ན། བྱིས་པའི་ཕ་མས་དུས་རྒྱུན་དུ་ཟ་མ་མཁོ་འདོན་བྱ་མི་ཐུབ་པའམ། ཡང་ན་ཕྲུ་གུའི་གམ་དུ་མེད་པ་སོགས་ཀྱིས་བྱིས་པའི་རང་རྟོན་དང་རང་ཚོད་འཛིན་པའི་གཤིས་ཀ་ལ་རྒྱུན་རིང་གི་གནོད་སྐྱོན་ཐེབས་ཀྱི་འདུག་ཟེར་གྱིན་ཡོད་པ་མ་ཟད།  སློབ་སྦྱོང་གི་བསླབ་འབྲས་ཞན་པ་དང་གཞན་ལ་འབྲེལ་འདྲིས་བྱེད་པའི་དཀའ་ངལ་སོགས་བསྐྲུན་གྱི་འདུག་ཅེས་ཟེར།

དོན་ཚན་གཉིས་པ་དེ་ནི། ཧྥིན་ལན་གྱི་སློབ་གསོའི་སྒྲོམ་གཞི་རུ་གཞན་ཚོར་ཉམས་ལེན་གྱི་འདུ་ཤེས་ཡོད་པ་གསོ་སྐྱོང་བྱ་རྒྱུ་དེ་གཙིགས་ཆེན་དུ་འཛིན་གྱིན་ཡོད་པ་དེ་ནི། རྒྱ་ནག་གིས་མིག་དཔེར་བལྟ་དགོས་པ་ཞིག་རེད་སྙམ། འདིའི་ཕྱོགས་ཀྱི་སློབ་གསོ་དེ་ནི་སྔོན་འགྲོའི་སློབ་གསོ་ནས་མགོ་འཛུགས་བྱེད་ཀྱི་ཡོད་ལ། ཧྥིན་ལན་གྱི་བྱིས་པ་རྣམས་བྱིས་སྐྱོང་གླིང་དུ་བསླེབས་པའི་དུས་དེ་ནས་བཟུང་ཕན་ཚུན་ལ་གུས་བརྩི་བྱེད་སྟངས་དང་། རོགས་རམ། མི་ཕན་ཚུན་གྱི་བར་དང་མི་རིགས་སྣ་འཛོམས་ཀྱི་རིན་ཐང་སོགས་ལ་ངོས་ཟིན་གོ་རྟོགས་འབྱུང་རྒྱུ་བཅས་སློབ་ཀྱིན་ཡོད། ཐ་ན་དེས་ནི་ལོ་ན་བཅུ་བཞི་ཅན་གྱི་སློབ་ཕྲུག་ཅིག་གིས་ཀྱང་གཞན་ཚོར་ཉམས་ལེན་གྱི་འདུ་ཤེས་ཟེར་བ་དེ་ནི། རང་ཉིད་གཞན་གྱི་ལངས་ཕྱོགས་ནས་བསྡད་དེ་ཁོའམ་མོ་ཡི་བསམ་གཞིགས་བྱེད་སྟངས་དང་ཚོར་བ་ལ་ཉམས་ལེན་ཐུབ་པ་ལ་ཟེར་ཞེས་ང་ལ་འགྲེལ་བཤད་རྒྱག་ཐུབ། དེ་ཡང་བྱིས་པར་ཕ་མ་དང་དགེ་རྒན་གྱི་སློབ་གསོ་ཐེབས་ཡོད་པའི་ཐོག་སོ་སོའི་གྲོགས་པོའི་མཉམ་དུ་རྩེད་མོ་དང་། འཕྲལ་སེལ་གྱི་ལས་ཀ་སོགས་ཀྱི་བརྒྱུད་རིམ་ཁྲོད་དུ་རང་ངོས་ནས་གཞན་ཚོར་ཉམས་ལེན་དང་དེའི་འཕེལ་ཕྱོགས་གསོ་སྐྱོང་བྱས་ཡོད་པ་སྨོས་ག་ལ་དགོས། གཞན་གྱི་རིག་གཞུང་ལ་བརྩི་མཐོང་དང་གདེང་འཇོག་བྱེད་པས་ནི་རང་སྟོབས་རང་སྤེལ་བྱེད་ཀྱིན་ཡོད་པ་ཇི་བཞིན་རྒྱལ་ཁབ་ཀྱི་གཟི་བརྗིད་དེ་ནའོ་ཁིས་ཡཱ་དང་འདྲ་ཤིང་། ཨིན་ཡིག་གི་སློབ་དེབ་དུའང་བརྡ་སྤྲོད་ཀྱི་སྒྲིག་སྲོལ་དང་། ཐ་སྙད་དང་ཚིག་གི་རྣམ་གཞག་སོགས་ནི་གཙིགས་ཆེན་དུ་འཛིན་གྱི་ཡོད་པ་ཇི་བཞིན་རིག་པ་གསར་བ་རྙེད་པའི་ཐབས་ལམ་དང་གཞན་ལ་བསམ་ཤེས་བྱ་ཐུབ་པའི་བློ་ནུས་སོགས་ཡང་གཙིགས་ཆེན་དུ་བཟུང་ཡོད།

གཞན་ཚོར་ཉམས་ལེན་གྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་ཁ་ཚ་དགོས་གཏུགས་ཀྱི་ཆ་ཤས་ཤིག་ཡིན་ལ། གུས་བཀུར་དང་ལྡན་ཞིང་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་པར་ཧྥིན་ལན་གྱིས་གཙིགས་ཆེན་བྱས་ཡོད་པར་མ་ཟད། གཞན་ཚོར་ཉམས་ལེན་གྱི་འདུ་ཤེས་དེ་ཡིས་དཔལ་འབྱོར་གསར་གཏོད་ཀྱི་སྣེའང་འཁྲིད་ཐུབ་ལ། ཧྥིན་ལན་ནང་ཁུལ་གྱི་མཉམ་ལས་འབྱུང་ཕྱིར་དང་། ཕན་ཚུན་ལ་གོ་རྟོགས་ཡོང་རྐྱེན་པའི་ཕྱི་རྒྱལ་གྱི་ཁྲོམ་རའི་ནང་དུ་འཛུལ་ཞུགས་བྱེད་ཐུབ་པ་ལའང་རམ་འདེགས་བྱེད་ཐུབ་ཀྱི་ཡོད། རང་ཉིད་དང་མི་གཞན་གྱི་སེམས་ཁམས་ཀྱི་གནས་བབ་ངོས་འཛིན་དང་བསམ་ཤེས་བྱེད་ཐུབ་པ་འདི་ནི་གསར་བཏོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པས། འདི་ནི་མིག་སྔར་རྒྱ་ནག་གིས་ཧུར་བརྩོན་འབད་འབུངས་བྱས་ཏེ་འཚོལ་བཞིན་པ་ཞིག་མ་ཡིན་ནམ།

ཡིད་ཕངས་པ་ཞིག་ལ། ཧེལ་སིན་ཀིས་སུ་རྒྱ་ནག་སློབ་གསོ་ཚན་ཁག་གི་ཚོགས་གཙོ་གཞོན་པ་ཡོད་པའི་ཉིན་དེར། ཁོང་གིས་ནི་ཧྥིན་ལན་གྱིས་སྤྱི་ཚོགས་དྲང་སྙོམས་ལྡན་ཞིང་གཞན་ཚོར་ཉམས་ལེན་གསོ་སྐྱོང་བྱེད་པའི་སློབ་གསོ་དེ་གཙིགས་ཆེན་དུ་འཛིན་གྱིན་ཡོད་པ་མཐོང་མི་འདུག

ང་ཚོགས་གཙོ་གཞོན་པ་དང་ཁོང་གི་འཐུས་མི་ཚོགས་པ་དང་འཕྲད་སའི་སློབ་གྲྭ་དེ་ནི། ཧྥིན་ལན་གྱི་དམའ་འབྲིང་སློབ་གྲྭ་ལེགས་ཤོས་སུ་བརྩི་བཞིན་ཡོད་ལ། ཧྥིན་ལན་རྒྱལ་ཡོངས་ཀྱི་སྨན་པ་དང་ཁྲིམས་རྩོད་པ། དགེ་རྒན་ཆེན་མོ་མང་པོ་ཞིག་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན་ཡོད་འདུག་ཅིང་། དམའ་འབྲིང་སློབ་གྲྭ་དེ་ནི་་ཧྥིན་ལན་རྒྱལ་ཡོངས་ཀྱི་ཁྲོད་ནས་རྒྱལ་སྤྱིའི་ཚན་རིག་དང་རྩིས་རིག་འགྲན་སྡུར་སོགས་ཀྱི་ཁྲོད་ནས་རྒྱལ་ཁ་མང་ཤོས་ལེན་མཁན་དེའང་རེད། དམའ་འབྲིང་འདིར་ཧྥིན་ལན་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་མ་མ་གཏོགས་འཛུལ་ཞུགས་ཐུབ་ཀྱི་མེད་ལ། སློབ་གྲྭ་འདིའི་སློབ་མའི་སྦྱོང་ཚན་གཙོ་བོ་དེ་ནི། མཐོ་རྒྱུགས་ལ་གྲ་སྒྲིག་དང་། ཚན་རིག་དང་རྩིས་རིག གཞན་ཡང་། ཕུལ་བྱུང་སློབ་མ་དག་ལ་མཐོ་རིམ་སྦྱོང་ཚན་ཏེ་རྒྱལ་སྤྱིའི་སྦ་ཁི་ལའོ་རའེ་ཀྲི་གོ་སྐབས་ཡང་སྤྲོད་ཀྱིན་ཡོད།

དངོས་ལུགས་ཀྱི་འཛིན་ཁང་ཞིག་ཏུ་དགེ་རྒན་ཞིག་གིས་ཚོགས་གཙོ་གཞོན་པར་ཁོ་མོའི་སློབ་མ་དག་གིས་ཉིན་རེར་ཉུང་མཐའ་ཡང་ཆུ་ཚོད་གཉིས་ཀྱི་རིང་ལ་ནང་སྦྱོང་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་པ་ན། (ངས་དྲིས་པའི་ཧྥིན་ལན་གྱི་མཐོ་འབྲིང་གི་སློབ་མ་མང་ཆེ་ཤོས་ཀྱིས་ནང་སྦྱོང་གཅིག་ཀྱང་བྱེད་ཀྱིན་མེད་ཅེས་བཤད་སོང་།) ཚོགས་གཙོ་གཞོན་པས་“རྒྱ་ནག་གི་སློབ་མ་ཚོས་ཀྱང་ཁྱོད་ཚོ་ནང་བཞིན་སློབ་སྦྱོང་ལ་འབད་འབུངས་བྱེད་རྒྱུ་ངའི་རེ་བ་ཉག་ཅིག་ཡིན།”ཞེས་བཟང་བསྟོད་བྱས་པར་སློབ་མ་ཚོ་ནི་སྤོབས་སེམས་ཆེན་པོའི་ངང་ནས་གད་མོ་ཤོར།

སློབ་ཕྲུག་ཚོགས་པའི་ཚོགས་གཙོས་ང་ཚོའི་སྐོར་སྐྱོད་ལ་མཉམ་ཞུགས་བྱས་ཤིང་། ཁོས་ངས་ཁོང་ཚོའི་སློབ་གྲྭའི་སྐོར་གྱི་ལྟ་ཚུལ་ཐད་ལ་དྲིས་པའི་ལན་དུ། ངས་ཁོར་སློབ་གསོའི་ཁ་ཕྱོགས་དེ་རིག་གནས་དང་སྲོལ་རྒྱུན་གྱི་ཕྱོགས་ལ་གཏོད་རྒྱུར་མང་དྲགས་འདུག་ཅེས་ལན་བསློགས་པར། ཁོ་ཡིས། གནད་དོན་དེས་ནི་ཧྥིན་ལན་སློབ་ཆེན་གྱི་མཛུལ་རྒྱུགས་དེ་ནི་བསྐྱར་ཟློས་ཡང་བཟློས་ཀྱིས་བློ་འཛིན་དགོས་པ་ལ་གཞིར་བཞག་པས་རྐྱེན་གྱིས་རེད་ཟེར་ལ། སྔོན་ཆད་ཁོ་དང་ཁོའི་སློབ་གྲོགས་ཚོ་མཐོ་འབྲིང་མཐར་ཕྱིན་རྗེས་ཁོང་ཚོས་ལོ་ཕྱེད་ཀྱི་དུས་ཚོད་བེད་སྤྱད་དེ་དཔེ་ཆ་མཐུག་པོ་ལྔ་བློ་འཛིན་བྱེད་དགོས་བྱུང་ཟེར་ལ། དཔེ་ཆ་དེ་དག་ཏུ་ཤེས་བྱ་གསར་བ་མང་པོ་བློ་འཛིན་བྱ་དགོས་སྟབས། སློབ་མ་རེ་རེས་སྒོར་མོ་མང་པོའི་འགྲོ་སོང་བཏང་སྟེ་གསབ་སྦྱོང་འཛིན་གྲྭ་ནས་རྒྱུགས་ལེན་སྟངས་ཀྱི་ཐབས་ཇུས་ཐད་ལ་སྦྱངས་བརྩོན་བྱས་པ་ཡིན་ཟེར། (འདི་ཡོད་ཚད་ཀྱི་ཚབ་ཏུ་ཐབས་ལམ་གཞན་ཞིག་ནི། དོན་དངོས་ཐོག་ཧྥིན་ལན་གྱི་སློབ་མ་ཡོངས་ཀྱིས་བྱེད་སྟངས་ལྟར་སྣང་མེད་དུ་གཏོང་རྒྱུ་དེ་རེད།)

གློ་བུར་དུ་ངའི་སེམས་ལ། རྒྱ་ནག་གི་ཚོགས་གཙོ་གཞོན་པ་མཆོག་གིས་ཆུ་ཚོད་དགུའི་རིང་ལ་གནམ་གྲུ་ཞིག་ལ་བསྡད་དེ་ཧྥིན་ལན་གྱི་སློབ་གྲྭར་བལྟ་རུ་ཡོང་བའི་གནས་སྟངས་འདིའི་འགལ་ཟླ་ཡིད་ལ་འཁོར་ཞིང་། ཚོགས་གཙོ་གཞོན་པས་བལྟ་འདོད་པའི་སློབ་གྲྭ་དེ་འདྲ་ཞིག་ཁོང་གི་ལས་ཁུངས་ནས་རྐང་ཐང་གིས་སོང་ཡང་མཐོང་ཐུབ་སར་ཡོད།

འོན་ཀྱང་། དེ་ལ་ཁྱད་པར་གཙོ་བོ་ཞིག་ཡོད། ཚོགས་གཙོ་གཞོན་པས་སློབ་གྲྭ་དེ་གའི་སློབ་གཙོ་ལ་སློབ་གྲྭ་དེ་རུ་སློབ་སྦྱོང་བྱེད་པར་མཛུལ་རྒྱུགས་སྤྲད་དགོས་མིན་སྐོར་ནས་དྲིས་པར། སློབ་གཙོ་ཡིས་དམའ་འབྲིང་ཡིག་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་གཅིག་པོར་གཞིར་བཅོལ་ཏེ་ལོ་ལྟར་སློབ་མ་༡༨༠བསྡུ་ལེན་བྱེད་ཀྱིན་ཡོད་ཅེས་ལན་བསློགས།

དེ་གཅིག་པོ་ཨེ། རྒྱ་ནག་གི་ནང་དུ་སློབ་གསོའི་ཐད་ལ་ལས་ཀ་བྱེད་མཁན་སུ་ཞིག་ཡིན་རུང་། དྲིས་ལན་དེ་ཡིས་དྲི་བ་མང་པོ་ཞིག་རང་བཞིན་གྱིས་བཏོན་ཡོང་སྟེ། ཕན་ཚུན་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱས་ཡོད་དམ། ཁོང་ཚོའི་ཡིག་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་དེ་ངོ་མ་ཡིན་ནམ། གལ་སྲིད་སློབ་གྲྭའི་སྐར་གྲངས་ཚད་ལྡན་ཡོད་མཁན་གྱི་སློབ་མ་ཁྲི་གཅིག་གིས་འཛུལ་ཞུགས་ཀྱི་རེ་འདུན་བྱས་ཚེ་ཅི་ཞིག་འབྱུང་ངམ།

མ་གཞི་ནས་ཧྥིན་ལན་གྱི་ཕ་མ་སོགས་ཀྱིས་རང་གི་བྱིས་པར་བསླབ་འབྲས་ཀྱི་སྐར་གྲངས་མཐོན་པོ་ལེན་པར་དམིགས་འབེན་དུ་བཟུང་བའི་སློབ་གསོ་ཐོབ་ཏུ་འཇུག་པ་ལས་སློབ་བྱོལ་དུ་འགྲོ་བར་མོས་པ་ཆེ་ཡོད་པ་དེ་ཚོགས་གཙོ་གཞོན་པས་ཤེས་རྟོགས་མ་བྱུང་། དམའ་འབྲིང་གི་སློབ་གཙོ་ཞིག་གིས་ང་ཧྥིན་ལན་གྱི་སློབ་གྲྭ་ལེགས་ཤོས་དེ་ལ་ལྟ་སྐོར་དུ་ཡོང་གིན་ཡོད་པ་ཤེས་མ་ཐག་ཁོ་མས་“སློབ་གྲྭ་དེར་ལོ་རེར་རང་སྲོག་གཅོད་མཁན་ལྔ་རེ་ཡོད།”ཅེས་རང་དབང་མེད་པར་ཁ་ནས་ཤོར་སོང་ཟེར། དེ་ནི་དོན་དངོས་ཀྱི་དྲང་གཏམ་ཞིག་གཏན་ནས་མིན་ཡང་། ལྟ་སྐོར་བྱེད་པའི་སྐབས་སུ་ངས་དགེ་རྒན་ཞིག་ལ་སློབ་གྲྭ་ནི་མི་རྣམས་ཀྱིས་བཤད་པ་ལྟར་དུ་འགྲན་རྩོད་དང་གནོན་ཤུགས་ཆེ་དྲགས་མིན་སྐོར་ལ་དྲིས་པའི་ལན་དུ། སློབ་གཙོས་“ལོ་བཅུ་སྔོན་གྱི་དེ་འདྲ་ཞིག་གཏན་ནས་མེད།”ཅེས་ལན་བསློགས།

ཚོགས་གཙོ་གཞོན་པ་དང་ཁོང་གི་འཐུས་མི་ཚོགས་པ་སོང་རྗེས་སུ་ངས་སློབ་མ་ཁ་ཤས་དང་མཉམ་དུ་ཕན་ཚུན་གྱི་བསམ་ཚུལ་དང་ལྟ་ཚུལ་བརྗེ་རེས་བྱས་ཤིང་། ཁོང་ཚོས་ང་ལ་ཧེལ་སིན་ཁིས་ས་གནས་སྲིད་གཞུང་གིས་མཐོ་འབྲིང་དང་སྒོས་སུ་ཁོང་ཚོའི་སློབ་གྲྭའི་རོགས་དངུལ་ཉུང་དུ་གཏོང་རྩིས་ཡོད་ཚུལ་སྐོར་ནས་བཤད་སོང་། དེ་ལྟར་བྱས་ཚེ་མཐོ་འབྲིང་དུ་ཡོད་པའི་སྐབས་སུ་ཁོང་ཚོས་ཧེལ་སིན་ཁིས་གཙུག་ལག་སློབ་ཆེན་གྱི་སློབ་ཁྲིད་ལ་ཞུགས་མི་ཐུབ་པར་མ་ཟད། མཐོ་རིམ་ཚད་གཞིའི་དངོས་ལུགས་དང་རྩིས་རིག་ཀྱང་མེད་པར་ཆགས་རྒྱུ་རེད། ཧྥིན་ལན་གྱིས་རྒྱལ་སྤྱིའི་ཚད་ལེན་འགྲན་བསྡུར་ཏེ་དཔེར་ན། རྒྱལ་སྤྱིའི་སློབ་མའི་ཤེས་ནུས་གདེང་འཇོག་འགྲན་བསྡུར་(ཕིས་ས། PISA –  The programme for International Student Assessment)སྟེང་གི་ལེགས་འགྲུབ་ཀྱི་རྒྱལ་ཁ་སོགས་ཀྱིས་ཧྥིན་ལན་རྒྱལ་ཡོངས་རང་རློམ་དང་ཁེངས་དྲེགས་ཅན་ཞིག་ཏུ་གྱུར་འདུག་ཟེར།

ངས་སློབ་མ་ཚོར་འདི་ལྟར་བཤད་མེད་ཀྱང་། ངས་བསམ་ན་ཧྥིན་ལན་མི་དམངས་ཀྱིས་ཕུལ་བྱུང་སློབ་མར་འཕྲད་པའི་དཀའ་ངལ་དེར་ཁོང་ཚོས་ཕིས་ས་སྟེང་ལ་སྤྲད་པའི་དོ་སྣང་ལས་ཀྱང་དོ་ཁུར་ཉུང་ཙམ་བྱེད་ཀྱིན་ཡོད། ཧྥིན་ལན་མི་དམངས་ཀྱི་རྩ་བའི་ལངས་ཕྱོགས་ནི་འདི་ལྟ་སྟེ། ཁོང་ཚོའི་ཕུལ་བྱུང་སློབ་མ་དག་ལ་གོ་སྐབས་མང་པོ་ཡོད་སྟབས་དེ་ལས་ཀྱང་མང་བ་ཞིག་མི་དགོས་པར་སྙམ་ཡོད་པ་དང་། རྒྱུ་རྐྱེན་དེ་ཡིས་སྟབས་ཀྱིས་ཕུལ་བྱུང་སློབ་གྲྭ་སོགས་ཀྱི་རོགས་དངུལ་ཉུང་དུ་གཏོང་གིན་ཡོད་ཀྱང་། སྔོན་འགྲོའི་སློབ་གསོའི་ཐད་ཀྱི་རོགས་དངུལ་དེ་ཉུང་དུ་གཏོང་གི་མེད།

འདི་ནི་སློབ་གསོར་བཟུང་བའི་ཀུན་སློང་ཞིག་སྟེ་རྒྱ་ནག་གི་སློབ་གསོའི་སྡེ་ཁག་གི་ཚོགས་གཙོ་གཞོན་པས་ཉན་ཐོས་བྱུང་ཡོད་ཚེ་ཕན་ཐོགས་ཅན་གྱི་སྐད་ཆ་ཞིག་ཡིན་མོད་ཀྱང་། ཡིད་ཕངས་པ་ཞིག་ལ། ཁོང་གིས་ལྟ་སྐོར་བྱས་པའི་སློབ་གྲྭ་དེའི་རྐྱེན་གྱིས་ཁོ་ནི་རྒྱ་མིའི་རྩ་ཟབ་སྡོང་བརྟན་དུ་གྱུར་བའི་ལྟ་བ་དེ་ལས་བརྒལ་ཐུབ་པར་དཀའ་ཞིང་། གལ་སྲིད་རྒྱལ་ཁབ་ཀྱི་སློབ་གསོའི་སྒྲོམ་གཞིར་དགེ་ཕན་གང་ཞིག་ཡོད་ཚེ་རྒྱ་ནག་གི་ནང་བཞིན་གསང་ཉར་བྱེད། དེ་མིན་ཡང་ན། གལ་སྲིད་སློབ་གསོའི་སྒྲོམ་གཞིར་དགེ་ཕན་ཅི་ཡང་མེད་ཚེ་རྒྱ་ནག་དང་འདྲ་བར་གསང་བ་བྱེད་རྒྱུ་དེའོ།།

 

 

ཅང་ཞུའེ་ཆིན་གྱི་མ་རྩོམ་ལ་གཟིགས་ན་གཤམ་དུ་དྲ་འབྲེལ་བྱོས།
https://thediplomat.com/2012/05/what-finland-can-teach-china/