དཔེ་ཀློག-མིའི་རིགས་ཤེས་དཔལ་གྱི་རྨང་རྡོ།

བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་བསམ་ཕོད་མེད་པ་ཞིག་ཡིན། ཡིན་ན་ཡང་། དངོས་ཡོད་འཚོ་བའི་ནང་མི་མང་པོ་ཞིག་གིས་ཏག་ཏག་དཔེ་ཀློག་གཅིག་ཀྱང་མེད་པའི་འཚོ་བ་རོལ་ཅིང་།ཐ་ན་མི་ཚེ་ཧྲིལ་བོའང་དཔེ་ཀློག་གི་ལོ་རྒྱུས་མེད་པར་མཇུག་སྡུད་བཞིན་ཡོད། དེ་ནི་ཆེས་ཕངས་སེམས་སྐྱེ་དགོས་པའི་དོན་དག་ཅིག་རེད། ངས་རྒྱུན་པར་ཁོ་ཚོའི་འཚོ་བ་དེ་ཇི་ལྟར་སྐྱེལ་བར་དོ་སྣང་བྱས་མྱོང་། གཅིག་བྱས་ན་དཔེ་ཀློག་མི་བྱེད་པའི་མིའི་འཚོ་བ་ནི་ངས་བསམ་པ་ནང་བཞིན་སྟོང་སང་སང་ཞིག་ཡིན་མི་ངེས་ཤིང་། གློག་བརྙན་དང་རོལ་དབྱངས། མཛེས་རིས་སོགས་ཀྱིས་ཀྱང་མིའི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཐུབ། དཀྱུས་མིའི་མི་ལ་ཆང་དང་ཕོ་མོའི་མཛའ་བརྩེ། རྒྱན་སྐུགས་སོགས་ཀྱིས་ཀྱང་འཚོ་བའི་དོན་སྙིང་སྟེར་ཐུབ་ཅིང་། རྒྱུ་ནོར་ལོངས་སྤྱོད་ཀྱི་འཚོལ་སྙེག་ཁོ་ནས་མི་ཚེའི་རིན་ཐང་འཚོལ་མཁན་མང་དུ་མཆིས། དེ་ལྟར་ལགས་ཀྱང་། མི་དེ་ཚོ་མིའི་རིགས་ཀྱི་རླབས་ཆེན་གྱི་ནང་བསམ་བློའི་ཁྱབ་ཁོངས་སུ་འཇུག་མྱོང་མེད་ཅིང་། འཛམ་གླིང་འདིར་བྱོན་མྱོང་བའི་སྐྱེས་ཆེན་ཚོའི་རྣམ་དཔྱོད་ཀྱི་མཁའ་དབྱིངས་ཀྱང་མཇལ་མྱོང་མེད་པར་འདོད། རང་ཉིད་ལ་ལྷན་སྐྱེས་སུ་བསྩལ་གནང་ཡོད་པའི་ཤེས་རབ་ཀྱི་མངའ་ཁོངས་ཀྱང་བསྔོགས་མྱོང་མེད་པར། ཁྱད་དུ་མཚར་བའི་གསང་བ་གང་མང་ཞིག་གི་སྒོ་མོ་མིག་སྔའི་བདེ་བ་ཆུང་ངུ་འབའ་ཞིག་འཚོལ་བས་བཀག་པར་འདོད།

དཔེ་ཀློག་ནི་བསམ་བློའི་བང་རིམ་གྱི་མཐོ་སར་འགོ་བའི་ཐེམ་སྐས་ལྟ་བུ་ཡིན། དེ་ནི་རི་འཛེགས་དང་འདྲ་བར་མི་ཡི་མཐོང་རྒྱ་མུ་མཐུད་དུ་བསྐྱེད་པའི་གོ་རིམ་ཞིག་ཡིན། མཐོ་སར་འཛེག་གིན་དུ་སྔོན་གྱི་གནས་དེ་ག་ནས་མཐོང་བའི་ཡུལ་ལྗོངས་རྒྱ་ཆུང་བ་རྟོགས་ཐུབ་ཅིང་ད་དུང་མདུན་དུ་སྐྱོད་པའི་སྤོབས་ཤུགས་སྩོལ་ངེས། རི་འཛེག་ནི་མིག་གི་མཐོང་རྒྱ་ཆེ་རུ་སྐྱེད་པའི་ཕྱི་ཡུལ་གྱི་དོན་ཞིག་ཡིན་ན། དཔེ་ཀློག་ནི་ནང་སེམས་ཀྱི་གཏིང་རིམ་ཇེ་ཟབ་ཏུ་གཏོང་བའི་ལས་ཤིག་ཡིན། རི་འཛེག་གིས་ཁྱོད་ཀྱི་གཟུགས་ཕུང་སྦྱོང་བརྡར་གཏོང་ཞིང་སེམས་ཁམས་གསོ་བ་བཞིན། དཔེ་ཀློག་གིས་ཁྱོད་ཀྱི་ནང་སེམས་བདེ་བར་བྱེད་ཅིང་། སྐྱོམ་འཕྱོ་དང་འཚུབ་ལོང་བྲལ་བའི་རྒྱ་མཚོའི་གཏིང་བཞིན་གྱི་ཟབ་ཅིང་འཇགས་པའི་བར་སྟོང་ཐོབ་པར་བྱེད། མི་ལ་ལྷན་སྐྱེས་སུ་མཐོ་སར་འཛེག་པའི་གཤིས་ཀ་ཞིག་ཡོད་པར་སྣང་ཡང་། དཔེ་ཀློག་གིས་ཀྱང་མི་ཉིད་མཐོ་ནས་མཐོ་རུ་འདེགས་ཐུབ་པར་རྒྱུས་ལོན་བྱེད་ཀྱིན་མེད། དངོས་ནས། དཔེ་ཀློག་གིས་མི་ཚོར་འདོད་ཡོན་ལྔའི་སྐབས་ཐོག་བདེ་ཚོར་སྟེར་དཀའ་ལ། འཇིག་རྟེན་ཆོས་བརྒྱད་དོན་དུ་སྨིན་པ་བཞིན་གྱི་མཁོ་སོད་པ་ཞིག་ཀྱང་ཡིན་པར་མ་ངེས། དེ་ལས་ལྡོག་སྟེ། དཔེ་ཀློག་ནི་བྲོ་བ་མེད་པའི་ཁེར་རྐྱང་གི་འཚོ་བ་རོལ་སྟངས་ཤིག་ཡིན་སྲིད་ལ། དཔེ་ཀློག་གིས་སྐབས་འཕྲལ་གྱི་ཁེ་སྤོགས་ཅི་ཡང་ལག་པས་བཀྱག་མི་འོངས།

མི་ཡི་འཚོ་བ་ཉིན་རེ་བཞིན་འུར་ཟིང་གི་རྣམ་པར་ལྷག་ཏུ་གནས་ཤིང་། དཔེ་ཀློག་རྦད་དེ་དོར་ཆོག་པའི་རྐྱེན་མང་བོ་ཞིག་གིས་འཚང་ག་བརྒྱབ་ཡོད། མི་སེམས་འབྲིད་པར་བྱེད་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སྔར་བས་མང་སྟེ། སེམས་རྣལ་དུ་ཕབ་ནས་དཔེ་ཀློག་ལ་འཇུག་པ་ནི་དཀའ་བའི་ལས་ཤིག་ཏུ་གྱུར། སྤྱིར་ནའང་། དཔེ་ཀློག་ནི་རྒྱུན་འཁྱོངས་དཀའ་བའི་ལས་ཤིག་ཡིན། དཔེ་ཀློག་གིས་མི་རྣམས་ཀྱི་ཆོད་སེམས་དང་བརྩོན་སྙེག་ལ་ཚོད་བགམ་ཆེན་པོ་གཏང་ཡོང་། ད་ཆ་རང་ཅག་ནི། རོང་འབྲོག་མང་ཚོགས་ཀྱིས་དཔེ་ཀློག་ཟེར་ན་དགོད་བྲོ་ཞིང་མཁོ་མེད་ཀྱི་ལས་ལྷག་མར་འདོད་ནས་ཕལ་ཆེར་བླུན་ཞིང་རྨོངས་བར་སྡོད་ཅིང་། དྲ་བའི་འཇིག་རྟེན་གྱི་འཁྲུལ་སྣང་འབའ་ཞིག་ལ་མགོ་བོ་འཁོར།སློབ་མ་རྣམས་ནི་དཔེ་ཀློག་ཟེར་ན་རྒྱུགས་གཞི་ཙམ་ཞིག་གཙིགས་སུ་བཟུང་ནས་འཚོལ་དཔྱོད་དང་བསམ་གཞིག་མེད་པར་ཀླད་པ་འཕྲུལ་ཆས་བཞིན་དུ་སྤྱོད། གྲྭ་པ་རྣམས་ནི་དཔེ་ཀློག་ཟེར་ན་ལུང་ཚིག་མང་པོ་བསྐྱོར་ནས་རྗེས་ཟློས་དང་དཀའ་ཉོག་འབའ་ཞིག་རྩོད་པའི་དོན་དུ་སོང་།རིག་གནས་ཀྱི་ལས་ཀ་བྱེད་མཁན་དག་ནི་དཔེ་ཀློག་བཞག་ནས་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་འཇུག་མཁན་ཡོད་ལ། གཞན་གྱི་ཟེར་རྗེས་འབྲངས་ནས་ལྟ་བ་དང་བསམ་བློ་ཞེས་ས་བཤད་རྡོ་བཤད་བྱེད་མཁན་ཡང་ཡོད། ཤེས་བྱ་ཉི་ཚེ་ཞིག་དང་བསམ་བློ་སྣ་རྐྱང་བ་ཞིག་གིས་གཞན་དག་རྗེས་སུ་འཛིན་པའང་ཡོད། མང་པོ་ཞིག་དཔེ་ཀློག་ལ་འཇུག་པར་མི་སྤྲོ་ཡང་། མཁས་པ་དང་ཆེད་མཁས་པ། སྙན་ངག་པ་དང་རྩོམ་པ་པོ་སོགས་ཀྱི་མིང་ཐོབ་ལ་དགའ་བར་གྱུར། སུས་ཀྱང་ལས་སླ་མོ་ཞིག་གིས་ཡོན་ཏན་དང་ཆོ་ལོ་ཆེན་པོ་རེ་རག་པར་རེ་ཡང་། མིའི་རིགས་ཀྱི་ཤེས་དཔལ་ངོ་མ་ནི་སྔར་བཞིན་དེ་ཉིད་འཚོལ་བྱེད་ཀྱི་སྙིང་སྟོབས་ཆེན་པོ་དང་༼ཨུ་ཚུགས་མཐར་སྐྱེལ་༽གྱི་འཚོལ་དཔྱོད་ལས་བྱུང་བར་འདོད།

དཔེ་ཀློག་ལ་མི་དགའ་བའི་མི་རིགས་ནི་ཤེས་ཡོན་ལ་མི་དགའ་བའི་མི་རིགས་ཤིག་རེད་ལ། ཤེས་ཡོན་མེད་པའི་མི་རིགས་ནི་རྗེས་ལུས་ཐེབས་པའི་མི་རིགས་ཤིག་རེད།འཇིག་རྟེན་ཐོས་པ་འཚོལ་བའི་ལས་འདི་ནི་མཐར་ཐུག་མིའི་ནང་སེམས་རྒྱུན་པར་དྭངས་གཙང་དང་དགེ་བའི་ངོ་བོར་འདྲེན་པའི་ཐབས་ལམ་ཞིག་ཡིན་ཞིང་། ནམ་དུ་ཡང་། མི་དགེ་བའི་ལས་ཀྱི་ཁ་གཏད་དུ་ལངས་ནས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་བདེན་པ་དང་དགེ་བ། མཛེས་པ་བསྟབས་པའི་སྤྱོད་པ་བླ་མེད་ཅིག་སྟེ། མི་རྣམས་ལ་བསམ་པའི་ཟས་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱེད་པའི་སྟ་གོན་དང་ཁག་ཐེག་ཡིན་ནོ།།

༢༠༡༨ལོའི་ཟླ་༤པའི་ཚེས་༢༢ལ་བྲིས།