ཁ་སང་སྐད་འཕྲིན་ལས་རྩོམ་གཉིས་མཐོང་། གཉིས་ཀ་ཤིན་ཏུ་ཞིབ་བུར་བཀླགས། དེས་ང་ལ་འདས་དོན་ཞིག་ཤུགས་འབྱུང་དུ་དྲན་པར་བྱས། ལོ་བཅུའི་སྔོན་ལ་ངས་དེབ་ཅིག་བྲིས་རྗེས་གླེང་གཞི་སུ་ལ་འབྲི་རུ་འཇུག་སྙམ་ནས་བསམ་བློ་མང་པོ་བཏང་ཡང་མྱི་འོས་མོ་ཞིག་ཡིད་ལ་འཁོར་མ་བྱུང་། དེ་ནས་རང་ཉིད་ཀྱིས་ཐུང་ངུ་ཞིག་མི་འབྲི་ཐབས་མེད་བྱུང་། ཕྱིས་སུ་ཡང་དགོས་དབང་གིས་དེབ་ཅིག་འདོན་དགོས་པ་བྱུང་བས་གླེང་གཞི་འབྲི་མཁན་ཞིག་བཙལ་བཙལ་ནས་རྙེད་པ་ལ་ཁོས་ཀྱང་དགའ་མགུ་ཡི་རངས་དང་བཅས་ཁས་ལེན་མཛད་སོང་། ཟླ་གཅིག་གི་རྗེས་སུ་གླེང་གཞི་ལག་འབྱོར་བྱུང་། བྲིས་པ་ནི་ངའི་དེབ་དང་འབྲེལ་མེད་རྐྱང་དུ་སོང་ལ་ཁོ་རང་ཉིད་ངོམ་བྱེད་ལྟ་བུ་ཞིག་ཆགས་འདུག དེ་ནས་ཡི་གེ་དེ་ངས་ཐལ་ཚལ་སྦར་ཚལ་དུ་བཏང་བ་ཡིན། དེ་ལ་བརྟེན་ནས་ངེད་གཉིས་ཀྱི་ཇ་ཕོར་ནང་ལ་རྦ་རླབས་ཆུང་ཆུང་ཞིག་གཡོས། རླངས་པ་ཡང་འཐུལ་ལེར་བྱུང་།

དེ་ནས་བཟུང་ངས་དེབ་ཆུང་ཞིག་བྲིས་པའམ་བསྒྱུར་གྲུབ་ན་གླེང་གཞི་གཞན་ལ་འབྲི་རྒྱུར་སྐུལ་མ་གཏོང་བར་ཤིན་ཏུ་སྐྲག གཞེས་ནིང་ལོར་སློབ་བུ་མེ་སོན་ལགས་ཀྱིས་དེབ་ལེགས་པོ་ཞིག་བསྒྱུར་རྗེས། གླེང་གཞི་ང་ལ་འབྲི་རྒྱུར་སྐུལ་མ་བཏབ་སོང་། ངས་ཁས་ལེན་མ་བྱས། རྒྱུ་མཚན་ནི་དགེ་སློབ་བར་གྱི་ཇ་ཕོར་ནང་ལ་རླུང་མི་ལྡང་བའི་གདེང་ཚོད་རང་ལ་ཡང་མེད་པས་སོ།། དེ་ནས་ད་ལྟ་ལ་ཐུག་གི་བར་གླེང་གཞི་འབྲི་རྒྱུར་སྐུལ་མ་གཏོང་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ལ། ཁ་ཉིན་གྱི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ཁོ་ནར་མི་གསུམ་གྱིས་སྐད་བཏང་སོང་། ངས་ཁེངས་སྐྱུང་གི་ཚིག་འགའ་ཤས་དང་བཅས་ངོས་ལེན་མ་བྱས། གཅིག་ལ་ད་དུང་ཁྲོ་བཤད་ཅིག་ཀྱང་བྱེད་དགོས་པ་བྱུང་། རྒྱུ་མཚན་ནི་ངས་སྔོན་ཆད《གླེང་གཞི་ལས་འཕྲོས་པ་ཐུང་ངུ》ཟེར་བའི་རྩོམ་ཞིག་དྲ་ཐོག་ཏུ་བཀྲམས་ཡོད། མདོར་དེད་ན་གླེང་གཞི་འབྲི་རྒྱུ་དེ་ལས་སླ་མོ་ཞིག་མ་རེད་ཟེར་བ་ཡིན། དེ་ལས་དཔེ་གཅིག་ནི་རྒྱ་ནག་གི་ཉེ་རབས་ཡོན་ཏན་པའི་སྡེའི་ལོ་རྒྱུས་ལས་ཕྱུངས་པ་ཡིན་ཏེ།

འདིར་བསྐྱར་ཟློས་ཤིག་བྱས་ན། 1921ལོར་ལྱིང་ཆིས་ཁྲའོ་ཡིས་རང་གི་བརྩམས་ཆོས《མུའོ་གཞུང་དཔྱད་འགྲེལ》ཟེར་བའི་དེབ་ལ་གླེང་གཞི་འབྲི་རྒྱུའི་ལས་དེ་ཧུའུ་ཧྲི་ལ་བཅོལ། ཧུའུ་ཡིས་ལེགས་སོ་དང་བཅས་ཡིག་འབྲུ་སུམ་སྟོང་ཡོད་པ་ཞིག་བྲིས་ཏེ་ཕུལ་བར། དེ་ལྱིང་ཆིས་ཁྲའོ་ཡི་བློར་མ་བབས་པར་ཕྱིར་དེའི་ནང་གི་སྐྱོན་ལ་དགག་པ་ཞིག་ཚ་ནན་ཞིག་བྲིས་ཏེ། དེ་རང་གི་དེབ་ཀྱི་གླེང་གཞིར་བཞག་ཅིང་། ཧུའུ་ཧྲི་ཡིས་བྲིས་པའི་གླེང་གཞི་དེ་དེབ་ཀྱི་མཇུག་ལ་བཅུག དེ་གཅིག་རེད། ཡང་མའོ་ཀྲོང་ཧི་ཟེར་བའི་ཡོན་ཏན་པ་ཧུའུ་ཧྲིའི་གྲོགས་བཟང་པོ་ཞིག་ཡོད་པ་དེས་ལྔ་བཞིའི་ལས་འགུལ་གྱི་སྐབས་སུ་སྙན་དེབ་ཅིག་བྲིས་ཤིང་།

ཧུའུ་ཧྲི་ལ་ངོ་བསྟོད་དང་བཅས་ཁོས་སྙན་ངག་དེ་དག་རྩོམ་དུས་དཀའ་སྡུག་མྱངས་ཚུལ་སོགས་སྨྲས་ཤིང་གླེང་གཞི་འབྲི་རོགས་ཟེར་ནས་ཧུའུ་ཧྲི་ལ་བསྐུར་བར། ཧུའུ་ཧྲིའི་ཡིག་ལན་དུ“ངས་གླེང་གཞི་དངོས་གནས་འབྲི་ཐབས་མ་བྱུང་། སྐད་ཆ་འགའ་ཙམ་བྲིས་ཡོད། དགོངས་ཁྲེལ་མ་གནང་རོགས།” ཞེས་དེབ་ཀྱི་ནང་ཐོན་པའི་སྐད་ཆ་འགའ་སྙན་ངག་ལ་སྤྱོད་མི་འོས་པ་དང་། ལྷག་པར་ཐ་སྙད་གཅིག་འོས་ཀྱང་མི་འོས་པས་སྙན་ངག་དེ་གསུབ་རོགས་ཟེར་ནས་སྙན་དེབ་ཕྱིར་སློག སྐབས་དེ་དུས་མའོ་ཡིས་ཀྱང་ཁེངས་སྐྱུངས་ཆེན་པོས་དང་ལེན་གནང་། དེ་ནས་ལོ་འགའ་སྟེ་སྤྱི་ལོ1924ལོའི་ཕྱིས་ནས་མའོ་ཀྲོང་ཧི་ཡིས་ཧུའུ་ཧྲི་ལ་ཁ་རྡུང་བཏང་ཆིང་གོང་མ་ཐ་མ་ཧྥུའུ་ཡུས་ཀྱི་གནད་དོན་གྱི་དབང་གིསཞིང་། གདུག་ཅིང་རྩུབ་པའི་སྐད་ཆ་ཡོད་རྒུ་བཀོལ་ནས་ཧུའུ་ཧྲི་ལ་རྒོལ་བར་བྱས་སོ།། དེབ་ཀྱི་གླེང་གཞི་ཟེར་བ་དེ་ལས་སླ་མོ་ཞིག་རེད་དམ། ཁ་སང་ངས་དྲ་ལམ་ནས་མཐོང་བའི་རྩོམ་གཉིས་ཞིབ་པར་ཀློག་བཞིན་མནོ་བསམ་མང་པོ་བཏང་ཞིང་འདས་དོན་དེ་དག་ཀྱང་དྲན་བྱུང་། 

2018/4/26