བོད་མི་རྣམས་ཀྱིས་དེང་རབས་སྙན་ངག་ལ་ངོས་འཛིན་ཐུབ་ནས་ཡུན་རིང་བོ་འགོར་མེད། དེ་ལས་ཀྱང་བོད་ཀྱི་དེང་རབས་སྙན་ངག་ནི་མི་རིགས་སྤྱིའི་བདེ་སྡུག་གླེང་བ་ནས་དར་ཤུགས་ཆེ་རུ་ཕྱིན་པ་ཡིན་པས་དེང་རབས་སྙན་ངག་སྒྱུ་རྩལ་གྱི་ཆ་ནས་ཆད་སྐྱོན་མང་པོ་ཡོད་པར་བཤད་ཆོག བོད་ཀྱི་དེང་རབས་སྙན་ངག་ནི་ངར་ཤུགས་ཆེ་བའི་༼ལང་ཚོའི་རྦབ་ཆུའི་༽རྗེས་ནས་༼གནའ་བོའི་ཅོང་རྙིང་༽ལྟ་བུའི་གཞི་རྒྱ་ཆེ་བའི་བསམ་གཞིགས་ཀྱི་ནང་དུ་ཁ་དཀྱོགས་ཤིང་། བསམ་གཞིགས་འདི་ལྟ་བུ་ལ་བརྟེན་ནས་བྱུང་བའི་གདུང་ཤུགས་དེ་སྙན་ངག་སྒྱུ་རྩལ་དུ་༼གངས་དཀར་ལྷ་མོའི་བསླུ་བྲིད་༽དུ་སྤྲུལ་ཏེ་མི་རིགས་དང་སྙན་ངག་ནི་བསམ་བློ་གཏོང་ཡུལ་དང་བསམ་བློ་གཏོང་མཁན་དུ་གྱུར་ཡོད།
download (1)
བཤད་ཐལ་ཆེ་སྲིད་མོད། རྩོམ་ཡིག་གཞན་དག་ཏུའང་ཡོད་པའི་དེ་ལྟ་བུའི་ཚོར་སྣང་མང་དག་ཅིག་ནི་མཱ་ཁེ་སི་དང་ཨིན་ཁུ་སི། ལེ་ཉིན་སོགས་ཀྱི་རིགས་པའི་གཞུང་ལུགས་སམ་གུང་ཁྲན་རིང་ལུགས་ཀྱི་མིག་ཤེལ་གྱོན་ནས་བོད་ལ་ཕར་འགྲེལ་བཤད་རྒྱབ་པ་ལས་བོད་རང་གིས་ལྡོག་མེད་ཀྱི་ཚོར་སྣང་དེ་ལྟ་བུ་ཞིག་སྤྲད་པར་ཁས་བླངས་ན་ཚན་རིག་དང་མཐུན་པའི་ཞིབ་འཇུག་ལ་སྣང་མེད་བྱེད་དགོས་འཁེལ་སྲིད། རྩོམ་མཁན་དག་ཀྱང་བལྟས་བཅོས་ཀྱིས་སྤྱི་ཚོགས་ཀྱི་གནས་བབ་ལེགས་པོ་རྐྱང་ཡིན་པ་ལས། གཉའ་གནོན་དང་བཤུ་གཞོག་འོག་ནས་འཚར་ལོངས་བྱུང་བའི་ནུབ་ཕྱོགས་ཀྱི་རྩོམ་མཁན་ག་གེ་མོ་དང་ཁྱོན་ནས་མི་འདྲ་ལ། སྐུ་དྲག་གི་རྒྱས་སྤྲས་དང་སྤྱི་ཚོགས་གྲལ་རིམ་ལ་རྟེན་འབྲེལ་གྱིས་ཞེ་སྡང་དྲག་པོ་ལངས་པའི་བྷོ་རྡི་ལེ་ཨར་ལྟ་བུའང་རྩ་བ་ནས་མིན། ཁ་རྩོག་པ་བཤད་ན་ཁོ་ཚོ་ནི་”གཡང་ཁུགས་ཤིག་”ཟེར་མཁན་མཐོང་དང་ཆ་འཇོག་ཆེ་བའི་རྒྱལ་ཁབ་ཀྱི་ལས་བྱེད་པའི་སོན་རྩ་དང་། སློབ་གྲྭ་ཆེན་མོ་བ་རེད། ཁྱད་པར་འདི་ལྟ་བུའི་ངང་ནས་མི་རིགས་ཀྱི་བདེ་སྡུག་གླེང་བ་ནི་གཞན་དོན་གྱི་བསམ་པ་བསྟན་པ་ལས། མི་སྒེར་གྱི་བདེ་སྡུག་དང་འབྲེལ་བ་ཡོད་པར་བཤད་དཀའ། སོང་ཙང་། ཁོ་ཚོའི་གྲས་ནས་སུ་གཅིག་གིས་ཀྱང་སེམས་གཏིང་ནས་གདུང་གླུ་བླངས་པར་ཆ་འཇོག་བྱེད་དགོས་པའི་རྒྱུ་མཚན་མི་འདུག།

གནས་ཚུལ་གཞན་པ་གཅིག་ནི་བོད་ཀྱི་སྲོལ་རྒྱུན་ཚིག་རྒྱན་རིག་པར་སྦྱང་བ་བྱས་མྱོང་བའི་ལྡོང་ཆུ་ཤེལ་ལགས་ལྟ་བུས་དེང་རབས་སྙན་ངག་ལ་འགྱུར་ལྡོག་གཞན་ཞིག་བཏང་ཡོད། ཁོང་གི་ ༼སྒྲོལ་དཀར་མཚོ་༽ཞེས་པའི་སྙན་ངག་དེ་ནི་བརྩེ་དུང་གི་ཚོར་བ་བྲིས་ཡོད་པའི་སྙན་ངག་ཅིག་ཡིན་ཞིང་། སྙན་ངག་འདིའི་ནང་དུ་ཚིག་བརྗོད་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། འཆར་ཡན་གྱི་ཆའང་ཧ་ཅང་ཆེ། དེའི་སྟེང་དུ་མི་སྒེར་གྱི་ཚོར་བའི་འགྱུར་ལྡོག་བརྗོད་ཀྱི་ཡོད་པས་བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་མ་འདྲ་བར་ཆེས་སྤྱིར་བཏང་གི་མི་རྣམས་ལའང་ཡང་ནས་ཡང་ཏུ་བཀླགས་འདོད་ཀྱི་འདུན་པ་སྤྲད་ཡོང་། སྙན་ངག་འདིའི་རིགས་ཀྱིས་བོད་ཀྱི་དེང་རབས་སྙན་ངག་ལ་རྒྱན་ཚིག་གི་ཁྱད་ཆོས་སྤྲས་ཤིང་། འགུགས་ཤུགས་ཀྱང་ཆེས་ཆེར་འཕེལ་རྒྱས་བཏང་ཡོད་པར་བརྗོད་ཆོག སྙན་ངག་འདི་རིགས་འབྲི་མཁན་ནི་ལྡོང་ཆུ་ཤེལ་དང་། པདྨ་མཚོ་ལྟ་བུ་རེེད། གཞན་ཡང་མང་པོ་ཡོང་ངེས། དེང་རབས་སྙན་ངག་ཏུ་ཕོ་མོའི་དབར་གྱི་བརྩེ་དུང་འདི་ཡས་མས་ནས་སྙན་ངག་ཏུ་སླེབས་པར་སྙམ། ཡིན་ཡང་། འདི་དག་གིས་བྲིས་པའི་བརྩེ་དུང་མཚོན་པའི་སྙན་ངག་ནི་ཀློག་མཁན་སྤྲོ་སྣང་གིས་བཟི་རུ་འཇུག་པ་ཞེ་གཅིག་ལས་སྙན་ངག་དེ་དག་བཀླགས་པ་ལ་བརྟེན་ནས་སེམས་ངལ་སླེབས་ཐུབ་པ་དེ་འདྲ་གང་ཡང་མིན།

ལང་ཚོའི་རྦ་ཆུའི་མགོ་ཁྲིད་པའི་སྙན་ངག་གི་རྗེས་སུ་ལྗང་བུ་ལགས་དང་འཇུ་སྐལ་བཟང་ལགས་ཀྱིས་བོད་ཀྱི་དེང་རབས་སྙན་ངག་གི་འབྲི་ཐབས་ལ་དཀྱེལ་ཡངས་པའི་སྣང་ཚུལ་གྱིས་སྣོན་པོ་བྱས། དེ་ནས་རིམ་པས་ལྡོང་ཆུ་ཤེལ་ལགས་ཀྱིས་བོད་ཀྱི་ཚིག་རྒྱན་སྙན་ངག་དང་དེང་རབས་སྙན་ངག་ཟུང་འབྲེལ་གྱིས་རྒྱན་ཚིག་ཆེས་ཆེར་ལྡན་པའི་རང་མོས་སྙན་ངག་བྲིས་པ་ནས་བོད་ཀྱི་སྙན་ངག་གསར་བའི་འབྲི་ཐབས་ཐད་བཀག་རྒྱ་ཅི་ཡང་མེད་པའི་སྣང་ཚུལ་གྱིས་ཡོངས་སུ་ཕྱུག་པོ་ཆགས་ཡོད། མི་རབས་གསུམ་པའི་སྙན་ངག་གིས་གོང་དུ་བཤད་པའི་སྙན་ངག་གི་༼གཙོ་བོ་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་གཉིས་ཀྱི་སྙན་ངག་ལྟ་བུ།༽ ཁྱད་ཆོས་ཆ་ཚང་ལ་སྣང་མེད་བྱས་ཏེ་འགྱུར་བ་ཆེན་པོ་བཏང་། དེའི་རྐྱེན་གྱིས་བོད་ཀྱི་དེང་རབས་སྙན་ངག་གི་ལོ་རྒྱུས་ཐུང་ཡང་འགྱུར་བ་མང་བས་ཧ་ཅང་ཞིབ་ཚགས་ཀྱིས་གླེང་དགོས་ཚེ་དེ་ནི་ཆེད་ལས་ཞིབ་འཇུག་གིས་གླེང་བ་ལས་རོབ་བཤད་ཙམ་ཡང་འདིར་བཤད་ནས་རྫོགས་མི་ཐུབ། ཡིན་ཡང་། སྙན་ངག་གི་བརྗོད་བྱའི་ནང་དུ་བརྩེ་དུང་གི་སེམས་ཚོར་བརྗོད་སྟངས་ཐད་འགྱུར་བ་ཅི་ཞིག་སོང་འདུག་གམ། འདི་ཡང་སྙན་ངག་གི་བརྗོད་བྱའི་ཁྱབ་ཁུངས་ནས་དོ་སྣང་བྱེད་དགོས་ས་ཞིག་ཡིན་ངེས།

ངས་བསམ་པ་ལ་བོད་ལ་ཚོར་བ་ཅན་གྱི་སྙན་ངག་ནི་ཕོ་མོའི་བརྩེ་དུང་བརྗོད་པའི་སྙན་ངག་ལས། མི་རིགས་དང་འབྲེལ་བའི་བདེ་སྡུག་གླེང་བའི་སྙན་ངག་ཚོར་བ་ཅན་ཞིག་མེད་པ་རེད། དགེ་རྒན་དག་གིས་སློབ་ཁྲིད་སྐབས་སུ་སྙན་ངག་ལ་ཕར་འགྲེལ་བཤད་རྒྱག་དུས་སྙན་ངག་གི་གདུང་ཤུགས་དེ་རྩོམ་མཁན་གྱི་ལོ་རྒྱུས་དང་གནས་བབ་ལ་འབྲེལ་བ་མི་འཛུགས་པར་མི་རིགས་ཀྱི་གནས་བབ་གཉན་འཕྲང་ཡིན་པ་འདི་ལྟར་སྟོན་གྱི་འདུག འདི་ལྟར་ཁོང་གིས་ཚོར་འདུག་ཅེས་པ་ལྟ་བུ་ནི་ཚིག་གི་རྩེད་མོ་ཞིག་ཡིན་པ་ལས་དོན་དངོས་ཡིན་པ་ཇི་ལྟར་ཆ་འཇོག་བྱེད་དགོས་པ་རེད། བོད་ཀྱི་དེངས་རབས་སྙན་ངག་གི་ནང་དུ་བརྩེ་དུང་ཧ་ཅང་ཉུང་ཞིང་། ཕོ་མོའི་བརྩེ་དུང་ལས་གཞན་དག་རྦད་མེད་པ་ལྟ་བུ་རེད། མཐའ་ན་བོད་ཀྱི་དེང་རབས་སྙན་ངག་ཏུ་བོད་ལ་བཅངས་པའི་བརྩེ་བའང་ཚོར་མི་ཐུབ། བོད་ཀྱི་དེང་རབས་སྙན་ངག་ཏུ་ཡོད་པའི་བོད་ནི་ཀྲུང་གོའི་དཔེ་དེབ་ཁག་ཏུ་ཡོད་པའི་བོད་ཀྱི་འགྲེལ་བཤད་སྔ་མ་དེ་དག་དང་འདྲ། འགྲེལ་བཤད་སྔ་མ་དེ་དག་ཁྱོད་ཀྱིས་ཤེས་སམ།