——ཨ་ལ་ཆང་གསོལ་སྐོར་གྱི་དྲན་སྣང་ཐུང་ངུ་།

དེ་རིང་གཟའ་མཇུག་གི་ཁོམ་ལོང་བེད་སྤྱད་དེ། རྒན་ཟོན་ཐར་རྒྱལ་ལགས་ཀྱི་གློག་བརྙན་ང་ཡི་ཆང་གསོལ་རོགས་ཞེས་པར། གཅིག་ན་རེ་ལྟོས་ཆེན་པོ་དང་གཉིས་ན་རྒྱབ་སྐྱོར་ཙམ་གྱི་དོད་དུ་བལྟ་རུ་སོང་བ་ཡིན། གློག་བརྙན་ཁང་གི་ནང་དུ་ཐོག་མར་ཐོན་དུས་ང་གཅིག་པུ་ལས་མེད་མོད། རྗེས་ནས་རྒྱ་མི་གསུམ་བཞི་ཙམ་སླེབས་རྗེས་གློག་བརྙན་ཡང་སྟོན་རན་སོང་།

ནང་དོན་གནད་བསྡུས་ནི་ཉི་མའམ་སྒྲོལ་མས་བཟའ་ཟླ་སྔོན་མར་ཁས་འཆས་པ་བཞིན། དབུས་ཀྱི་ལྷ་སར་འགྲོ་རྒྱུ་བྱས་ཤིང་། དུས་ཡུན་རིང་པོར་མོ་རང་མི་འདོད་ནད་ཀྱིས་མནར་བས་ཁས་བླངས་པའི་དམ་བཅའ་ལག་ཏུ་བསྟར་ཐུབ་མེད་ཀྱང་། རྗེས་ནས་སྨན་པས་མོའི་ནད་ལ་བརྟག་དཔྱད་བྱས་པ་བརྒྱུད་དེ་ཡུན་ཐུང་གི་ནང་ལ་སྔར་གྱི་དམ་བཅའ་མངོན་འགྱུར་ཡོང་རྒྱུ་དང་། ལྷག་ཏུ་རྨི་ལམ་མམ་ཟུར་ངོས་གང་རུང་ནས་མོ་རང་མྱུར་དུ་དབུས་ཀྱི་ལྷ་སར་འགྲོ་རྒྱུར་བྱས་ནས་སོང་མོད། ལམ་ནས་ན་བས་གཙེས་ཤིང་འཆི་བདག་གིས་གཤིན་ལམ་དུ་འཁྲིད་ཅིང་། མོའི་བཟའ་ཟླ་རྗེས་མ་བློ་རྒྱལ་གྱིས་ཉི་མའི་རེ་འདོད་བཞིན་མུ་མཐུད་ནས་དབུས་ཀྱི་ལྷ་སར་ལོག་པའི་གཏམ་རྒྱུད་ཅིག་རེད།

འོ་ན་ཐོག་མར་ང་ཡི་ཆང་གསོལ་རོགས་ཞེས་པ་ནི་ཅི་ཞིག་ཡིན་ནམ། དེ་ལས་ཀྱང་བརྡ་ཆད་གཙོ་བོ་ཆང་ཞེས་པ་ནི་ཅི་ཞིག་ཡིན་ནམ། ཆང་ནི་སྤྱིར་བཏང་སྟོན་མོ་དང་ལྷན་འཛོམས། རྒྱལ་ཁ་སོགས་ཀྱི་སྐབས་སུ་ལོངས་སུ་སྤྱོད་བྱ་ཞིག་ཡིན་པས། གློག་བརྙན་འདི་ཡང་སྤྲོ་གར་གྱི་རང་བཞིན་ཤེད་ཆེ་བ་ཞིག་ཨེ་ཡིན་སྙམ་མོད། དེ་ཡང་ཞིབ་ཏུ་བལྟས་ན་མིན་པ་འདྲ། དྲ་ལམ་སོགས་ནས་འདིའི་སྐོར་གྱི་གླེང་སློང་ཐུང་ངུ་རེ་གཉིས་ལས་མི་འདུག་ལ། ད་དུང་གྲོགས་ཚོམས་སོགས་སུ་དཔེར་ན་ཁ་ཆད། བརྩེ་བ། དམ་བཅའ་ཟེར་བ་ལྟ་བུའི་ཐ་སྙད་རེ་གཉིས་ལས་འདི་ཕྱོགས་ནས་གླེང་སློང་བྱེད་མཁན་ཅུང་ཉུང་བས། རང་གིས་གློག་བརྙན་འདིར་བལྟས་རྗེས་ཀྱི་དྲན་སྣང་ཐུང་ངུ་རེ་གླེང་འདོད་སྐྱེས་སོང་། དེ་ནི་རང་གིས་རང་ལ་བཞག་པའི་ཕྱིར་དྲན་གྱི་ཐོ་ཡིག་ཙམ་ཞིག་ཡིན་ཟེར་ཡང་ཆོག

ཐོག་མར་གློག་བརྙན་གྱི་ཁ་ཡིག་དང་འབྲེལ་བའི་ཆང་གསོལ་ཞེས་པ་ནི་འོ་མ་དང་བློ་རྒྱལ་གཉིས་ཀྱིས་དབུས་ལམ་ནས་ནོར་བུའི་སྤོ་ཁ་དྭངས་ཆེད་དུ་གཞས་དེ་བླངས་ཤིང་། སྐབས་དེར་ཆང་ནི་མེད་ཀྱང་ཁོང་གཉིས་ཀས་རྡོ་ཞིག་ཆང་གི་ཚབ་ཏུ་བཏེགས་ནས། ཨ་ལ་ཆང་གསོལ་ཞེས་བླངས་པ་ནི་འགལ་བར་གྱུར་པའི་ཕ་ཡར་བར་གྱི་ཞེ་སྤོ་ཞི་བར་གཏོང་ཐབས་དང་། གནད་ལ་དྲིལ་ན་ཁོ་ཚོས་མེ་ཕུང་འགྲམ་ནས་རྡོ་ལག་བརྒྱུད་བྱས་པ་དེ་ནི་འགལ་བ་འདུམ་པའི་རྣམ་པ་ཞིག་ཡིན་ལ། དེ་ནི་མི་རབས་ག་ཚོད་དང་ལོ་ཟླ་ག་ཚོད་ཀྱི་བར་དུ་ནར་མར་རྒྱུན་བསྲིངས་པའི་རེ་སྟོབས་ཀྱིས། མི་སེམས་ཀྱི་བརྩེ་བར་ཉེ་བར་བཅར་སྟངས་ཤིག་ཀྱང་རེད། ཡང་ན་འདས་སོང་ལ་དཀྱེལ་ཡངས་ཀྱི་བློ་ཁོག་ཡངས་པར་བྱེད་སྟངས་ཤིག་རེད་ཅེས་ཀྱང་ཆོག་པ་འདྲ། ཁ་ནས་ཆང་གསོལ་ཞེས་ལག་ཏུ་བཟུང་བའི་རྡོ་དེ་ཆང་དཀར་ཡོལ་གང་གི་ཚབ་ཏུ་བཏེགས་པ་ནི་གློག་བརྙན་འདིའི་ཐབས་རྩལ་ཁྱད་པར་བ་ཞིག་ཏུ་མཐོང་ཞིང་། ཆང་དང་འདྲེས་པའི་བརྩེ་བ་ནི་མི་འགྱུར་རྡོ་ལ་བརྐོས་པའི་རི་མོ་བཞིན་མངོན་ཐུབ་པར་རེ་བ་དང་། ཕྱི་ཐག་ཀྱང་གོར་མོ་རྡོ་བཞིན་བརྩེ་བ་སྲ་མཁྲེགས་སུ་ཡོང་ཐུབ་ཀྱི་རེ་འདོད་ཅིག་ཀྱང་ཡིན་པ་འདྲ། ཆང་གཞས་གཉིས་པ་དེ་ཕ་ཡར་དང་ཁོང་གཉིས་ཀྱིས་ཉིན་ལམ་ཟླ་ལམ་གྱི་ཧུར་བརྩོན་ཁྲོད་ཡུལ་དབུས་སུ་ཉིན་རེ་བཞིན་ཉེ་བར་བཅར་ཞིང་། ཁོང་གཉིས་ཀའི་རེ་འདོད་མངོན་འགྱུར་འབྱུང་ལ་ཉེ་སྐབས་བཏང་བ་ཞིག་རེད། འདི་ནི་ཁ་ཡིག་དང་འབྲེལ་བའི་གདེང་འཇོག་གམ་བསམ་ཚུལ་ཙམ་ཡིན་ལ། ཅིག་ཐང་ན་འདི་ནི་གློག་བརྙན་གྱི་ཕུགས་ལ་ལག་སྙོབ་བྱེད་སྟངས་ཤིག་ཀྱང་ཡིན་ངེས་པས་གཞི་རྩའི་ཆ་ནས་ཡག་སྣང་སྐྱེས།

གཉིས་ན་འཁྲབ་ཁྲིད་པས་བོད་སྐད་ཀྱི་ནང་ནས་དབུས་སྐད། ཨམ་སྐད། ཁམས་སྐད་ལས་དམིགས་བསལ་རྒྱལ་རོང་གི་སྐད་བདམས་པ་ནི་ད་རེབ་ཀྱི་གློག་བརྙན་འདིའི་རྒྱལ་ཁ་ལྟ་བུ་ཞིག་ཏུ་མཐོང་ཞིང་། ཉེ་བའི་ཆར་རྒྱལ་རོང་གི་སྐོར་ལ་གླེང་སློང་དང་གླེང་གཞི་སྣ་ཚོགས་བྱུང་ཞིང་། ལྷག་ཏུ་རྒྱལ་རོང་གི་སྐད་ཉམ་ང་ཉམ་ཕྲའི་གནས་སུ་ལྷུང་ཡོད་སྟབས་གློག་བརྙན་འདིས་དེ་ལ་བསྐྲུན་པའི་སྡིངས་ཆ་ཤིན་ཏུ་ཡག་པར་འདོད།

གཞན་གློག་བརྙན་འདིའི་བསྟན་བྱ་གཙོ་བོ་ནི་བཟའ་ཟླའི་བརྩེ་འདང་གི་དམ་བཅའ་དེ་མགོ་ནས་མཇུག་བར་རྒྱུན་མཐུད་པ་ནི་སྙིང་བོ་རྡོག་རྡོག་ཅིག་ཡིན་ངེས་ཏེ། བཟའ་ཟླ་གཉིས་ཀས་སོ་སོ་ལ་ཡོད་འོས་པའི་ཕ་མའི་བརྩེ་འདང་ལས་བཟའ་ཟླའི་བརྩེ་དུངས་ལ་གཙི་མཐོང་བྱས་པ་ནི། ཁོང་གཉིས་ལ་དབུས་ལ་སོང་རྗེས་ཕ་མ་ཤུལ་ནས་བསྐྱུར་བ་དང་། གཞན་ལ་གཉོར་དུ་བཅུག་པ། ཉི་མ་འདས་རྗེས་ཀྱང་ཕྱིར་མོའི་ཕ་མ་དང་ཕ་རྒན་ལ་སྐད་སོགས་བཏང་བའི་རྣམ་པ་མཐོང་མ་སོང་བ་ལྟ་བུས་མཚོན།

གློག་བརྙན་ནི་མ་གཞི་འགལ་བའི་མེ་སྟག་གིས་མེ་འོབས་ཕྱོགས་སུ་མཆེད་པ་ལྟ་བུ་ཞིག་ཡིན་ངེས་པས། གློག་བརྙན་འདིའི་ནང་གི་འགལ་བའི་ཕྱོགས་ལྔ་ཙམ་མཐོང་ཞིང་། དེ་ལས་གཙོ་ཆེ་བ་ནི་ཕ་ཡར་དང་ནོར་བུའི་འགལ་བ། མོས་བཅངས་པའི་ཁྱོ་ཀ་སྔ་ཕྱིའི་བརྩེ་འདང་གི་འགལ་བ་སོགས་རེད། དཔེར་ན། བློ་རྒྱལ་གྱི་སེམས་ཀྱིས་མ་བཟོད་པས་འཕྲུལ་རྟ་བཞོན་ནས་རྗེས་སྙེག་པ་དང་། ཉི་མའི་ཨུ་ཚུགས་མཐའ་འཁྱོངས་དེས་ཁོ་རང་ཕྱིར་ཡུལ་དུ་ལོག་ཏུ་བཅུག་པ། སླར་ཡང་ཕྱིར་རྗེས་སུ་སྙེག་པ། ནོར་བུ་དང་ཕ་ཡར་བར་སྔར་ནས་འགལ་བའི་ས་བོན་ཡོད་ལ་རྗེས་ནས་ཉི་མ་འདས་རྗེས་མོའི་ཁ་ཆེམས་ལྟར་སླར་ཡང་འགལ་བ་ཞི་ཞིང་མཐུན་པར་གྱུར་བའི་བྱུང་རིམ་ཀྱག་ཀྱོག་ནི་བརྩེ་བ་གཉིས་རྐྱ་འཐབ་པའི་བར་བརྒལ་ཞིག་ཀྱང་ཡིན་ངེས་པས་ན་ལེགས་པར་འདོད།

ད་དུང་གློག་བརྙན་འདིའི་ནང་ནས་བོང་ལིའི་ཨ་མ་ཤི་བ་དང་ནོར་བུའི་ཨ་མ་ཤི་བ། ཕ་ཡར་གྱིས་ནོར་བུའི་རྣ་ཅོག་བཙིར་ནས་ལྷ་ས་སྟོན་ཁུལ་དང་། ནོར་བུས་བོང་ལིའི་རྣ་ཅོག་འཐེན་ནས་ལྷ་ས་སྟོན་ཁུལ་བྱས་པ་སོགས་སྒྲིག་གཞི་ཚགས་དམ་པོ་ཁ་ཤས་ཀྱང་ཡོད་ལ། དེ་ནི་བོང་ཕྲུག་དེ་ནོར་བུའི་སྣང་བརྙན་ནམ་གྲིབ་མ་ལྟ་བུ་ཞིག་ཏུ་བསྐྲུན་པ་ཡང་ནི་ཤིན་ཏུ་ལེགས་པར་འདོད།

ཡིན་ན་ཡང་། ཤ་ཚ་བའི་གཏམ་དེ་རྣ་ཚ་ཡང་སྲིད་མོད། བོད་བརྙན་གྱི་ལམ་ཁ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཆེད། གློག་བརྙན་འདིའི་བྱུང་རིམ་ལྟར་དུ་མཐོང་སྣེ་གཞན་རེ་གླེང་ན།

གཅིག་ན་རྒྱལ་རོང་གི་ཡུལ་ལུང་མཐོང་བའི་བརྙན་མིག་ཅུང་ཉུང་བའམ་ཐུང་བ་ལྟ་བུ་ཞིག་ཏུ་འདོད། དེ་ནི་རྒྱལ་རོང་གི་ས་གཤིས་རྩུབ་མོས་ལུང་པ་ཕར་ཚུར་གྱི་སྐད་མི་གོ་བ་རྒྱུ་མཚན་དུ་མཐོང་བའི་བརྙན་མིག་ཅུང་ཉུང་སྣང་སྐྱེས། གཉིས་ན་སྤྱིར་བཏང་ཕྱག་འཚལ་བ་ནི་ནང་ཆོས་ལྟར་བྱམས་པ་དང་སྙིང་རྗེ། ཞི་འཇམ་དང་འཚེ་བ་མེད་པ་ལྟ་བུ་ཡིན་ན་འགྲིག་མོད། ཉི་མས་བརྐྱངས་ཕྱག་འཚལ་སྐབས་ཅུང་འཁོན་སེམས་དང་ཞེ་སྡང་སྒོས་ཕྱག་འཚལ་ལྟ་བུ་ཞིག་ཏུ་མཐོང་བས་གློག་བརྙན་འདིའི་བསྟན་བྱའི་ངོ་བོ་གཞན་ཞིག་ཏུ་བསྒྱུར་འགྲོ། ཕྱག་འཚལ་བ་ནི་དམ་བཅའ་ཁོ་ནའི་ཆེད་དང་། ཕྱག་འཚལ་བ་ནི་འགན་འཁུར་ཙམ་པོ་བ་ཞིག་གི་ཆེད་དུ་ཡིན་ན་མི་འགྲིག་པ་མ་ཟད། མོས་ཅུང་རྣམ་འགྱུར་རྩུབ་མོ་དང་ཤུགས་ཆེན་སྒོས་ཕྱག་འཚལ་བ་ནི་སྔར་གྱི་དམ་བཅར་བློ་འགྱོད་སྐྱེས་པ་ལྟ་བུ་ཞིག་ཏུ་གྱུར་སོང་བ་མིན་ནམ་སྙམ་ཡོང་། གསུམ་ན་དབུས་རོགས་ཀྱི་བུད་མེད་དེ་གཉིས་ཅུང་གློ་བུར་ལྟ་བུས་མི་སྣང་བར་གྱུར་ལ། དེ་ནི་རྒྱུ་སྟོབས་ཀྱིས་བཀུགས་པ་དང་། བརྩོན་སེམས་ཀྱིས་མ་འདང་བ་ལྟ་བུས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པ། བཞི་ནས་དབུས་ལམ་གྱི་ལམ་ཆས་སྤྱིར་བཏང་ཚད་ཡོད་ན་འགྲིག་མོད། བློ་རྒྱལ་གྱིས་༼རྗེས་ནས་ཚོང་ཁང་ནས་ཉོས་པ་དེ་མ་གཏོགས་༽ནང་གོས་སོགས་གསར་རྙིང་བརྗེ་རྒྱུ་ཅུང་མང་བ་ལྟ་བུ། ལྔ་ནས་འཕྲུལ་རྟ་དེ་ཡང་༼ང་རང་ཡིན་ན་ཉི་མའི་ནུ་བོ་དེ་རེས་འཁོར་ལ་མ་བསྡད་པར་ཕྱིར་འཕྲུལ་རྟ་བཞོན་ནས་སོང་ན་འགྲིག་མོད་༽  དེ་ཡང་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པ་ལྟ་བུ། དྲུག་ནས་དབུས་ལམ་དུ་སྨན་ཁང་སོགས་ཀྱི་ཆ་རྐྱེན་ཞན་པར་ལབ་མོད། ལམ་འགྲམ་ནས་འཕྲད་པའི་རླངས་འཁོར་དང་རེས་འཁོར། མོ་རང་རྗེས་ནས་འདས་མཆོད་ཀྱི་སྐར་མ་བྱེད་སྐབས་སོགས་རླངས་འཁོར་རེ་རེའི་སྤུས་ཚད་ཅུང་མཐོ་བར་བལྟས་ན། སྨན་ཁང་གི་ཆ་རྐྱེན་ཞན་པ་དང་རླངས་འཁོར་གྱི་སྤུས་ཚད་མཐོ་བ་གཉིས་ཏག་ཏག་འཚོ་བའི་ཐད་ནས་དོ་མཉམ་མིན་པ་ལྟ་བུ། བདུན་ནས་རྒྱལ་རོང་ནས་ཡར་དབུས་སུ་འགྲོ་སྐབས་ལམ་ནས་ཁམས་དང་དེ་ནས་དབུས་ཀྱི་སར་སླེབས་དགོས་པ་ཡིན་མོད། དེ་ལྟ་བུ་ཞིག་མིན་པ་འདྲ་སྟེ། ཕྱག་འཚལ་ནས་ཉིན་ཞག་མང་པོ་འགོར་རྗེས་ཕྱིར་ཨ་མདོའི་རྨ་ཆུ་བརྒྱུད་ནས་རྒྱ་ནག་པེ་ཅིང་ལྟ་བུ་ཞིག་ཏུ་འགྲོ་བཞིན་པ་མཐོང་། ཅིའི་ཕྱིར་ཞེ་ན། གནས་ཚང་གཡོར་མཁན་གྱི་སྦྱིན་པ་༼ཁམས་དང་དབུས་གང་རུང་ལ་བྲོས་པའི་མག་པ་ལྟ་བུ་ཞིག་ཡིན་ཁུལ་བྱས་ན་མ་གཏོགས་༽ཁོའི་རྒྱུན་སྤྱོད་ཀྱི་སྐད་ནི་ཨམ་སྐད་མིན་ངེས། དེ་ཡང་ཞིབ་ཏུ་བསམ་ན་སྦྱིན་པའི་རྒན་མོ། བྱིས་པ་གཉིས་ཀས་ཀྱང་ཨམ་སྐད་བཤད་པས། ཁོང་ཚོ་ཚང་མ་ཡར་ཁམས་དང་དབུས་གང་རུང་དུ་ཡོང་ནས་གསར་དུ་གནས་བཟུང་བ་རེ་ཡིན་ཁུལ་བྱས་ཡོད་ན་མ་གཏོགས། དབུས་ལམ་སྙེག་པའི་གོ་རིམ་ཁྲོད་ནས་ཡུལ་ལུང་གི་སྐད་ཀྱི་ཆ་ན་གནད་དོན་རེ་ཨེ་ཡོད་སྙམ་སོང་། འདི་ཕྱོགས་ནས་བོད་པ་རང་ཉིད་ཀྱིས་མ་གཏོགས་ཕལ་ཆེར་མི་ཤེས་པའི་ཚོད་རེད། ཡིན་ཡང་སྨན་པ་དང་པོ། གཉིས་པ། ད་རུང་ཁ་ལོ་བ་སྔ་ཕྱི་གཉིས་ཀྱི་རྒྱ་སྐད་དེ་ཧ་ལམ་དེ་ཕྱོགས་ཀྱི་ལུང་སྐད་ཡིན་པ་འདྲ་བས་འགྲིག་འདུག བརྒྱད་ནས་སྤྱིར་བཏང་གཤིན་མཆོད་སྒྲུབ་པ་ནི་དམག་འཁྲུག་དང་བཙན་འཛུལ་ལྟ་བུ་མིན་ན། ཕུང་བོ་ཕྱིར་རང་ཡུལ་དུ་འཁྱེར་ནས་སྒྲུབ་པ་ཞིག་ཡིན་ངེས་མོད། ལམ་སྐབས་སུ་དེ་ལྟར་སྟབས་བདེ་སྟབས་བདེ་ལྟ་བུ་ཞིག་བྱས་ཤིང་། ད་རུང་འདས་པོའི་པར་སོགས་སྤྱིར་བཏང་ཤུལ་མེད་རོལ་མེད་ཏུ་གཏོང་མོད། བློ་རྒྱལ་གྱིས་ཉི་མའི་པར་དེ་དགོན་པའི་གྱང་ངོས་སུ་སྦྱར་བ་དང་ཨ་ཁུས་ཀྱང་སྦྱར་དགོས་རབས་ལབ། འདི་ནི་རྒྱལ་རོང་གི་གཤིན་མཆོད་ལུགས་སྲོལ་ཞིག་ཡིན་ན་ཕུན་སུམ་ཚོགས་པའི་ཡན་ལག་རེད་མོད། འདི་ནི་རྒྱལ་རོང་ཙམ་ཡང་མིན་པར་ས་ཁུལ་གཅིག་གཉིས་ཤིག་ལས་མིན་པར་སྙམ། ད་དུང་མི་ཤི་རྗེས་ས་ཁུལ་ཕལ་མོ་ཆེས་སྤྱིར་བཏང་ཡིན་ན་ཉེ་གཞི་རྩ་ལག་གིས་སྐེ་རགས་ཀྱི་སྣེ་མོ་མར་མི་བསྣར་མོད། བློ་རྒྱལ་ལ་གློ་བུར་དུ་༼ཕལ་ཆེར་གཡར་ནས་ཡོང་བའི་༽བོད་ལྭ་ཞིག་ཡོད་པ་དང་། དེའི་སྐེ་རགས་ཀྱང་སྣེ་རིང་བོ་ཞིག་བསྣར་ནས་འགྲོ་བ་ལྟ་བུ། དགུ་ནས་གཤིན་མཆོད་ཀྱི་སྐབས་སུ་སྦྱིན་པས་བློ་རྒྱལ་ལ་རོགས་མི་ཐུབ་ཀྱང་། སེམས་གསོ་ཙམ་ཡིན་རུང་བྱས་ཆོག་མོད། སྦྱིན་པ་རླངས་འཁོར་ནང་ནས་ས་ལའང་མ་བབས་པར་གཉིད་སྐྱིད་པོ་ལོག་པ་དང་། ད་དུང་སྔུར་བ་ནར་ནར་འཐེན་པ་ནི་ཤིན་ཏུ་མ་ལེགས་པ་ཞིག་ཏུ་མཐོང་། ད་དུང་ནོར་བུས་རང་གི་ཨ་མ་འདས་རྗེས་རྩེད་རུ་བུད་འགྲོ་བ་ནི་ལོ་ཆུང་བར་ཁག་བཞག་ཆོག་མོད། གནད་དོན་ཞིག་ཡོད་པ་ནི་རྒྱལ་རོང་གི་ལོ་ཆུང་ནོར་བུས་སྦྱིན་པའི་ཞི་ལིས་རྣ་ལམ་དུ་“ཕྱིར་ལ་རྩེད་རུ་འགྲོ་”ཞེས་པའི་སྐད་དེ་ཧ་ལམ་གོ་སྲིད་རྒྱུ་མ་རེད་མོད། གློག་བརྙན་ནས་བཙན་གྱིས་གོ་ཁུལ་ལྟ་བུ་བྱས་སོང་། ནོར་བུ་ཁོང་དོན་ངོ་མ་རྒྱལ་རོང་བ་ཞིག་ཡིན་ནམ། ཨ་མདོ་བ་ཞིག་ཡིན་ནམ་ང་ལ་མཚོན་ན་གང་ཡིན་རུང་ཁྱད་པར་མེད་ཀྱང་གློག་བརྙན་གྱི་ནང་ནས་འདི་ལ་འགལ་བ་ཅུང་འདུག་པར་སྙམ། བཅུ་ནས་ཕ་ཡར་དང་ཁོང་གཉིས་དུས་ཚིགས་ཀྱི་བར་མཚམས་བརྒལ་ནས་དབུས་ལ་སོང་བ་ཡིན་པས། སྐྲ་ལོ་ཇེ་རིང་ནས་ཇེ་རིང་དུ་སོང་བ་ནི་ཅུང་འགྲིག་མོད། མཐར་མར་དབུས་ཀྱི་ཇོ་མཇལ་མ་བྱས་གོང་ལ་སྐྲ་ལོ་བཞར་བ་ནི་ཡང་ཡུལ་ལུང་གཞན་ཞིག་གི་སྲོལ་ཡིན་ན་མ་གཏོགས་སྤྱིར་བཏང་བཞར་སྲོལ་མི་འདུག་ལ། བློ་རྒྱལ་གྱི་སྐྲ་ལོ་ཡང་གློ་བུར་ངང་སྔར་གྱི་རྣམ་པ་དེ་ཕྱིར་མངོན་པར་བྱས། མ་ཟད། ནོར་བུའི་སྐྲ་ལོའི་རིང་ཚད་ཀྱང་སྔར་གྱི་རྣམ་པ་མངོན་རྗེས་ད་གཟོད་སྐྲ་ཉག་མང་པོ་ཞིག་བཞར་སོང་བ་ལྟ་བུ། ད་དུང་ཕྱག་འཚལ་ནས་འགྲོ་སྐབས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་དགོས་པས། ནངས་དགོང་གཉིས་ཅུང་ཟད་མངོན་ཆ་དོད་དགོས་པ་ཡིན་མོད། འདིར་ཅུང་ཞིབ་ཆ་མིན་པ་ལྟ་བུ་ཞིག་ཏུ་མཐོང་སྟེ་སྐབས་རེར་ཞོགས་པའི་སྐབས་དགོང་སྲོད་ཀྱི་ཆ་ནས་བརྙན་བླངས་པ་ལྟ་བུ་གཅིག་གཉིས་རེ་ཨེ་མེད་དམ་སྙམ་པའི་ཞིབ་ཆ་ད་དུང་ཡོད་པར་སྙམ། ཡིན་ཡང་། བོད་བརྙན་གྱི་ལམ་ནས་ད་དུང་གུ་ཡངས་གནང་ཐུབ་ལ། ཁག་ཀྱང་མི་འདུག་སྙམ་ཏེ། ཚང་མ་སངས་རྒྱས་དང་བྱང་ཆུབ་མིན་པས་བཟང་ངན་གཉིས་ཆ་དང་ལྷག་ཏུ་བསམ་ཚུལ་དང་གོ་བ་ལེན་ཕྱོགས་འདྲ་མིན་སྣ་ཚོགས་ཡོད་ངེས་པས་ཧམ་ལེ་ཐེ་ཁྲི་སྟོང་ཡང་ཡོད་ངེས་སོ། །

འདི་ནི་ངས་མཐོང་བའི་འདི་འབྲེལ་གྱི་གློག་བརྙན་གསུམ་པ་དེ་རེད། དང་པོ་འཁྲབ་ཁྲིད་པ་ཁོང་གི་དབུས་ལམ་གྱི་ཉི་མ་དང་། གཉིས་པ་ནི་གངས་རིན་པོ་ཆེ། གསུམ་པ་ནི་ང་ཡི་ཆང་གསོལ་རོགས་ཞེས་པ་འདི་རེད། འདི་ལས་འཁྲབ་ཁྲིད་པ་གཅིག་གིས་ཡུལ་དབུས་སུ་སྙེག་པའི་གློག་བརྙན་ཐེངས་གཉིས་ལ་ཕབ་སྐྲུན་བྱས་པ་ནི་ཅུང་ཟད་བསམ་གཞིགས་དགོས་པའི་གནས་ཤིག་སྟེ། དོན་ངོ་མ་ཡུལ་དབུས་སུ་སྙེག་པ་ནི་ཕྱི་ལོ་༡༩༥༡་ནས་༡༩༥༨ལོའི་ཡས་མས་ཁམས་དང་ཨ་མདོར་དྲག་རྒོལ་ཆེན་པོའི་འོག་ནས་ཡར་ཉེན་བྱོལ་དུ་འགྲོ་བ་དང་། ཉེ་བའི་ཆར་དད་ལྡན་མང་པོ་རྐང་ཐང་། རྐང་འཁོར། བརྐྱངས་ཕྱག་འཚལ་ནས་ནས་ཉིན་ཞག་མང་པོ་གཉིད་ཆག་ཟས་བརྗེད་སྒོས་འགྲོ་དོན་ཅི་ཞིག་ཡིན་ནམ། ལོ་ཚིགས་འདིའི་གཉིས་ཀྱི་སྔ་ཕྱི་ལ་འགྱུར་བ་ཅི་ཞིག་ཐེབས་དང་འཐེབ་བཞིན་པ་ཡིན་ནམ། དོན་ངོ་མ་དབུས་སུ་ཅི་ཞིག་ཡོད་དམ། ཅིའི་ཕྱིར་འགྲོ་འམ། ་་་ ་་་

ཡང་བསྐྱར་གླེང་བར་འདོད་པ་ནི་ལས་དབང་ཞེས་པ་དེ་རེད། གློག་བརྙན་འདིའི་ཟུར་ངོས་གང་རུང་ནས་“ལས་དབང་”“ལས་དབང་”ཞེས་ཚིག་ཐག་བཅད་འགྲོ་ས་ཤིན་ཏུ་མང་ལ། དཔེར་ན། བོང་ཕྲུག་དེ་དབུས་སུ་ཁལ་བཀལ་ནས་འཁྲིད་པ་ལྟ་བུ་རེད། ཡིན་ཡང་། དངོས་ཡོད་ཀྱི་ལས་དབང་དེ་འཁྲབ་སྟོན་པ་དག་གི་འཁྲབ་ཚིག་གིས་ཐག་གཅོད་རྒྱུ་ཙམ་མིན་པར། གཟིགས་མཁན་གྱི་སེམས་སུ་ཕྱོགས་ངོས་གང་རུང་ནས་རྒྱུ་འབྲས་སྒོས་སྟོན་འོས་པ་ཞིག་ལས། དེ་འཁྲབ་ཚིག་གིས་ཡང་དང་བསྐྱར་དུ་ཚིག་ཐག་བཅད་པ་ཙམ་གྱིས་ལྟད་མོ་བ་དག་གིས་དང་ལེན་ཐུབ་གི་མི་འདུག་ལ། སོ་སོའི་དོན་དག་ཀྱང་འགྲུབ་གི་མ་རེད་གདའ།

ཉེ་ཆར་ཅུང་སྐད་གྲགས་ཆེ་བ་དང་གླེང་སློང་ཡང་དྲང་ཕྱོགས་ལྡོག་ཕྱོགས་ཅི་རིགས་ནས་སྤེལ་བཞིན་པའི་གློག་བརྙན་དག་ལས། རྒྱ་ནག་གི་འཁྲབ་ཁྲིད་པ་གྲགས་ཅན་ཀྲང་དབྱིན་མའོ་张艺谋ཡི་གློག་བརྙན་《影》དང་ཅཱ་ཀྲང་ཁན་贾樟柯གྱི་གློག་བརྙན་《江湖儿女》ལ་ཡང་ལྟ་སྐལ་འགྲིག་མོད། འདི་ལྟར་ཕྱིར་བལྟས་རེ་བྱས་ན། བོད་བརྙན་སྤྱི་ལ་ཞན་ཆ་ཆེ་བ་ཞིག་ནི་འཁྲབ་ཚིག་གི་སྐད་ཆར་གསོན་ཉམས་མེད་པ་དེ་རེད། འདི་ནི་ད་རེབ་ཙམ་མིན་པར། དུས་ཚོད་སྔ་ཕྱིར་ལྟར་སྔར་གྱི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། དབུས་ལམ་གྱི་ཉི་མ། ཐར་ལོ། གཙང་པོ། སོགས་གང་ཡིན་ཡང་ཚང་མ་དངོས་བཤུས་གློག་བརྙན་ལྟ་བུའི་འཁྲབ་ཚིག་ལས། སྒྱུ་རྩལ་གློག་བརྙན་གྱི་འཁྲབ་ཚིག་གི་ཚད་ལ་སླེབས་པ་ཤིན་ཏུ་ཉུང་ལ་མེད་པར་སྣང་། དེ་བས་བོད་བརྙན་གྱིས་ནུབ་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དག་གི་༼དཔེར་ན་《肖申克的救赎》དང་《荒岛余生》《 死亡诗社》ལྟ་བུའི་༽འཁྲབ་ཚིག་གི་ཆ་ནས་གཏན་ཚིགས། མཚན་ཉིད། གནས་ལུགས། རྒྱུ་འབྲས་རང་བཞིན། ཆོས་ཉིད་རང་བཞིན་གྱི་སྐད་ཆ་མང་པོ་ཞིག་བཀོལ་༼དཔེར་ན་བོད་རང་ལ་མཚོན་ན་སྲིད་པ་རྒན་པོའི་གཏམ་དཔེ་ལྟ་བུ།༽ཐུབ་གི་མི་འདུག་པ་དེ་རེད། བོད་བརྙན་ད་དུང་ནུབ་བརྙན་དང་བསྡུར་བར་མི་ནུས་མོད། ཀུན་གྱིས་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་ཅིས་ཀྱང་བྱེད་དགོས་པས་གཞན་གྱི་ལེགས་ཆ་ཚུར་ལེན་གྱི་གོ་མཚོན་ཡོད་དགོས་སྙམ།

སྤྱིར་ན་གློག་བརྙན་གྱི་ལས་ཀ་ནི་ཤིན་ཏུ་དཀའ་ལས་དཀའ་ཚེགས་ཀྱི་གོ་རིམ་ཞིག་རེད། དེ་ནི་རྩོམ་པ་པོ་ཞིག་གིས་རིག་གནས། ལོ་རྒྱུས། འཚོ་བ་སོགས་མཚོན་པའི་ནང་དོན་དེ་ཡི་གེ་ནག་པོས་ཤོག་བུར་དཀར་པོའི་ངོས་སུ་ཐད་ཀར་བྲིས་པ་ཙམ་མིན་པར། འཁྲབ་གཞུང་། འཁྲབ་སྟོན། སྒྲ། བརྙན་སོགས་གོ་རིམ་མང་པོ་བརྒྱུད་དགོས་ལ། གོ་རིམ་མང་བས་ཡི་གེ་རྐྱང་ཙམ་ལས་བརྒལ་བའི་ནུས་པ་ཡང་ཐོན་ཡོང་གི་འདུག་པས། ང་ཚོས་ཀྱང་འདི་ཕྱོགས་སུ་ཅིས་ཀྱང་ཤུགས་བརྒྱབ་རུང་རིན་དོད་ཀྱང་དེ་ལས་ཆེ་ཞིག་ཨེ་མེད་དམ་སྙམ།

ད་རེབ་ཀྱི་གློག་བརྙན་འདི་ནི་བོད་བརྙན་སྔོན་མ་དག་དང་བསྡུར་ན་བརྙན་ལེན། སྒྲ་སྦྱོར། ཇུས་འགོད། གཏུབ་གཅོད་སོགས་ཀྱི་ཐད་ནས་འཕེལ་རྒྱས་ངེས་ཅན་རེ་ཐོན་པ་དང་། རང་ཅག་ལ་སྔར་ཟློས་གར་ལྟ་བུ་ཡུལ་དངོས་འཁྲབ་སྟོན་ལས་གློག་བརྙན་གྱི་རིགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་བལྟ་ཐུབ་པའི་འཕེལ་འགྱུར་ཁྲོད། ང་ཚོའི་གློག་བརྙན་གྱི་ལས་རིགས་འདི་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་ཡོང་བ་དང་། མི་རིགས་རང་གི་དྲི་མ་ཉམས། མདོག་མ་ཡལ། བྲོ་མ་བོར་བའི་གློག་བརྙན་འགའ་རེ་འཁྲུངས་ཐུབ་པའི་རེ་འདུན་དང་བཅས་བྲིས་པ་དགེའོ། །

 

ཕྱི་ལོ་2018ཟླ་10ཚེས་26ཉིན་པེ་ཅིང་ནས་ཤར་མར།