རྩོམ་རིག་གི་འོས་འགན་གྱི་ཁྲོད་ན་སྤྱི་ཚོགས་ཀྱི་འགན་ནུས་ཟེར་བ་དང་སློབ་གསོའི་འགན་ནུས་ཟེར་བ་སོགས་ཡོད་དེ། དེའི་དོན་ནི་མདོར་བསྡུས་ན་རྩོམ་རིག་གིས་ཀློག་པ་པོར་དགེ་ཕྱོགས་ཀྱི་ཡོན་ཏན་བསྐྱེད་པའམ་སློབ་གསོའི་ནུས་པ་ཐོན་པ་ཞིག་ངེས་པར་དགོས་ཟེར་བ་རེད། འོན་ཀྱང་། དེ་ནི་རྩོམ་རིག་སྤྱིའི་འགན་ནུས་ཀྱི་ཆ་ནས་བརྗོད་པ་ལས་བྱེ་བྲག་བརྩམས་ཆོས་རེ་རེའི་སྟེང་ནས་མངོན་གསལ་དུའམ་ཐད་ཀྱིས་ཐོན་དགོས་པ་ཞིག་ལ་ཟེར་གྱི་མེད།  ཡང་གཅིག་བཤད་ན། བརྩམས་ཆོས་གང་ཞིག་གིས་སྒྱུ་རྩལ་གྱི་ཐབས་ལམ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་འོས་འགན་དེ་ལེགས་པར་འགྲུབ་དགོས་པ་ལས་ཚིག་གི་དངོས་ཟིན་ནས་གཞན་ལ་ཐད་ཀར་སློབ་གསོ་གཏོང་བ་མ་ཡིན། ཞེས་པ་དེའོ།།

དེས་ན། ཐད་ཀར་གཞན་ལ་ཁ་ཏ་སློབ་གསོ་གཏོང་བའི་རྩོམ་ནི་བོད་ཀྱི་སློབ་མ་ཚོར་མཚོན་ན་ལས་དང་པོ་བའི་ལས་ཀ་ལྟ་བུ་ཞིག་ཆགས་ཡོད་དེ། རྩོམ་ཡིག་འབྲི་སྦྱོང་གི་སྐབས་སུ་རྒྱུན་མཐོང་ཞིག་ཡིན་ལ། ཁྱད་པར་དུ་ཀ་རྩོམ་འབྲི་དུས་ངེས་པར་གཞན་ལ་འདི་བྱོས་དང་འདི་མ་བྱེད། བྱེད་མི་རུང་ཟེར་བ་རྒྱུན་འཇགས་ཡིན་ནོ།། འོན་ཀྱང་། བསླབ་བྱ་ཐད་ཀ་མས་ཁྱོད་ཀྱིས་དྲན་བཞིན་པའི་ནུས་པ་དེ་ཙམ་མི་ཐོན་ཏེ། རྩྭ་ས་རྩོད་གླེང་མ་བྱེད། ཕུ་ནུ་ནང་དམེ་མ་བྱེད། ཇག་རྐུན་འཁྱམ་གསུམ་མ་བྱེད། སློབ་གཉེར་ལ་འབད་པ་བྱོས་སོགས་བརྗོད་ན། དེ་ཀུན་གྱིས་ཤེས་པ་ཞིག་གམ་རྒྱུན་ཤེས་ཕྲན་བུ་ཞིག་ཡིན་པས་ནུས་པ་ཐོན་དཀའ་ཟེར་བའི་རྒྱུ་མཚན་དེར་ཐུག་ཡོད། སྐད་ཆ་མི་སྙན་པས་བཤད་ན་རྩོམ་འབྲི་མི་ཤེས་པ་དག་གིས་བྲིས་ན་དེ་ལྟར་འབྲི་བཞིན་པ་མཐོང་ཆོས་མྱོང་འགྱུར་ཡིན་ནོ།།

དེ་བཞིན་གཏམ་བཤད་མི་ཤེས་པ་དག་གིས་བཤད་ནའང་དེ་བཞིན་ཡིན་ཏེ། དེ་ལ་ཡིད་འཕྲོག་པའི་ཆ་ཡོད་དཀའ། བསླབ་བྱ་གཏོང་བ་དང་འགྲིག་ལམ་དོན་ཚན་འགའ་བཤད་པས་ཉན་མཁན་ལ་གོ་བ་གསར་བ་ཅི་ཡང་མི་བསྐྱེད་དེ་བསྐྱེད་དཀའ། དེ་ལྟ་ནའང་། རྩོམ་ཡིག་འབྲི་མཁན་དང་གཏམ་བཤད་མཁན་གྱི་མིའི་ཐོབ་ཐང་གི་ཆ་ལ་མནོ་བསམ་གཏོང་དགོས་པ་ཞིག་ཡོད་དེ། འགོ་ཁྲིད་མཐོན་པོ་ཞིག་གམ་བླ་མ་ཆེན་པོ་ཞིག་གིས་ཐད་ཀྱིས་འདི་བྱོས་དང་འདི་མ་བྱེད་ཅེས་ཚིག་ཐག་ཆོད་པོས་སྨྲས་ན་དེས་ནུས་པ་ཡང་ཆེན་པོ་ཐོན་པར་འགྱུར་བ་གོར་མ་ཆག འོན་ཀྱང་། འགོ་ཁྲིད་མཐོན་པོ་དང་བླ་མ་ཆེན་པོའི་ཡི་གེ་དེ་དག་རྩོམ་རིག་ལ་ཐེ་བའི་རྩོམ་ཡིག་ཡིན་མིན་ཡང་བཤད་དཀའ་བ་ཞིག་རེད། བསླབ་བྱ་དང་སློབ་གསོ་ཟེར་བ་འདིའི་སྟེང་ན་ང་ལ་བསམ་གཞིགས་མང་པོ་ཡོད། དེའི་རྐྱེན་གྱིས་རང་ངོས་ནས་ད་ལྟའི་བར་སློབ་མ་ཚོར་འདི་བྱོས་དང་འདི་མ་བྱེད་ཅེས་ཚིག་གཅིག་གིས་སྨྲས་པ་ཞིག་མི་དྲན། འདི་བྱས་ན་འགྲིག་དང་མི་འགྲིག་གི་རྒྱུ་མཚན་ཙམ་བརྗོད་རྒྱུ་དེ་ཡིན།

ངས་འདི་ལྟར་བཤད་པའི་རྒྱུ་མཚན་གཅིག་ནི་ཁྱེད་གསར་སློབ་པ་དག་གིས་རྩོམ་ཡིག་འབྲི་དུས་བསམ་བློའི་ནང་ལ་ངས་མི་ཞིག་ལ་སློབ་གསོ་གཏོང་དགོས་སམ། ད་ལྟའི་མི་འདི་དག་གི་བྱེད་སྟངས་འགྲིག་གི་མི་འདུག་པས་ངས་དེར་ཁ་རྡུང་གཏོང་དགོས། ཡོ་བསྲང་བྱེད་དགོས་སོགས་གཅིག་པུ་དྲན་ནས་རྩོམ་བྲིས་ན་རྩོམ་ཡིག་ལེགས་པོ་ཞིག་མི་འཁྱོངས་ངེས། དམིགས་པ་དེར་དོ་སྣང་ཆེན་པོ་མེད་པར་བརྗོད་བྱ་གང་ཞིག་གདམ་གསེས་བྱས་ཡོད་པ་དེ་སྒྱུ་རྩལ་གྱི་ཐབས་ལམ་ག་འདྲ་ཞིག་ལ་བརྟེན་ནས་མཚོན་པར་བྱ་རྒྱུ་ལ་གཟས་ནས་རྩོམ་ཡིག་བྲིས་ན་ལེགས་པོ་འཁྱོངས་ངེས་སྙམ་སྟེ་བདེན་མིན་ལག་ལེན་དུ་ཐོབས་ལ་དཔྱད་པར་མཛོད།

སློབ་མ་ཞིག་གིས་རྩོམ་ཡིག་བསྐུར་ཡོང་སྟེ་བཅའ་རོགས་ཟེར་བའི་སྣེ་འཛར་དུ་ཕུལ།

2018.10.31