དེ་རིང་སློབ་སྦྱོང་གི་བྲེལ་བའི་ཉིན་མོ་འདིར་ནམ་རྒྱུན་ཁ་པར་གྱི་འཕྲིན་ཕྲན་ནང་གི་གྲོགས་པོའི་གླིང་ལ་བལྟ་རྒྱུར་དགའ་བའི་གུས་པ་ཡང་འདི་ག་རང་ལ་མ་འདས། གློ་བུར་དུ་གྲོགས་པོས་བརྒྱུད་བསྐུར་གནང་བའི་རྩོམ་ཡིག་ཅིག་ཀློག་པས་རང་ལ་དེ་སྔོན་སློབ་ཆུང་སྐབས་ཀྱི་གནས་ཚུལ་ཞིག་ཡིད་ལ་གསལ་ལྷང་ངེར་དྲན་བྱུང་། འདི་ནི་ཡུན་རིང་བསམ་གཞིག་བྱས་པའི་གནད་དོན་གཅིག་དང་རང་ལ་བབས་ཆགས་ཟབ་པའི་གནད་དོན་ཅིག ཆེས་དོན་དངོས་ཀྱི་གནད་དོན་གཅིག་ཡིན། དུས་ཚོད་ནི་སྤྱིར་བཏང་སྤྱི་ལོ་ཉི་སྟོང་རྗེས་སུ་རེད། ཕལ་ཆེར་མི་མང་པོར་རྒྱུས་མངའ་ཡོད་ངེས་ལ་ད་ལྟ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མེད་ཤེས་མ་སོང་། མ་གཞི་ཕ་ཡུལ་དུ་ཁོ་བོའི་ལོ་ཚོད་སྐབས་སུ་ཕ་མ་རྣམས་ཀྱི་རང་གི་བུ་ཕྲུག་ཤིང་བཟོ་དང་འབྲོག་ལས། རྡོ་བཟོ། རི་མོ་བ། གྲྭ་པར་འཇུག་པ་ལས་སློབ་གྲྭར་གཏོང་འདོད་རྩ་བ་ནས་མི་བྱེད། ང་རང་ཡང་ཕ་མའི་རེ་བ་ལྟར་ཁྱིམ་དུ་གཅེན་པོ་དང་མཉམ་དུ་ཤིང་བཟོ་ཞིག་སྦྱོང་བ་དང་དེ་ནས་ཁྱིམ་ཚང་ཕྱུག་པོ་བྱེད་དགོས་པ་དེ་རེད། འོན་ཏེ་སྟབས་ལེགས་པ་ཞིག་ལ་སློབ་གྲྭར་བྲོས་ནས་སོང་ཏེ་ད་གཟོད་སློབ་ཆེན་འགྲིམས་བསྐལ་བྱུང་།

སློབ་ཆུང་སྐབས་སུ་སློབ་གྲྭ་ནི་མི་ཚེའི་འདུན་ལམ་བཟང་པོ་དགོས་ན་ངེས་པར་དུ་འགྲོ་དགོས་ཀྱི་རེད་བསམ་པ་དང་རྒན་ལགས་ཀྱི་བཀའ་ནི་ཚད་མ་ཞིག་ཡིན་པས་དེར་ངེས་པར་དང་ལེན་བྱེད་ཅིང་བརྒྱབ་བསྐྱོར་གང་མང་བྱེད་དགོས་ངེས་དུ་ངོས་འཛིན་བྱེད། སྐབས་རེ་རང་ལ་བསམ་ཚུལ་མི་འདྲ་བ་འདི་འདྲ་ཡོད་ན་ཐད་ཀར་བཤོད་མི་ནུས་ལ་གལ་ཏེ་བཤད་པའི་དབང་དུ་བཏང་ན་མི་གཞན་གྱི་སྣང་ངོར་འདི་ནི་སློབ་མ་ཐ་ཤལ་ཞིག་ཏེ་རང་གི་བཤེས་གཉེན་ལ་ཡང་བརྩི་བཀུར་མ་བྱས་པ་རེད་བསམ་གྱི་ཡོད། ཁོ་བོའི་ཆེས་ཉེ་བའི་སྤུན་མཆེད་གཅེན་པོ་ཞིག་ཡོད། ཁོ་རང་ཆུང་དུས་ནས་རིག་པ་ཧ་ཅང་གསལ་ལ་སྒྲུང་གཏམ་གསུངས་རྒྱུར་ཆེས་དད་ཅིང་བྱང་བ་ཞིག་རེད། སྟབས་མ་ལེགས་པ་ཞིག་ལ་རྒྱུ་རྐྱེན་གང་རུང་གིས་དབང་བས་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་མ་སོང་། འོན་ཏེ་ཁོང་གི་བོད་ཡིག་ཆུ་ཚད་དེང་སང་གི་སློབ་ཆེན་མགོ་ཆེན་ཁ་ཤས་ལས་ལེགས་པ་ཡོད་ལ་ཞིང་ལས་ཀྱི་ཞོར་དུ་བོད་ཡིག་དཔེ་ཆ་བལྟ་རྒྱུར་ཧ་ཅང་ནས་དགའ། ང་ཚོ་ཚང་མར་དམིགས་བསལ་གྱི་བལྟ་བ་ཞིག་ཡོད་པ་ནི་རྒན་ལགས་ཀྱི་སློབ་ཚན་སྐབས་གསལ་བཤད་གནང་བའི་སྡིག་པ་དང་དམྱལ་བ། ལྷ་འདྲེ་མེད་ལ་ཆོས་ལུགས་ནི་རྨོངས་དད་དང་རྗེས་ལུས། རྙེང་ཞེན་བསམ་པ་རེད་ཟེར་བ་དེ་རེད། དེ་ཚོ་ཚང་མ་ནི་རྒན་ལགས་ཀྱི་ང་ཚོར་སློབ་གནང་དང་། ཁོང་གི་ད་དུང་ང་ཚོར་དེ་ཚོ་མེད་པ་དང་མེད་པའི་རྒྱུ་མཚན་ནི། ཁྱོད་ཚོས་སྡིག་པ་མཐོང་བྱུང་ངམ། མཐོང་ན་གང་ན་འདུག ངས་ཚེ་སྲོག་འདི་ཚོར་གནོད་པ་བྱས་ན་དམྱལ་བར་ལྷུང་འདུག་གམ། དམྱལ་བ་གང་ན་འདུག་གསུངས་གི་ཡོད། ད་དུང་ཡི་གི་ཨོཾ་ནི་དོན་གང་ཡང་མེད་པ་རེད། དེས་གང་ཕན་སོང་ངམ། ད་དུང་འདི་ལ་འགྲེལ་བཤད་བྱ་ཐུབ་མཁན་ད་ལྟ་མེད་པ་རེད་གསུངས། མདོར་ན་ཐམས་བཅད་རྗེས་ལུས་ཡིན་པའི་སྒྲུབ་བྱེད་དེ་ང་ཚོའི་རྣ་ལམ་དུ་ཐོས་དུས་འདི་ནི་ངོ་མ་རེད་འདུག སྡིག་པ་དང་དམྱལ་བ་གང་ན་ཡོད་དམ་བསམ་གྱི་ཡོད། སློབ་ཆུང་སྐབས་ནམ་རྒྱུན་གཟའ་མཇུག་ཏུ་ང་དང་གཅེན་པོ་ཁྱིམ་ལ་ལོག་ནས་རྒན་རབས་ཚོ་དང་ལྷག་པར་སྤོ་བོ་ལགས་བོད་ཀྱི་རིག་གནས་ལ་ཧ་ཅང་རྒྱུས་མངའ་ཆེ་བ་ཡིན་ཡང་ང་ཚོས་རྩོད་པ་བྱེད་ཀྱིན་ཡོད། དེ་དུས་གྲྭ་པ་དང་ཨ་ནེ་ཚོར་ཡང་ང་ཚོས་དགག་པ་ནན་པོ་བྱེད། ཐེངས་གཅིག་ང་རང་གི་གཅེན་པོ་ཡུལ་གཞན་ན་སྤུན་མཆེད་ཉེ་པོ་ཡིན་པའི་བླ་མ་གྲགས་ཅན་ཞིག་ཡོད་པའི་ཁྱིམ་དུ་ཆོས་ལུགས་ཀྱི་དུས་ཆེན་ལ་ཕྱིན་པ་རེད། གཅེན་པོས་འཛེམ་མེད་ངང་ཁོང་དང་རྩོད་པ་མ་ཟད་སྡིག་པ་གང་ན་ཡོད་མིན་རྒན་ལགས་ཀྱི་བལྟ་བ་ལྟར་རྩོད་པ་རེད་ཟེར། རྗེས་སུ་གནད་དོན་དེའི་དབང་གི་ངའི་གཅེན་པོ་སྤུན་མཆེད་ཡོངས་ཀྱི་ནང་དུ་སྐད་གྲགས་ཆོད་སོང་། འགའ་རེས་ནི་མ་རབས་དང་ང་ཚོའི་ཕ་མའི་སློབ་གསོ་ཞན་པས་རེད་ཟེར། འགའ་རེས་ནི་ཡ་མཚན་གྱི་མདོག་ཙམ་ལས་གཞན་གང་མི་གསུངས། ང་རང་ཡང་ཁོང་དང་བསམ་བློ་ཁྱད་པར་དེ་ཙམ་མེད་ལ་བྱ་སྤྱོད་ཀྱང་འདྲ་པོ་རེད། གང་ཡིན་ཟེར་ན་ངས་ཐེངས་གཅིག་བླ་མ་ཁོང་ལ་ཐད་ཀར་སྐད་ཆ་བཤད་པས་ངའི་གམ་ན་ཡོད་པའི་རང་གི་རྨོ་བོ་ལགས་ཞལ་སྐྱེངས་པོ་བཟོས་པ་རེད། དེ་ནས་རྗེས་སུ་སྤུན་མཆེད་ཚོ་བླ་མ་མཇལ་བར་ང་རང་གོ་བསྐལ་མེད་པ་རེད། དེར་བརྟེན་གནས་ཚུལ་འདི་རིགས་ལ་དཔྱད་པ་དང་བསམ་གཞིག་ནན་ཏན་ཞིག་བྱ་དགོས་བསམ་གྱི་འདུག ང་རང་ཆུང་དུས་སྐབས་སུ་ཆོས་ལ་འཛིན་པ་ནི་དེ་འདྲའི་ཁྱད་མཚར་ཆེ་བ་ཞིག་རེད། ཕ་མའི་ཤུགས་རྐྱེན་འོག་དེ་ནི་ཆེས་བླ་ན་མེད་པ་ཞིག་དང་རྒན་ལགས་ཀྱི་བཀའ་སློབ་འོག་དེ་ནི་ཆེས་རྗེས་ལུས་དང་རྨོངས་དད་ཅིག་རེད་བསམ། དེ་ལྟར་ཡུན་རིང་འགོར་བའི་རྗེས་སུ་ང་རང་གྲོང་ཁྱེར་ཆེན་པོ་ཞིག་གི་མཐོ་རིམ་སློབ་འབྲིང་ལ་ལོན།

མཐོ་རིམ་སློབ་འབྲིང་ནི་རང་ཉིད་ཆེས་དོན་སྙིང་ལྡན་པའི་སློབ་གྲྭའི་བརྒྱུད་རིམ་ཞིག་ཡིན། དེ་དུས་ང་རང་ལ་ཆེས་བཀུར་བར་འོས་པའི་ཞང་པོ་སྟེ་དགོན་ཆེན་ཞིག་གི་བཀའ་ཆེན་རེད། ཁོང་ལ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་བསྟུད་མར་ཡིག་ཚད་ཚང་མར་ཨང་དང་པོ་དང་དགོན་པའི་ནང་གི་དགེ་བཤེས་ཀྱི་སློབ་དཔོན་རེད། དེར་བརྟེན་ང་རང་ཁོང་ལ་སེམས་དབུས་ནས་དད་པ་དང་ཆོས་ལུགས་བསྐོར་བཀའ་འདྲི་ཞུ་བཞིན་ཡོད། ང་རང་གི་ཆོས་ལ་འཛིན་པའི་ལྟ་བ་དེ་འགྱུར་བ་ཞིག་བྱུང་སོང་ལ་དུས་རྟག་ཏུ་ཁྱིམ་དུ་ཕ་མ་དང་ཆོས་ཀྱི་བསྐོར་རྩོད་པ་མང་པོ་ཡོང་གི་ཡོད། དེ་བས་རྒན་ལགས་ཀྱི་འབྲེལ་བའི་ཆོས་ལུགས་ལྟ་བ་དེར་འགྱུར་བ་ཆེན་པོ་བྱུང་། ཡང་སྙིང་སུ་ཞིག་གི་ཡང་དག་མིན་ད་ལྟ་ཡང་བསམ་བློ་གཏོང་གིན་ཡོད་ལ་རྒན་ལགས་ཀྱི་ང་ཚོའི་ཆེས་རིག་པ་གསལ་དུས་སུ་སློབ་གསོ་འདི་ལྟར་གནང་བར་ཡང་དྲི་རྟགས་ཅིག་མི་འགོད་ཐབས་མེད་རེད། ད་འོ་ན་སུ་ཞིག་གིས་བཟོས་སམ། རྒན་ལགས་ཀྱི་ཤེས་བཞིན་མི་སློབ་པ་རེད་དམ། ཡང་ན། ཆོས་ནི་རྨོངས་དད་སོགས་པ་ཡིན་ནམ། རང་གི་བསམ་པར་རྒན་ལགས་ཀྱི་གསུངས་པ་ལྟར་ཆོས་ལུགས་བསྐོར་གྱི་གནད་དོན་ལ་མི་ཚང་མར་ལན་རེ་ཡོད་ངེས། རྒན་ལགས་ཀྱི་སློབ་གསོ་འདི་ལྟ་བུ་ལ་ང་རང་ཚིག་གཅིག་ཀྱང་ཞུ་མ་ནུས་རུང་དེ་ནི་མི་གཞན་གྱི་བལྟས་ན་ཡ་མཚན་སྐྱེས་དགོས་པ་ཞིག་རེད། ཕྲུ་གུའི་རིག་གནས་གོང་མཐོར་མི་འགྲོ་བར་བསམ་བློ་གཏོང་མི་ཤེས་པའི་གཞན་གྱི་བྲན་གཡོག་ཁྱུ་གཅིག་གསོ་སྐྱོང་གནང་ཉེན་ཆེ། དེ་བས་ན་ཆོས་ལུགས་ཁོ་རང་ལ་སྐྱོན་མེད་ཀྱང་ཆོས་བཤད་མཁན་ཚོ་རང་གི་སྐྱེས་སྟོབས་དང་སྦྱང་པ་དམན་པས་སྐྱོན་དེ་འདྲ་འབྱུང་བཞིན་པ་ཤག་ཤག་རེད། དཔེར་ན་བླ་མ་ཡིན་མདོག་གིས་ཆོས་བཤད་པ་ལས་དོན་དངོས་ཐོག་སྟོན་པ་ངོ་མ་བརྗེད་ནས་རང་ཉིད་སྟོན་པར་བསམ། མང་ཚོགས་དཀྱིལ་དུ་མ་ཤེས་ཀྱས་ཤེས་ཁུལ། མེད་ཀྱང་ཡོད་པར་གསུངས་བ། མ་མཐོང་བཞིན་མཐོང་མདོག འདི་ན་ལྷ་འདུག་དང་ཕ་གི་ན་འདྲེ་འདུག ཐ་ན་འགའ་རེས་ད་ངས་འདྲེ་དེའི་རྐང་པ་དེ་བཅག་པ་ཡིན། རྗེས་སུ་གནོད་པ་མི་ཡོང་ཐག་ཆོད་རེད་ཅེས་ཟེར་བ་འདི་རིགས་ངོ་མ་ངོ་མི་ཚ་བ་ཧ་ཅང་གི་བློ་སྟོབས་ཆེན་པོ་རེད། ད་དུང་འགའ་རེས་རྫུ་འཕྲུལ་ཤེས་ནས་འཕུར་བ་དང་ཡལ་བ། གང་ཞིག་མེད་པའི་ཅ་དངོས་གང་རུང་གསར་དུ་གཏོད་ཚུལ་ནི་ཡི་ཤུའི་ལྷ་དང་འདྲ་པོ་རེད། ནང་པའི་རྟེན་འབྱུང་ཟེར་བ་དེ་ཚོས་ཕལ་ཆེར་ཁས་ལེན་མིན་མི་ཤེས། དེ་ཚོ་ནི་ཆོས་བཤོད་མཁན་ཚོའི་ནོར་འཁྲུལ་ཡིན་པ་ལས་ཆོས་རང་ལ་ནང་འཁྲུལ་གང་ཡང་མེད་པར་བསམ། དོན་དངོས་ཐོག་འདི་རིགས་ནི་ཁྲམ་པ་ཡིན་པ་ལས་ཆོས་པ་ཡིན་མིན་མི་ཤེས།

བྱིས་པའི་སློབ་གསོ་ནི་མི་ཚང་མས་དོ་སྣང་བྱ་དགོས་པའི་དོན་འགངས་ཆེན་ཞིག་བསྙོན་མེད་རེད། འཇར་མན་དང་ཉེ་ཧོང་ལྟ་བུར་མཚོན་ན་སྟོབས་འབྱོར་མངའ་ཐང་རྒྱས་ལ་ཞི་བདེ་དང་ལྡན་པ་ནི་མང་ཆེ་བ་སློབ་གསོའི་ཆུ་ཚད་མཐོ་བས་དེ་ལྟར་བྱུང་། ང་ཚོས་ཕྲུ་གུར་བསམ་བློ་གཏོང་བའི་སྟོང་ཆ་བཀག་ནས་ཁུངས་ལུངས་མེད་པའི་བསླབ་བྱ་མུ་མཐུད་བྱས་ན་ཐ་མ་རང་ཉིད་ཕུངས་བ་ལས་གཞན་ཅི། མི་གཞན་གྱི་དུས་ཐུང་ནང་སྦྱང་ནས་ཤེས་པའི་ཤེས་བྱ་ང་ཚོས་ངེས་པར་དུ་ཀྱག་ཀྱོག་དེ་ཙམ་དུ་རྟེན་དགོས་ན། ཡར་རྒྱས་གོམ་བགྲོད་དལ་པོ་ཡིན་པའི་སྟེང་དུ་འགྱེལ་ཁར་རྡོག་པ་མ་རེད་དམ། མུ་མཐུད་རང་སོར་གནས་ན་ཕྲུ་གུར་ཕན་པ་མེད་པ་ཙམ་ཟད་ཁོང་ཚོ་འགྲོ་བ་མིའི་ཆེས་རྟག་རྒྱུན་གྱི་ཀུན་སྤྱོད་ཀྱང་མེད་པར་འགྲོ་ཉེན་ཆེ།

རང་གི་བསམ་བློ་དང་རིག་པ། ཀུན་སྤྱོད་སྤྱི་ཡོངས་ན་རྗེས་ལུས་ཆེ་བས་རྩོམ་ཡིག་ནང་དུ་དག་ཆ་དང་ལྟ་བ་མི་འགྲིག་པ་ཡོང་ངེས་རེད། རེ་བར་ཀློག་པོ་པོའི་བསམ་ཤེས་ཐོབ་པ་ཤོག ང་རང་ཡང་མུ་མཐུད་དེ་ལྟར་བསམ་བློ་གཏོང་ངེས་ཡིན།