གྲོང་ཁྱེར་ནི་འཛད་སྤྱོད་པ་དང་འཛད་སྤྱོད་བྱེད་ཡུལ་བར་གྱི་འབྲེལ་བའི་སྒྲིག་གཞི་ཞིག་རེད་དེ་སོ་སོའི་འདོད་མོས་གང་ཞིག་དོན་སྨིན་ཡོང་ཆེད་མི་རྣམས་ལས་ཁུངས་དང་སློབ་གྲྭ གླིང་ག ཚོང་ར། དྲ་རྒྱ་ལྟ་བུའི་གྲུ་ཟུར་རེ་རེ་ན་བྲེལ་འཚུབ་དང་ལྷོད་ཡངས། དགའ་སྐྱོ་ཆགས་སྡང་། ཁེ་གྱོང་གི་བརྡ་རྟགས་སྣ་ཚོགས་ཀྱི་བྱེད་པོར་འཁོར་བསྐྱོད་ཀྱི་བགྱི་བ་ལྷུར་བླངས་ནས་འཚོ་གནས་བྱེད་ཀྱིན་འདུག དེ་འདྲའི་བརྙན་རིས་ནང་གི་ཇ་ཁང་དང་ཆང་ཁང་། ཟ་ཁང་། མགྲོན་ཁང་། KTV ནང་མ། ཚོང་ཁང་། ཡུལ་སྐོར་ལྟ་བུར་འཛད་སྤྱོད་པ་ནི་རང་རང་གི་འདོད་མོས་ནང་བཞིན་སྨྱོ་འདུར་རྒྱག་གྱིན་པའི་ཁྲོད་དུ་ཐོབ་ཐང་འཛད་སྤྱོད་པ་ཡིན་པའི་མི་རྣམས་ལ་དམིགས་བསལ་བའི་བཟོ་ལྟ་ཅི་ཞིག་མངོན་རྒྱུ་ཡོད་དམ།

བདག་གིས་སེམས་ཁམས་དང་ན་ཚོད་ཀྱི་དབྱེ་བའི་ཐོག་ནས་འཛད་སྤྱོད་པའི་འཛད་སྤྱོད་ཀྱི་རྣམ་འགྱུར་ལ་དབྱེ་ཞིབ་ཅིག་བྱས་ན་འཛད་སྤྱོད་པའི་སེམས་ཁམས་ཀྱི་ཐོག་ན་ཕོ་ཉ་ཅན་དང་གྲངས་སྟོབས་ཅན། ནང་འཚམ་ཅན། རང་བཞིན་ཅན་གྱི་འཛད་སྤྱོད་བྱེད་སྟངས་རིགས་བཞི་མཆིས་ཏེ་དང་བོ་ཕོ་ཉ་ཅན་གྱི་འཛད་སྤྱོད་པ་ནི་ཨམ་ཕྲག་ནང་གི་སྒོར་མོའི་བཀའ་བཀོད་ནང་བཞིན་ནམ་དེའི་རྣམ་འགྱུར་ལ་བལྟས་ནས་འཛད་སྤྱོད་བྱེད་མཁན་སྟེ་འཛད་སྤྱོད་པ་དེ་རིགས་ཀྱིས་རང་གི་འདོད་པ་དེ་ཨམ་ཕྲག་ནང་གི་སྒོར་མོའི་ངོ་ཁོ་ནར་བལྟས་ནས་མངོན་འགྱུར་ཡོང་དུ་འཇུག་པ་ཡིན་ཞིང་ཅི་ཞིག་འཛད་སྤྱོད་བྱེད་ན་ཡིད་ལ་དྲན་པ་ནི་སྒོར་མོ་ཅི་ཙམ་སོང་ཡོད་མེད་ཉིད་ཅིག་ལས་གཞན་འཛད་སྤྱོད་བྱེད་ཡུལ་དེའི་སྟེང་ནས་བྱུང་བའམ་འབྱུང་རྒྱུའི་ལོངས་སྤྱོད་ཀྱི་ཚོར་བར་དོ་སྣང་མི་བྱེད་པ་ཡིན། དེ་བས་ཁོ་ཚོར་ཕོ་ཉ་ཅན་ཞེས་པའི་མིང་ཞིག་འདོགས་དོན་ཡང་གཙོ་བོ་སྒོར་མོའི་ཕོ་ཉ་རེད་ཅེས་པའི་གོ་དོན་འདི་སྟོན་འདོད་པ་ཡིན། འོ་ན་ཕོ་ཉ་ཅན་གྱི་འཛད་སྤྱོད་པ་ནི་སྒོར་མོ་མི་མང་བའི་འཛད་སྤྱོད་པ་ཞིག་སྟོན་གྱིན་འདུག་པ་རེད་བཞག་སྙམ་ན་ནོར་འཁྲུལ་ཏེ་ཁོ་ཚོའི་ཁྲོད་མེད་པོ་ཡོད་པ་གཞིར་བཞག ཕྱུག་པོ་རྒྱུ་ཅན་ཡང་ཡོད་པ་ཡིན། དེ་ན་ཕོ་ཉ་ཅན་འདིར་སེར་སྣའི་ཕོ་ཉ་ཅན་དང་མེད་པོ་ཕོ་ཉ་ཅན་གཉིས་དབྱེ་བ་ཡིན།

གཉིས་པ་གྲངས་སྟོབས་ཅན་གྱི་འཛད་སྤྱོད་པ་ནི་སྒོར་མོའི་གྲངས་ཀ་མང་རྒྱུ་གཙོ་བོར་འཛིན་པའི་འཛད་སྤྱོད་པ་ཞིག་ཡིན། ཁོ་ཚོས་འཛད་སྤྱོད་བྱེད་བཞིན་པའི་བྱ་དངོས་དེ་ཅི་དང་གང་། བཟང་དང་ངན་གྱི་རྣམ་བཞག་གཙོ་བོར་མི་འཛིན་པར་རང་གི་འདོད་པ་དེ་སྒོར་མོ་ཇི་འདྲའི་མང་བོ་ཞིག་སོང་ཡོད་མེད་དེས་དོན་སྨིན་ཡོང་དུ་འཇུག་པ་ཡིན། འོ་ན་ཁོ་ཚོ་ཚང་མ་ཕྱུག་པོ་ཡིན་ནམ། མིན། དེ་ན་འདིར་རྒྱས་སྤྲོས་དང་བསོད་མོའི་གྲངས་སྟོབས་ཅན་གཉིས་དབྱེ་སྟེ་གཅིག་ནི་སྤྱིར་ཕྱུག་པོ་རྒྱུ་ཅན་ཞིག་མིན་ཡང་འདོད་པ་ག་གེ་མོ་དེ་བསྐུང་ཕྱིར་གྲངས་སྟོབས་ཅན་གྱི་འཛད་སྤྱོད་བྱེད་པ་ཡིན། གཅིག་ནི་སྤྱིར་ཕྱུག་ལ་འཛད་སྤྱོད་བྱེད་སྟངས་ཀྱང་གྲངས་སྟོབས་ཅན་འདམས་མཁན་དེ་ཡིན།

གསུམ་པ་ནང་འཚམ་ཅན་ནི་གཙོ་བོ་སོ་སོའི་འདང་རྒྱག་ཚུལ་དང་འབྲེལ་ནས་ཕྱོགས་གང་ན་རིན་ཐང་ཡོད་རྒྱུ་དམིགས་འབེན་དུ་བཟུང་ནས་འཛད་སྤྱོད་བྱེད་མཁན་ཡིན། ཁོ་ཚོས་ཕྱོགས་གང་ན་རང་ལ་ཕན་ཁེ་ཡོད་མེད་ཁོ་ན་དམིགས་པར་བཟུང་ནས་རང་སེམས་ལ་སོང་རྗེས་རིན་གོང་དུ་དགོས་མིན་ལ་ཁ་ཡ་མི་བྱེད་པར་འཛད་སྤྱོད་བྱེད་པ་ཡིན། འོ་ན་ཁོ་ཚོ་ཚང་མ་བསམ་ཤེས་ཏག་ཏག་ཡིན་ནམ། ངེས་པ་མེད། དེ་ན་འདིར་ཡང་སྐབས་ཐོག་དང་དུས་ཐོག་ནང་འཚམ་ཅན་གཉིས་དབྱེ་བར་བྱ། གཅིག་ནི་དུས་རྒྱུན་དེ་ལྟར་མིན་པར་འཛད་སྤྱོད་ཀྱི་ཁ་གཏད་མི་འདྲ་བས་དེ་ལྟར་བགྱི་མཁན་དང་ཕྱི་མ་ནི་དུས་དང་ཁ་གཏད་ཀྱི་རྣམ་པ་ཀུན་ཏུ་དེ་ལྟར་བྱེད་མཁན་ཡིན།

བཞི་བ་རང་བཞིན་ཅན་ནི་གཙོ་བོ་རང་གི་འདོད་པ་དེ་བསྐུང་ཕྱིར་ཕྱོགས་ཡར་མར་གང་ལའང་བསམ་བློ་མི་གཏོང་བར་འཛད་སྤྱོད་བྱེད་པ་ཡིན། ཁོ་ཚོའི་ཀླད་པར་འདི་འཛད་སྤྱོད་བྱེད་འདོད་སྙམ་པ་དེ་ཁོ་ན་རང་བཞིན་དུ་འཛད་སྤྱོད་བྱེད་པ་རེད། འདིར་ཡང་སྐྱོ་བ་དང་སྤྲོ་བ་རང་བཞིན་ཅན་གཉིས་དབྱེ་རྒྱུ་ཡིན། གཅིག་ནི་སྐྱོ་བའི་དབང་གིས་དེ་ལྟར་དང་གཅིག་ནི་སྤྲོ་བའི་དབང་གིས་དེ་ལྟར་རོ།། ཕོ་ཉ་ཅན་གྱིས་མཚོན་པའི་འཛད་སྤྱོད་བྱེད་སྟངས་འདི་བཞི་ནི་གཙོ་བོ་འཛད་སྤྱོད་པའི་སེམས་ཁམས་མི་འདྲ་བའི་ཐོག་ནས་དབྱེ་བ་ཡིན་ལ་དབྱེ་བ་འདིས་བཟང་ངན་དང་འགྲིག་མིན་གྱི་རྣམ་བཞག་སྟོན་པ་མིན་ཏེ་སོ་སོའི་འཛད་སྤྱོད་བྱེད་སྟངས་དེས་སོ་སོར་རང་གི་འདོད་པ་སྐུང་བ་དང་སྨིན་པའི་དོན་བྱེད་པའི་སྟོབས་ཤིག་ཐོན་གྱིན་ཡོད་པ་ཡིན། ན་ཚོད་ཀྱི་ཐོག་ན་ལོ་ཆུང་དང་དར་མ། ལོ་ལོན་གྱི་འཛད་སྤྱོད་བྱེད་སྟངས་མི་འདྲ་བ་རེ་འདུག

ལོ་ཆུང་ཕལ་ཆེ་བ་ནི་ཁྱིམ་ཚང་གི་འགན་འཁྲི་དང་གཏན་འཇགས་ཀྱི་བྱ་བ་མེད་པའི་མི་ཚོགས་ཡིན། དེ་བས་ཁོ་ཚོར་དེ་མཚུངས་ཀྱི་འཛད་སྤྱོད་བྱེད་སྟངས་ཤིག་ཡོད། ལོ་ཆུང་ཕལ་ཆེ་བས་རང་གི་འདོད་པ་དེ་བསྐུང་ཕྱིར་སྒོར་མོ་དང་རིན་ཐང་ལྟ་བུར་དེ་འདྲ་དོ་སྣང་མི་བྱེད(ཚོང་རའི་དཔལ་འབྱོར་འཁོར་བསྐྱོད་ཁྲོད་དུ་སྒོར་མོ་ལྟ་བུའི་མ་རྩ་མེད་ཆོག་པའི་བརྗེ་རེས་ཤིག་མེད་པས་སྒོར་མོར་འདང་མི་རྒྱག་པར་འཛད་སྤྱོད་བྱེད་ཚུལ་ནི་འཛད་སྤྱོད་བྱེད་ཡུལ་དེ་ལ་དེ་མཚུངས་ཀྱི་རིན་པ་སྟེར་རྒྱུ་མེད་པའམ་མེད་ཀྱང་ཨུ་ཚུགས་ཀྱིས་འཛད་སྤྱོད་བྱེད་པ་མིན་པར་འཛད་སྤྱོད་བྱེད་ཡུལ་དེར་དེ་མཚུངས་ཀྱི་རིན་པ་སྟེར་རྒྱུ་ཡོད་པ་གཞིར་བཞག་སྒོར་མོ་དུ་ཙམ་སོང་བའམ་ཡང་ན་དུ་ཙམ་ལྷག་པ་ལྟ་བུར་གཙོ་ཆེར་དོ་སྣང་མི་བྱེད་པའི་སྣང་ཚུལ་ཞིག་ཡིན)པར་ཐད་ཀ་ཐད་སོར་རང་འདོད་འགྲུབ་པའི་འཛད་སྤྱོད་བྱེད་ལ་ཡང་སྤྱིའི་ཆ་ནས་ལོ་ཆུང་ཚོས་རྩེད་འཇོ་དང་སློབ་སྦྱོང་མཁོ་ཆས་ཀྱི་སྟེང་ལ་འཛད་སྤྱོད་བྱེད་པ་མང་བ་དང་རིན་གོང་མཐོན་པོ་ཅན་གྱི་བྱ་དངོས་འཛད་སྤྱོད་བྱེད་རྒྱུ་ཉུང་བ་ཡིན།

དར་མ་ནི་སྤྱི་ཚོགས་དང་ཁྱིམ་ཚང་གི་སྲོག་ཤིང་ཡིན་པས་ཁོ་ཚོའི་འཛད་སྤྱོད་ནི་ཁྱབ་ཆེ་ལ་གྲངས་མང་བ། སྟོབས་ཆེ་བའི་རང་བཞིན་ཅན་ཡིན། དེ་བས་ཁོ་ཚོ་ནི་འཛད་སྤྱོད་པའི་ཞིང་ཁམས་ཀྱི་འཛད་སྤྱོད་པ་གཙོ་ཤོས་ཡིན།

ལོ་ལོན་མང་ཆེ་བ་རང་ལས་གཞན་པའི་ཆེད་དུ་འཛད་སྤྱོད་བྱེད་པའི་མིི་ཚོགས་ཤིག་ཡིན། དཔེར་ན་རང་གི་བྱིས་པ་དང་ཉེ་དུའི་དགོས་མཁོ་དང་འབྲེལ་ནས་ཁོ་ཚོས་འཛད་སྤྱོད་བྱེད་པ་ལྟ་བུ། སྤྱིར་ལོ་ཆུང་ལ་རང་ལྟེ་བར་འཛིན་པའི་ཤུགས་ཆེ་བ་དང་ལོ་ལོན་ལ་གཞན་ལྟེ་བར་འཛིན་པའི་ཤུགས་ཆེ་ལ་བྱིེས་པ་དང་ལོ་ལོན་གྱི་བརྩེ་འདང་གི་ཤུགས་དར་མ་ལ་བལྟས་ན་མངོན་གསལ་གྱིས་ཆེ་བ་ཡོད། འོན་ཀྱང་འཛད་སྤྱོད་ཀྱིས་མཚོན་པའི་སྟོབས་ཤུགས་དར་མ་ལ་བལྟས་ན་མངོན་གསལ་གྱིས་ཞན་པ་ཡིན།

འཛད་སྤྱོད་ནི་སོ་སོའི་འདོད་པ་ག་གེ་མོ་བསྐུང་བའི་བརྒྱུད་རིམ་ཞིག་རེད། གོང་ནས་སེམས་ཁམས་དང་ན་ཚོད་ཀྱི་རྣམ་པ་མི་འདྲ་བའི་ཐོག་ནས་འཛད་སྤྱོད་པར་དབྱེ་ཞིབ་བྱས་པ་འདི་དག་ནི་རྒྱུན་མཐོང་གི་འཛད་སྤྱོད་བྱེད་སྟངས་ཤིག་ཡིན་པ་ནང་བཞིན་འདི་དག་གིས་འཛད་སྤྱོད་བྱེད་སྟངས་མཚོན་པ་ལས་མི་ཞིག་གིས་གྲངས་སྟོབས་ཅན་ལྟ་བུའི་འཛད་སྤྱོད་བྱས་ཕྱིན་ཁོ་ནི་རྣམ་པ་ཀུན་ཏུ་གྲངས་སྟོབས་ཅན་གྱི་འཛད་སྤྱོད་པ་ཡིན་པའི་གཏན་ཁེལ་དེ་འདྲ་འཇོག་པ་མིན་ལ་ཐུབ་པའང་མིན་ཏེ་འཛད་སྤྱོད་བྱེད་སྟངས་ནི་འཛད་སྤྱོད་བྱེད་ཡུལ་གྱི་ནང་དོན་མི་འདྲ་བ་དང་འཛད་སྤྱོད་བྱེད་པའི་དགོས་པ་མི་འདྲ་བའི་སྟེང་ནས་འཕོ་འགྱུར་བྱེད་པ་ཡིན། ཡང་ན་འཛད་སྤྱོད་ཀྱི་ཁ་གཏད་མི་འདྲ་བར་འཛད་སྤྱོད་བྱེད་སྟངས་མི་འདྲ་བ་གདམ་ཀ་བྱེད་ཆོག་པ་ཞིག་ཡིན།

༢༠༡༤ལོའི་ཟླ༩བའི་ཚེས༡༡ཉིན།