སོག་པོ་སྟག་ཁྲིད་འདི་ལ་ཐོག་མར་ང་ལ་སྒྲུང་གཏམ་ཞིག་ཡོད།  དེ་ཡང་ཕྱི་ལོ་གཅིག་དགུ་དགུ་བཅུ་གོ་བཞི་ལོར་ཕྲན་རང་དབུས་ཀྱི་སེ་ར་ཐེག་ཆེན་གླིང་ན་ཡོད་སྐབས། རྒན་རིན་པོ་ཆེ་ངག་དབང་ཟླ་གྲགས་མཆོག་གིས་ལོ་རྒྱུས་ཀྱི་འཕྲོས་བཤད་ཅིག་ལ།  སོག་པོ་སྟག་ཁྲིད་ཟེར་ཡ་དེ་རྗེ་འབངས་ཉེར་ལྔའི་ནང་གི་གྲུབ་ཐོབ་ཅིག་རེད། ཁོང་གི་མཚན་ལ་ལྷ་དཔལ་ཟེར་གྱི་རེད།  ཁོང་གིས་མི་ཟ་མཁན་གྱི་གཅན་གཟན་སྟག་ཅིག་གི་གཉའ་ནས་བཟུང་སྟེ་སྒོ་ཁྱིའི་ཚུལ་དུ་བཞག་པ་སོགས་གྲུབ་རྟགས་མང་པོ་བསྟན་ཡོད་པ་རེད། ཁོང་སྔོན་མ་ལྕགས་བཟོ་མཁན་མགར་བ་ཞིག་རེད།  སོག་པོ་སོག་པོ་ཟེར་བ་དེ་ཡང་སྔ་མོར་མགར་བའི་མིང་ཡིན་པ་འདྲ།  ཁོང་གི་བླ་མ་དེ་ལ་འཁོན་ལན་སློག་པའི་དགྲ་བོ་ཞིག་ཡོད་ཙང་།  དགྲ་བོ་དེ་འགོག་ཆེད་བླ་མའི་གཟིམ་ཁང་སྒོ་འགྲམ་དུ་སྟག་གི་སྐེ་ལ་ལྕགས་ཐག་བསྐོན་ནས་བཏགས་བཞག་ཡོད་པ་རེད། ཁོང་གྲུབ་ཆེན་ཡིན་པ་ལ་ལྕགས་ཡང་བཟོ་གི་ཡོད་པ་རེད།  ནམ་རྒྱུན་ང་ཚོས་སོག་པོ་སྟག་ཁྲིད་ཟེར་བ་དེ་དེ་རེད།  ཁོ་སྒོ་སྲུང་རེད།  ཨོ་ཧེ།  དེང་སང་དེའི་རི་མོ་མང་ཆེ་བར་སོག་པོའི་མི་རིགས་འདྲ་བོ་ཞིག་བྲིས་འདུག་ག།  སོག་པོ་སྟག་ཁྲིད་ཟེར་ན་སོག་རིགས་ཅིག་ཡིན་རྒྱུ་རེད་བསམ་པས་རེད།  དེ་ཚོ་ནོར་བ་རེད།  གཅིག་བྱས་ན་ལྷ་བཟོས་བས་མ་འཇོན་པ་ཡིན་ནམ་གང་ཤེས། བྲག་ཡེར་བའི་དཀར་ཆག་རྙིང་པ་ཞིག་ཡོད་པ་རེད།  དེའི་ནང་ལ་རྗེ་འབངས་ཉེར་ལྔའི་ལོ་རྒྱུས་དེ་ཚོ་གསལ་བོ་གསལ་རྐྱང་ཡོད་པ་རེད།  ཁྱད་མཚར།  དེའི་ནང་ལ་ཡོངས་གྲགས་ཀྱི་རྗེ་འབངས་ཉེར་ལྔའི་མཚན་དང་མ་འདྲ་བ་འགའ་ཤས་འདུག  དེ་ག་རེ་ཡིན་མིན་མི་ཤེས།    དེང་སང་དེ་ཚོར་དོ་སྣང་བྱེད་མཁན་མི་འདུག་ག།  འོ་དེ་ཚོ་ལོ་རྒྱུས་རེད།  སྤྱིར་ན་ལོ་རྒྱུས་ཟེར་ཡ་དེ་ཧ་ཅང་གལ་ཆེན་པོ་རེད།  ང་ཚོ་བོད་ཀྱི་ལོ་རྒྱུས་ཆུང་ཆུང་དེ་ཚོ་ན་འགྲེལ་ལོག་གད་མོ་འཆོར་དགོས་པ་དེ་འདྲ་ཡོད་རེད། ཇོ་བོ་རྗེའི་རྣམ་ཐར་ན་རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། ཞེས་པ་དེ་ལ་ལྕང་སྐྱ་རིན་པོ་ཆེ་མ་ཕེབས་སྔོན་འགྲེལ་ལོག་ཁྱད་མཚར་དེ་འདྲ་བརྒྱབ་ཡོད་པ། འོ་དེ་འདྲ་རེད། ལོ་རྒྱུས་ལ་དོགས་དཔྱོད་ཡག་པོ་བྱེད་དགོས་པ་རེེད། ལོ་རྒྱུས་ལ་དོགས་དཔྱོད་གནང་སྟངས་དེ་ཚེ་ཏན་ཞབས་དྲུང་གི་གསུང་དེ་ཚོ་དཔེ་ཡག་པོ་འདུག་ག།  མཁས་པ་སྔ་མ་ཚོའི་ལོ་རྒྱུས་བྲིས་སྟངས་དང་མ་འདྲ་བ་ཅིག་འདུག།  དེ་ཚོ་ཉམས་མྱོང་རེད། ཅེས་སོགས་བཀའ་སློབ་རིན་ཐང་བྲལ་བ་མང་པོ་གནང་བྱུང་ཡང་།  ངས་འདི་ནས་ཀློག་མཁན་རྣམ་པར་ངའི་དགེ་རྒན་གྱིས་གསུངས་སོ་ཞེས་གཏན་ཚིགས་སུ་བཀོད་ན་ཁྱེད་ཅག་ལ་ལས་ཧབ་བགད་དང་ལ་ལས་སྣ་ཡང་གཉེར་སྲིད་ལ།  ངས་ཀྱང་དེ་ཙམ་ལ་འཚེར་ནས་ཁུ་སིམ་མེར་བསྡད་ན་ཅུང་ཡིད་ཕངས་པར་ཡང་འདུག་པས།  ད་གཟོད་སྒྲུང་གཏམ་དུ་གླེངས་པ་ལས་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་འགོད་རྩིས་མིན་པས་ན།  བླང་དོར་མ་ནོར་བར་མཛོད་ཅིག

འོན་ཀྱང་བག་ཆགས་དེའི་རྐྱེན་པས་ཡིན་ནམ་གང་ལྟར་ཕྲན་ལ་ནམ་རྒྱུན་སོག་པོ་ལྷ་དཔལ་ལམ་སོག་པོ་སྟག་ཁྲིད་ཀྱི་ཡི་གེ་དང་རི་མོ་དག་མཐོང་བ་ན་དོ་སྣང་བྱེད་པའི་གོམ་སྲོལ་ཞིག་ཆགས་ཡོད།  དེ་ནས་ན་ནིང་རྩོམ་པ་པོ་སྒོ་ཤེར་ལགས་ཀྱིས་སོག་པོ་སྟག་ཁྲིད་ལ་འགྲེལ་ཞིག་བརྒྱབ་ཡོད་ཚུལ་གོ་ཐོས་བྱུང་བས།  ཁོས་ཁུངས་ལྡན་གྱི་ཡིག་ཆ་ཞིག་རྙེད་ཡོད་ན་མ་གཏོགས།  གུང་ཐང་བསྟན་པའི་སྒྲོན་མེས།  གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་སྒྲིམ་ཤིག་ཨང་གསུངས་པ་ལྟར་མི་འགྱུར་རམ་སྙམ་པའི་དོགས་པ་ཞིག་བྱུང་།  རྒྱུ་མཚན་ནི་ད་ལྟ་ང་རང་ཚོར་ཆེས་མཁོ་གལ་ཆེ་བ་ནི་ཆིག་སྒྲིལ་ཉིད་ཡིན་པའི་དུས་འདིར། ལོ་རྒྱུས་དངོས་ལ་བསམ་གཞིག་མ་བཏང་བར་རྫུན་ཚིག་གི་སྒྲོ་བཏགས་ཏེ་མི་རིགས་དང་ཆོས་ལུགས་གྲུབ་མཐའི་བར་ལ་རྣམ་རྟོག་བསླངས་ན། ཕག་ཤ་གསར་བས་དུག་རོ་རྙིང་བ་བསླང་རྐྱེན་ཞིག་མིན་ནམ་སྙམ་པས་ཡིན།

དེའི་ཕྱིར་ནམ་རྒྱུན་གྲོགས་པོ་དག་དང་ལྷན་འཛོམས་སྐབས་དེ་འབྲེལ་གྱི་གླེང་ཕྱོགས་རེ་ཐོན་དུས་ལམ་སང་སྒོ་ཤེར་ཀྱི་བཤད་སྟངས་དེ་མི་འགྲིག་ཚུལ་དང་།  དོན་དངོས་འདི་འདྲ་ཡིན་རབས་སོགས་གསལ་བཤད་མང་པོ་བྱས་མྱོང་ཡོད། དཔེར་ན།  ལྷ་སའི་ནོར་གླིང་ཕོ་བྲང་གི་རིག་གཞུང་སྲུང་སྐྱོབ་ཚན་པའི་སྨྱུག་འཛིན་མཁས་པ་རྒན་འགྱུར་མེད་ཚུལ་ཁྲིམས་ལྟ་བུ་སོགས་རེད། ཁོང་ལ་མཚོན་ན་ཨོ་རྒྱན་སྨིན་གླིང་གི་གྲྭ་བ་རྒན་གྲས་རེད། ཁོང་ཚོས་ཀྱང་སོག་པོ་སྟག་ཁྲིད་དེ་རྗེ་འབངས་ཉེར་ལྔའི་ནང་ཚན་གྱི་སོག་པོ་ལྷ་དཔལ་ཡིན་པ་ལས་སྒོ་ཤེར་གྱི་བཤད་ཚུལ་དེ་འདྲ་གཏན་ནས་མ་རེད་ཟེར། ཁོང་ལ་དེའི་ཕྱོགས་ཀྱི་རྒྱུ་ཆ་འགའ་རེ་ཡོད་ལ་ད་དུང་ཡང་འགའ་རེ་རྙེད་ཚོད་འདུག་པས།  དེ་ཚོ་འཛོམས་ན་དེའི་ཕྱོགས་ཀྱི་རྩོམ་ཡིག་ཅིག་འབྲི་འདུན་ཡོད་རབས་གསུངས་སོང་། ཁོང་ད་ལྟ་ནོང་བུ་གླིང་ག་ན་བཞུགས་བཞིན་པ་རེད། དེ་བཞིན་དུ་ས་སྐྱའི་གཙུག་ལག་ཁང་ནི་ཕྱི་ལོ་༡༢༦༨ལོར་བཞེངས་པ་དང་།  གཙང་པ་སྡེ་སྲིད་ནི་ཕྱི་ལོ༡༦༤༢ལོར་གཏོར་བ་ཡིན་པས་དེ་གཉིས་ཀྱི་བར་ལ་ལོ་༣༧༤ཡོད།  དེས་ན་ས་སྐྱའི་ལྷ་ཁང་དེ་དགུང་ལོ་སུམ་བརྒྱ་དང་བདུན་ཅུ་རྩ་སྟོད་དུ་སླེབས་སྐབས་གཞི་ནས་སྟག་ཁྲིད་ཀྱི་རི་མོ་དེ་རང་གི་མཛེས་རྒྱན་དུ་སྤྲས་སྲིད་དམ།    ས་སྐྱའི་ལྷ་ཁང་ལའང་སྟག་ཁྲིད་ཀྱི་རི་མོ་བྲིས་ཡོད་པ་མངོན་སུམ་ཡིན་པའི་ཕྱིར་ན་དེ་ལས་ལྷག་པའི་བདེན་དཔང་ཞིག་ག་ན་ཡོད།

དེའི་ཕྱིར་ཕྲན་གྱི་རྟོག་ངོར་ཡང་སྒོ་ཤེར་ལགས་ཀྱི་རྩོམ་ཡིག་དེ་མཐོང་ན་ཨ་ལན་ཞིག་འབུལ་དགོས་སྙམ་པའི་རྟོག་པ་ཤར་མྱོང་ཡང་ཆེད་དུ་རྩོལ་བ་ནི་མ་བྱས།  དེ་རིང་དགེ་ཕྲུག་གིས་དྲ་ཐོག་ནས་སྒོ་ཤེར་ལགས་ཀྱི་རྩོམ་དེ་དང་། སྒོ་ཤེར་དང་སོག་པོ་སྟག་ཁྲིད་ཅེས་པའི་རྩོམ་ཐུང་གཉིས་ཀ་བསྐུར་འདུག་པར་ཆ་ཚང་བཀླགས་པ་ཡིན། བསམ་ཡུལ་ལས་འདུས་པ་ཞིག་ལ་སྒོ་ཤེར་ལགས་ཀྱིས་འདི་ཡིན་དང་དེ་མིན་གྱི་གཏན་ཚིགས་ཡང་དག་ཏིལ་འབྲུ་ཙམ་ཡང་སྟོན་རྒྱུ་མེད་པའི་ཁར།  ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིག་མ་བཏང་བར་ནག་ཉེས་ཡོད་ཚད་ཕྱག་མཛོད་བསོད་ནམས་ཆོས་འཕེལ་ཁོ་ནའི་མགོར་དཀྲིས་ཏེ་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བའི་སྣང་ཚུལ་ཞིག་བསྟན་འདུག་ཅིང་།  དེ་ལ་རྩོམ་པ་པོ་ཕྱིར་མིག་ལགས་ཀྱིས་ཁུངས་དང་བཅས་ཏེ་ལན་བསྐྱོན་འདུག་པར་བརྟེན།  ད་ནི་དུག་སྦྲུལ་བསད་པའི་རོ་ལ་ཁྭ་ཏའི་ལྡིང་སྐོར་དེ་མི་འོས་པར་མཐོང་།  ཡིན་ཡང་ད་ལྟའི་ཆར་སྒོ་ཤེར་ཀྱིས་སོག་པོ་སྟག་ཁྲིད་ཀྱི་ལོ་རྒྱུས་དེ་བསྣད་ཟིན་པ་དང་། ཕྱིར་མིག་ལགས་ཀྱི་རྩོམ་དེ་ལ་ཀློག་པ་པོ་མང་པོས་དོགས་སློང་དང་རེ་སྐུལ་སོགས་ཀྱིས་མཐོང་ཆེན་བྱས་འདུག་པས་ན།  དེ་དག་གི་རེ་བ་བསྐང་ཆེད་ཅུང་ཟད་ཞུ་འདོད་བྱུང་།

ནམ་རྒྱུན་མང་པོ་ཞིག་གིས་སོག་པོ་ཞེས་པའི་ཐ་སྙད་འདི་མོང་གོལ་མི་རིགས་ཁོ་ན་ཙམ་མ་གཏོགས་དེ་ལས་གཞན་ལ་བསམ་གཞིག་གཏོང་གི་མེད་ཚོད་རེད།  དེའི་རྐྱེན་པས་སྒོ་ཤེར་ལགས་ཀྱང་ཡིད་ལ་གང་ཤར་ལམ་སང་ཡིག་ཐོག་ཏུ་ཤར་མར་བཀོད་པ་ལས། དེའི་ནང་དོན་དང་རྒྱབ་ལྗོངས་སོགས་ལ་དོགས་དཔྱོད་ནན་མོ་བྱ་རྒྱུར་ཅུང་མ་འདང་བའི་ཞད་ཅིག་འདུག

དེ་ལྟར་ན་ཐོག་མར་ང་ཚོས་ཤེས་དགོས་པ་ཞིག་ནི་སོག་པོ་ཞེས་པའི་ཐ་སྙད་འདིའི་གོ་དོན་ཅི་ཞིག་ཡིན་པ་དེ་རེད།  གོང་དུ་སོང་ཟིན་ལྟར་རྗེ་འབངས་ཉེར་ལྔའི་ནང་ཚན་གྱི་སོག་པོ་ལྷ་དཔལ་ཁོང་མགར་བ་ཞིག་ཡིན་པ་དང་།  སོག་པོ་ཞེས་པ་མགར་བའི་མིང་ཡིན་གསུངས་པ་དེ་ཉིད་ཧ་ཅང་བདེན་པ་རང་དུ་འདུག་སྟེ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ཟེར་བས་བཏོན་པའི་གུ་བཀྲའི་ཆོས་འབྱུང་ཤོག་ངོས་༡༧༢ན།  གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་དེ།  རྟེན་ཁྱིམ་པ་ཡིན། བརྟུལ་ཞུགས་ཀྱིས་གཅན་གཟན་གདུག་པ་ཅན་ཡང་གཉའ་བ་ནས་འཛིན་པར་ནུས་པ་ཞིག་སྟེ།  ལོ་རྒྱུས་རྒྱས་པ་འོག་ཏུ་འཆད་འགྱུར་ལས་ཤེས་སོ།།  ཞེས་གསུངས་པ་ལྟར།  ཆོས་འབྱུང་དེའི་འོག་གི་ཤོག་ངོས་༢༤༥ན། སོག་པོ་ལྷ་དཔལ་ཁོང་གི་ཕ་ཡུལ་ཡར་འབྲོག་ཡིན་པ་དང་། གཅན་གཟན་སྟག་གི་གཉའ་ནས་འཛིན་པའི་རྟུལ་ཕོད་ཅན་ཞིག་ཡིན་པ་དང་།  བླ་མའི་སྐུ་དགྲ་ལན་གསུམ་བཏུལ་བར་གསུངས་ཡོད་པ་སོགས་ལས། སོག་པོ་ནི་མགར་བའི་མིང་ཡིན་པ་དང་། ལྷ་དཔལ་ཁོང་མགར་བ་ཞིག་ཡིན་པས་སོག་པོ་ལྷ་དཔལ་ཟེར་བ་དང་། ཁོང་གིས་གཅན་གཟན་སྟག་གི་སྐེ་ལ་ལྕགས་ཐག་བརྒྱབ་ནས་སྒོ་སྲུང་དུ་བཞག་ཡོད་པ་སོགས་ཕྱོགས་གང་ཐད་ནས་བསམ་གཞིག་བཏང་ནའང་སོག་པོ་སྟག་ཁྲིད་དེ་སོག་པོ་ལྷ་དཔལ་ཡིན་པ་ཐག་གིས་གཅད་ཆོག་པར་སྙམ།

འོ་ན་ང་ཚོ་བོད་པ་རྣམས་ཀྱིས་མོང་གོལ་མི་རིགས་དེ་ལ་སོག་པོ་ཞེས་འབོད་པ་དེ་ཅི་རེད་ཟེར་ན།  འདི་ཡང་གསལ་བོར་ཤེས་དགོས་པ་ཞིག་སྟེ།  དེ་ཡང་གནའ་སྔ་མོར་རྒྱ་ནག་པས་ཞུང་ནུའུ་ཞེས་པའི་རིགས་རྒྱུད་དེ་ལ་ཙོའུ་ཕོ་  阻卜  ཞེས་ངན་མིང་ཞིག་བཏགས་ནས་དེ་ལྟར་འབོད་པ་ལ།  བོད་པས་ཙོའུ་ཕོ་ཞེས་པའི་སྒྲ་དེ་ལྕེ་ཐོག་ཏུ་མ་ལོན་པའམ་མ་འཁྱོངས་པ་ན་རང་ཉིད་ཀྱིས་རིགས་ངན་དུ་རྩི་བའི་ཉམ་ཆུང་མགར་བའི་དངོས་མིང་ལ་སོག་པོ་ཞེས་པ་དེ་འཕྲོགས་ནས་ཙོའུ་ཕོ་མི་རིགས་ལ་བྱིན་པ་ནས་བཟུང་།  བོད་པ་བརྒྱ་ཆའི་དགུ་བཅུས་སོག་པོ་ཞེས་པ་བོད་རང་གི་སྐད་དུ་མགར་བའི་མིང་ཡིན་པ་ཡིད་ཀྱི་དགུ་ལའང་མ་ཤར་སྟབས།  ད་གཟོད།  སོག་པོ་སྟག་ཁྲིད་ཀྱི་ལོ་རྒྱུས་འདི་ལའང་རྙོག་དྲ་འདི་བྱུང་བ་རེད།

དེ་ནས་འགའ་རེས་འོ་ན་རྗེ་འབངས་ཉེར་ལྔ་ལས་སོག་པོ་སྟག་ཁྲིད་ཁོ་ན་འབྲི་དགོས་པའི་རྒྱུ་མཚན་ཅི་རེད་ཅེས་དྲི་བ་ནི་ལོ་རྒྱུས་ཀྱི་འགངས་མ་འཆུན་པའི་རྟགས་ཡིན་ཏེ།  སྟག་ཁྲིད་ཀྱི་རི་མོ་དེ་ནི་མཆོད་བཀུར་གྱི་ཕྱིར་དུ་མིན་པར་སྒོ་བསྲུང་གི་ཆེད་དུ་ཡིན་པ་དང་། སོག་པོ་ལྷ་དཔལ་ཁོང་རང་གི་བླ་མའི་སྐུ་དགྲ་བསྲུང་ཕྱིར་སྟག་གི་སྐེ་ལ་ལྕགས་ཐག་བཏགས་ནས་ཕྱི་དགྲ་བསྲུང་བའི་བརྟུལ་ཕོད་ཅན་འགྲན་ཟླ་མེད་པ་ཞིག་ཡིན་ཙང་།  བོད་འབངས་རྣམས་ཀྱིས་ཀྱང་ཕྱིའི་དགྲ་སོགས་བར་ཆད་བསྲུང་པ་ལ་ཁོང་གི་རྟུལ་ཕོད་ཀྱིས་ཡིད་འཕྲོགས་ཏེ།  ད་གཟོད་སྒོ་སྲུང་དུ་བཞག་པ་ཞིག་སྟེ།  དཔེར་ན།  རྒྱ་ནག་པས་དམག་དཔོན་བཀྭན་ཡོན་ཁྲང་ངམ་སྤྲིན་རིང་རྒྱལ་པོ་སྒོ་བསྲུང་དུ་བཞག་ཡོད་པ་དེ་དང་གཅིག་པ་གཅིག་མཚུངས་རེད་དོ།།  མདོར་བསྡུས་ནས་བཤད་ན། སོག་པོ་སྟག་ཁྲིད་ཀྱིས་ཕྱིའི་དགྲ་གདོན་བགེགས་བར་ཆད་བསྲུང་ཕྱིར་གཅན་གཟན་སྡིག་པ་ཅན་སྟག་དང་བཅས་ཁ་ཕྱི་ལོགས་སུ་འཇིགས་རྔམ་བསྟན་ནས་ཡོད་ལ། གནོད་སྦྱིན་ལག་ན་ལྕགས་ཀྱུ་ཐོགས་པས་གླང་པོ་ཆེ་ལ་ནོར་བུ་བཀལ་ནས་ཕྱིའི་བཀྲ་ཤིས་ཕྱྭ་གཡང་ནང་དུ་འདྲེན་པའི་རྟེན་འབྲེལ་མཚོན་བྱེད་དུ་ཁ་ནང་ལ་ཕྱོགས་ཡོད་པ་རེད་མ་གཏོགས།  མཁས་པ་སྒོ་ཤེར་ལགས་ཀྱིས་བཤད་པ་དེ་འདྲ་རྩ་བ་ནས་རེད་མི་འདུག་པས།  རབ་ཡིན་ན་མཁས་པ་ཁོང་ཡང་གཟུར་གནས་ཤིག་ཡིན་པའི་ཆ་ནས།  བོད་འབངས་སྤྱི་དང་ཡང་སྒོས་སོག་པོ་ལྷ་དཔལ་མཆོག་ལ་ཉེས་པ་ལ་ཉེས་པར་མཐོང་བའི་སྤྱི་བཤགས་ཤིག་འབུལ་ཐུབ་ན་ཧ་ཅང་དགེ་མཚན་ཆེན་པོ་ཡོད་ལས་ཆེ་སྙམ་པ་ནི་ཕྲན་གྱི་རྨོངས་བློར་ཤར་ཚོད་ཙམ་ཡིན་པས་དེ་དོན་དགོངས་འཇགས་ཡོད་ཞུ་ཞུ།

ཞེས་ཕྱི་ལོ་༢༠༡༨ལོའི་བོད་ཟླ༡༠ཚེས༡༠ལ་སྒོ་དམར་དགེ་འདུན་དོན་གྲུབ་ཀྱིས་རེབ་གོང་ནས་ཕུལ།། །།