The Spirit of The Laws
རྩོམ་པ་པོ། མྰང་ཐ་སི་ཕྱིའུ། Montesquieu

མིའི་རིགས་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ཤེས་རིག་གི་བདུད་རྩི། །

སློབ་ཚན་དང་པོ། ཁྲིམས་དང་ཕྱི་དངོས་པོའི་དབར་གྱི་འབྲེལ་བ།

སྤྱིར་ཁྲིམས་ནི་བྱ་དངོས་གང་རུང་གི་ངོ་བོ་ལས་རང་བཞིན་དུ་གྲུབ་པའི་ལྷན་སྐྱེས་ཀྱི་དངོས་པོའམ་བྱ་དངོས་ཕན་ཚུན་བར་གྱི་ནང་ངོས་ཀྱི་འབྲེལ་ཐག་མཚོན་བྱེད་ཀྱི་འབྲས་བུ་ཁྱད་པར་ཅན་ཞིག་ཡིན། ངོ་བོ་འདི་བཞིན་ལྟར་ན་ཕལ་ཆེར་ཁྲིམས་ནི་གང་ལ་ཅེ་ན། འདི་ནི་དངོས་པོའི་ཆོས་ཉིད་ཅིག་ལ་གོ་ན་ཆོག དངོས་པོ་ཚང་མར་སོ་སོའི་ཁྲིམས་ཞིག་ཡོད་ངེས་ཡིན། དཔེར་ན་ལྷ་དབང་རྒྱལ་ཆེན་ལ་མཚོན་ནའང་ཁྲིམས་ཡོད་ལ། དེ་བཞིན་ལྷ་ ཚོགས་དང་སྲོག་ཆགས། མི་བཅས་མདོར་ན་འགྲོ་དྲུག་ཀུན་ལ་རང་གི་ཁྲིམས་རེ་ཡོད། །

སྐྱེ་བོ་འགའ་རེས་ཟེར་ན་འཛམ་གླིང་འདིའི་སྟེང་གི་རིག་བྱེད་དུ་གྱུར་བའི་དངོས་པོ་ཚང་མ་རབ་རིབ་ཀྱི་ལས་དབང་་ཞིག་ལས་བྱུང་བར་་འདོད། སྐད་ཆ་འདི་རིགས་ནི་གཡག་ཞྭ་བས་རྩྭ་ཟ་བ་དང་ཁྱད་བར་མེད། གལ་ཏེ་རབ་རིབ་ཀྱི་ལས་དབང་ལྟ་བུ་ཞིག་ལས་ཤེས་རིག་གི་མྱུ་གུ་འདི་ལྟ་བུ་འབུད་པར་འདོད་ན། དེ་ལས་གླེན་རྟགས་ཚ་བའི་བྱ་བ་ཞིག་ཡོད་མིན་སོམ་ཉིའི་གནས་ཡིན། །

འཇིག་རྟེན་འདིར་རྩ་བའི་ཚད་མ་ཞིག་ཡོད། ཁྲིམས་ལུགས་ནི་ཚད་མ་དེ་དང་བྱ་དངོས་ཚང་མའི་དབར་གྱི་འབྲེལ་ཟམ་ལམ་ཡང་ན་བྱ་དངོས་ཕན་ཚུན་གྱི་ནང་ངོས་ཀྱི་རྐྱེན་ཞིག་ཏུ་ངོས་འཛིན་ཆོག །

ལྷའི་དབང་པོ་ནི་འཛམ་གླིང་འདི་བསྐྲུན་པ་པོ་དང་སྲུང་པ་པོ་ཡིན་པའི་བྱེད་པ་འདིས་འཛམ་གླིང་འདི་དང་ལྷ་དབང་འབྲེལ་རྐྱེན་དུ་གྲུབ། ལྷ་དབང་གིས་ཀྱང་ཆོས་ཉིད་གང་ཞིག་ལ་བརྟེན་ནས་འཇིག་རྟེན་དེ་བསྐྲུན། ཆོས་ཉིད་འདི་ ནི་འདི་ནི་ཁོ་རང་འཇིག་རྟེན་འདི་སྲུང་འཛིན་བྱེད་པའི་རྟེན་གཞི་ཡིན། གང་ལགས་ཤེ་ན། ལྷ་དབང་ཉིད་ཀྱི་བློ་གྲོས་དང་དབང་ཐང་ཡང་ཆོས་ཉིད་དེ་དང་འབྲེལ་རྐྱེན་ངེས་ཅན་ཞིག་ཏུ་གྲུབ། དེར་བརྟེན་ཆོས་ཉེད་གང་མཚམས་ཞིག་ལྷ་དབང་གི་གཏན་ལ་འབེབ་ཐུབ། གཏན་ལ་འབེབས་ཐུབ་པའི་མཐུ་ནུས་ཀྱི་ཆོས་ཉིད་དེར་རྒྱུས་མངའ་ཆེ། རྒྱུས་ལོན་ཆེ་བའི་རྒྱུ་དེ་ཡི་ཁོ་རང་གི་ཆོས་ཉིད་དེ་ལ་བརྟེན་ནས་བྱ་འགུལ་སྤེལ་ནུས་ཡོད་ངེས་ཡིན།

ང་ཚོར་མེད་དུ་མི་རུང་བའི་འཚོ་གནས་ཀྱི་གོ་ལ་འདི་ནི་དངོས་པོའམ་འགུལ་སྐྱོད་གྱི་གོ་ལ་ཞིག་དང། གལ་ཏེ་མིའི་རིགས་དེ་བྱུང་མེད་པའི་དབང་དུ་བཏང་ཡང་འདི་ནི་ངེས་པར་ཡན་གར་གནས་པའི་དངོས་པོ་ཞིག་ཡིན། དེར་བརྟེན་བྱ་དངོས་ལ་ཡང་འགྱུར་མེད་ཀྱི་ཆོས་ཉིད་ཅིག་ཡོད་པ་ནི་འགུལ་སྐྱོད་དོ། དཔེར་ན་དེ་མིན་གྱི་གོ་ལ་གཞན་ཞིག་ཡོད་ཚེ། དེར་ཡང་འགྱུར་མེད་གཏན་འཁེལ་གྱི་ཆོས་ཉིད་ཅིག་ཡོད་ངེས་ཡིན། དེ་མིན་ན་ངེས་པར་དམིགས་མེད་ཀྱི་ལམ་དུ་འཇུག་པ་ལས་གཞན་མེད། །

རྒྱུ་རྐྱེན་འདི་ཡི་ཕྱིར་ན་ལྷ་དབང་གི་འཛམ་གླིང་བསྐྲུན་པ་ནི་མཐོང་ཆོས་སུ་གྱུར་པའི་རང་བཞིན་དུ་གྲུབ་པའམ་ཅི་འགར་གྲུབ་པ་ཞིག་རྩ་བ་ནས་མ་ཡིན་པར་དོན་ངོ་མའི་ཆོས་ཉིད་ཞིག་བཙལ་ཆོག་པ་ཡིན། གལ་སྲིད་ལྷ་དབང་གིས་ཆོས་ཉིད་གང་ལའང་མ་བརྟེན་པར་འཇིག་རྟེན་འདི་ལེགས་པར་བཀོད་བསྒྲིགས་བྱ་བར་འདོད་ན། འདི་ནི་སྔར་ཐོས་ལམ་དུ་མ་གྱུར་བའི་བྱ་བ་ཞིག་རེད། དཔེར་ན་རྒྱལ་པོས་རྒྱལ་ཁབ་ཁྲིམས་ཀྱི་མ་བསྐྱང་ན་ཡང་ད་དུང་རྒྱལ་ཁབ་བསྒྲིག་གཞི་དང་ལྡན་པ་ཟེར་བ་ཡོད་མི་སྲིད་ལ་བསམ་དྲན་ལམ་དུ་འཁོར་བ་ཡང་ཅང་དཀོན། །

མིའི་རིགས་ལ་ཁྲིམས་ལུགས་གསར་བསྐྲུན་བྱེད་ནུས་ཡོད་ཀྱང་ཁྲིམས་ལུགས་འགའ་རེ་ནི་མིའི་རིགས་ཀྱི་བཟོས་པ་མ་ཡིན། འགྲོ་བ་མི་དེ་མ་བྱུང་སྔོན་དུ་སྲོགས་ཆགས་མང་པོ་ཞིག་ཡོད་པ་གསལ་པོ་རེད་ལ། འདི་ཚོ་དང་བྱ་དངོས། གོ་ལའི་སྔར་ཡོད་སྒྲིག་ཁྲིམས་སོགས་ཀྱི་རྒྱུ་རྐྱེན་ལས་ཐ་མ་མི་དེ་བྱུང་བ་རེད། དེའི་ཕྱིར་ན་གདོད་མའི་དུས་ཀྱི་ཁྲིམས་དེ་མིས་བཟོས་པ་ཞིགས་གང་ནས་ཡིན། མིའི་རིགས་བྱུང་རྗེས་སུའང་ཁྲིམས་ལུགས་འགའ་རེ་ནི་མིའི་རིགས་ཀྱི་བཟོས་པ་ཞིག་མ་ཡིན། ཁྲིམས་ལུགས་གཏན་ལ་མ་ཕབ་སྔོན་དུ་སྒྲིག་ལམ་ཀུན་སྤྱོད་ཡོད། ཡིན་ཡང་དེ་ཚོ་ལག་བསྟར་བྱ་བར་རྒྱབ་བརྟེན་མེད། དེར་བརྟེན་དེ་ངེས་པར་དུ་ཁྲིམས་ཀྱི་སྒྲིག་རིམ་དུ་བཅོས་དགོས། དེར་བརྟེན་དོན་དངོས་ཐོག་ཁྲིམས་ཀྱི་སྒྲིག་ལམ་ཅེས་པ་ནི་རྒྱལ་ཁབ་བཙན་པོའི་ཤུགས་ལ་བརྟེན་ནས་ ཁྱབ་སྤེལ་བཏང་བའི་སྒྲིག་ལམ་ཀུན་སྤྱོད་ཞིག་ཏུ་འདོད། གོང་ངོས་ལྟར་ངེས་ན། ཁྲིམས་ནི་འདོད་མའི་དུས་ནས་ཡོད། མིའི་རིག་ས་ཀྱི་ཁྲིམས་སྲོལ་མ་བཟོས་གོང་རང་བྱུང་གི་ཁྲིམས་ཡོད། རང་བྱུང་གི་ཁྲིམས་ཅེས་པ་ནི་དོན་དངོས་ཐོག་སྤྱོད་ལམ་གྱི་བཀག་རྒྱའམ་འཛེམ་བྱ་ཞིག་ཡིན། དཔེར་ན་རང་བྱུང་ཁྲིམས་ཀྱི་ནང་དོན་ནི། སྲོག་མི་་གཅོད་པ་དང་ལོག་པར་མི་གཡེམ་པ། མ་བྱིན་པར་མི་ལེན་པ། འཕྲོག་བཅོམ་མི་འགྱི་བ་ལྟ་བུའོ། མིའི་རིགས་ཀྱི་ཁྲིམས་ལུགས་ནང་གཏན་འཁེལ་བྱས་པའི་ནང་དོན་མང་པོ་ཞིག་ཀྱང་རང་བྱུང་གི་ཁྲིམས་འདི་ཚོ་ལས་བསྒྲིགས་པ་ལས་གང་། དེས་ན་ཁྲིམས་ལུགས་མང་པོ་ཞིག་ནི་ང་ཚོས་བཟོས་པ་གཏན་ནས་མ་ཡིན་པར་དེ་ལས་ལྡོག་ཏེ་རྟོགས་ཞིབ་ཇེ་མང་དང་རིམ་བཞིན་དེ་གཏན་ལ་ཕབ་པ་ཞིག་ལས་མ་འདས། །

འཇིག་རྟེན་མིའི་རིགས་ཀྱི་ཞིང་ཁམས་འདི་དང་དངོས་པོའི་ཞིང་ཁམས་ནི་གཅིག་མཚུངས་ཡིན་ཏེ། རང་རང་སོའི་ཁྲིམས་ལུགས་ཡོད། འོན་ཀྱང་དེས་འདི་གཉིས་ཀྱི་སྒྲིག་ལམ་དེ་སྤུས་ཀ་ཡག་ཞན་གཅིག་མཚུངས་ཡིན་མིན་ར་སྤྲོད་བྱ་མི་ཐུབ། བེམ་གཟུགས་གི་འཇིག་རྟེན་འདི་ཡི་ཁྲིམས་ལུགས་ནི་འགྱུར་མེད་གཏན་འཁེལ་ཞིག་དང་མི་རིགས་ཀྱི་འཇིག་རྟེན་འདིའི་ནང་ཁྲིམས་ལུགས་ནི་རྒྱུན་ཆད་མེད་པར་འགྱུར་འགྲོ་བ་ཞིག་ཡིན། གང་ཡིན་ཟེར་ན་མི་ལ་རང་ཤེད་ཀྱི་རང་བཞིན་ནམ་རང་འདོད་ཀྱི་རང་བཞིན་ཡོད་པ་དེ་ཡི་ཕྱིར་ན་འཇིག་རྟེན་མི་ཡི་ཞིང་ཁམས་ཀྱི་ཁྲིམས་ལུགས་ནི་འགྱུར་མེད་གཏན་དུ་གནས་པ་ཞིག་མིན། །