རྒྱ་གར་རྒྱལ་པོ་ཤྲཱི་ཧརྵ་ནི་སློད་དཔོན་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་སྟེ། སྤྱི་ལོ589ལ་རྒྱ་གར་ནུབ་ཕྱོགས་ཀྱི་མ་རུའི་གྲོང་དུ་སྐུ་འཁྲུངས། བོད་སྐད་དུ་དཔལ་ལྡན་དགའ་བའི་ལྷ་ཞེས་འབོད་ཀྱང་ཡང་ཡིག་ཆ་ཁ་ཤས་སུ་ཤྲཱི་ལ་ཏྱ་སྟེ་ཚུལ་ཁྲིམས་ཉི་མ་ཞེས་འབྲི་སྲོལ་མཆིས།①(ཐང་སན་ལམ་ཡིག་ཏུ་རྒྱལ་པོ་ཚུལ་ཁྲིམས་ཉི་མས་ཐང་སན་བླ་མ་འཇལ་བ་ཞེས་ཕྱི་མ་བཀོད་འདུག)ཡུལ་མིང་ལ་ཀནྱཱ་ཀུབྫའི་ཡུལ་ཞེས་འབོད་དེ་བོད་སྐད་དུ། བུད་མེད་སྒུར་པོའི་གྲོང་ཁྱེར་ཞེས་བྱ་ཞིང་མིང་ཇི་སྐད་དུ་ཐོགས་པར་ཤེས་འདོད་མཁན་ཚོས་«ཐང་སན་ལམ་ཡིག»དང་«རྒྱ་གར་ཆོས་འབྱུང»«དྲིན་གྱི་བུ་ལོན་»སོགས་སུ་ཅུང་ཙམ་མི་འདྲ་བ་ཁ་ཤས་ལས་དོན་དུ་གཅིག་པར་སྣང་བས་དེ་དག་ལ་གཟིགས་མཛོད། “ཡུལ་དེ་ནི་དེའི་ཐ་གྲུ་ལེ་དབར་བཞི་སྟོང་། དབུས་མཁར་གཡས་འགྲམ་གངྒཱ་དང་ཉེ་ཞིང་དཀྲུས་སུ་རྒྱང་གྲགས་ཉི་ཤུ་ལྷག་གོ །རྒྱང་གྲགས་བཞི་ལྔ་ཙམ་དབྱིབས་ནར་མོ་ཀནྱ་ཀུ་བྫ་ཡིན། (ནུབ་བྱང་གི་མཚམས་སུ་རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཡོད་པ། དེའི་ལོགས་སུ་སྟོན་པའི་དབུ་སྐྲ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན་ཀྱང་ཡོད་དོ།། )མཁར་རག་སོགས་སྲ་ཞིང་བརྟན་པ། ཁང་བརྩིགས་དང་ཡང་བརྩིགས་མང་བ། བཟའ་ཤིང་དང་མེ་ཏོག་གི་རིགས་དང་མཚོ་དང་རྫིང་བུ་སོགས་ཤིན་ཏུ་མང་ངོ།།ཡུལ་གཞན་ནས་སྤྱད་པ་ཡ་མཚན་པ་རྣམས་འདུ་ལོང་ཆེ་བ། མི་ཁྱིམ་ཕྱུག་པོ་མང་པོས་གཏམ་པ། ནམ་དབུགས་དང་ས་གཞི་ཚ་གྲང་གཉོམ་པ། སྐྱེ་བོའི་རང་བཞིན་དུལ་ཞིང་འཇམ་པ་གཟུགས་བཟང་བ་ཤས་ཆེ། སྨྲ་བརྗོད་ལ་མཁས་སྙམ་ཆེ་ཞིང་སློབ་གཉེར་ལ་དགའ། ཕྱི་པ་ནང་པ་གཉིས་ལ་དད་པ་མཉམ་པ་གཙུག་ལག་ཁང་བརྒྱ་ལྷག་ཡོད་པ་དགེ་འདུན་ཁྲི་ཕྲག་གཅིག་ལྷག་ཡོད་ཅིང་ཐེག་པ་ཆེ་ཆུང་གཉིས་ཀར་སློབ་བོ།། ཕྱི་པའི་ལྷ་ཁང་ཉིས་བརྒྱ་ལྷག་པར་མུ་སྟེགས་པ་སྟོང་ཕྲག་མང་པོ་གནས་སོ།།”②རྒྱལ་པོ་འདིའི་ཡབ་ས་ར་ཀྱ་ར་བྷ་ར་ན་དང་ཕུ་བོ་མིང་ཧྲི་ཙ་བྷ་ཏ་ན་ཟེར་ཞིང་། ཡབ་ཀྱི་རིང་ལ་ཁྲིམས་ལེགས་པས་ཤར་ཕྱོགས་ཀྱི་རྒྱལ་པོ་ཀྲྀ་ནུ་ཝ་རྣ་སྟེ་གསེར་སྙན་ཅན་ཞེས་པ་ཕྲག་དོག་སྐྱེས་ཏེ་དགའ་སྟོན་ཚུལ་དུ་མགྲོན་དུ་བོས་ནས་དུག་བཀྲོངས་ནས་བཀུམས་སོ། །འབངས་རྣམས་བདག་མེད་དུ་ལུས་པའི་ཚེ་བློན་པཱ་ཎི་ཞེས་པས་གྲོས་བཏོན་ནས་སྲས་ཤྲཱི་ཧརྵ་ཁྲིར་བསྐོས།རྗེས་སུ་ཡབ་དང་ཕུ་བོའི་ཤ་འཁོན་ལེན་པར་བརྩམས་ཏེ་གླང་ཆེན་ལྔ་སྟོང་། རྟ་ཁྲི་ཕྲག་གཉིས། དཔུང་བུ་ཆུང་ཁྲི་ཚོ་གཉིས་བཅས་ལོ་ངོ་དྲུག་གི་རིང་ལ་བཏུལ་བར་མཛད། རྒྱ་གར་གྱི་ཕྱོགས་ལྔ་ཀ་དབང་དུ་བསྡུས། གླང་ཆེན་གྱི་ཚོགས་རྟ་པའི་ཚོགས་ཁྲི་ཕྲག་འབུལ་འཕེལ་བར་གྱུར།

ཤྲཱི་ཧརྵ་ཐོག་མར་མུ་སྟེགས་པ་ཤིག་དང་རྗེས་སུ་ནང་པའི་ཆོས་སྒོར་ཞུགས། ཁོང་གི་སློབ་དཔོན་ནི་ཐང་སན་ཡིན། ཁོང་ལ་བརྟེན་ནས་ནང་པའི་ཆོས་སྒོར་ཞུགས་པར་རྒྱ་གར་རང་གཞུང་འགའ་རེར་གྲགས། འོན་ཏེ།རྒྱ་གར་རྒྱལ་པོ་ཤྲཱི་ཧརྵའི་བཙུན་མོ་དང་བློན་མ་ཏངྒ་རཱ་ཛ་ཤྲཱི་གཉིས་འབྲེལ་བ་ཡོད་པའི་མ་ཉེས་ཁ་ཡོག་ལ་བརྟེན་ཁྲིམས་ཆད་ཕོག་སྟེ་མིག་ཕྱུང་བ་སློབ་དཔོན་ཡོན་ཏན་འོད་ཀྱི་སྨོན་ལམ་བདེན་ཚིག་གི་མཐུས་སོར་ཆུད། རྗེས་སུ་རྒྱལ་པོས་ཀྱང་གསན་པས་དད་པ་སྐྱེས་ཏེ་ནང་པའི་ཆོས་སྒོར་ཞུགས་པ་ནི་ཇོ་ནང་ཏཱ་ར་ན་ཐས་གསུངས། ③ རྒྱ་གར་ཆོས་འབྱུང་ནང་དུ་དེའི་རྗེས་སུ་རྒྱལ་པོ་སྟོབས་ཆེན་དུ་གྱུར་ཏེ། ཀླ་ཀློ་ཐམས་ཅད་མེ་ལ་བསྲེགས། ཐགས་མཁན་བུད་མེད་ཅིག་ཤོར་ནས་རྒྱ་གར་དུ་ཀླ་ཀློའི་ཆོས་དར་བར་བཤད་པ་ལ་མཁས་པའི་དབང་པོ་དགེ་ཆོས་ཀྱིས། ཀུན་གྱིས་རྣ་བར་མི་འགྲོ་བ།། རང་རེའི་རྣ་བར་འགྲོ་བ་ཡིན།། ④ ཞེས་དགག་བཞག་མཛད། སྐབས་འདིར་ཀླ་ཀློ་ཐམས་ཅད་མེ་ལ་བསྲེགས་ཞེས་པ་ནི་སངྒ་ལའི་ཡུལ་གྱི་མཁས་དབང་ཆོས་གྲགས་ཀྱིས་སྨད་འཚོང་མ་བསྟེན་པ་དང་གྲོང་ལྭ་གྱོན་པ་སོགས་བྱས་པས་རྗེས་སུ་ངོ་ཚ་བས་སླད་བསྟན་བཅོས་མང་ཙམ་བརྩམས། བུ་སློབ་མང་ཙམ་བསྐྱངས། དེ་དག་ཐམས་ཅད་བསད་པས་ན་མིང་དེ་ལྟར་ཐོགས་པར་སྐད། ཐང་སན་གྱིས་ནཱ་ལེནྡཱའི་མཁན་པོ་གནང་། རྒྱལ་པོ་འདི་ཉིད་ཀྱང་སྐབས་དེའི་ནཱ་ལནྡཱའི་སྦྱིན་བདག་ཡིན།རྗེས་སུ་ཤ་ཟ་བ་ནི་སྲིན་པོའི་ཚུལ་ལོ་ཞེས་སྲོག་གཅོད་ཀྱི་རྒྱུན་སྤངས་པ་དང་། རྒྱ་གར་གྱི་ཕྱོགས་ལྔ་ཀར་ཤ་མི་ཟ་བའི་ཁྲིམས་བཅས་པ་དང་། མཚོན་ཆ་མ་གཏོགས་ཡོ་བྱད་དང་དངོས་པོ་ཅི་ཡོད་ཀུན་སྦྱིན་པར་བཏང་། གངྒཱའི་འགྲམ་དུ་མཆོད་རྟེན་སྟོང་ཕྲག་དུ་མ་དཔངས་སུ་ཁྲུ་བརྒྱ་རེ་ལྷག་པ་བཞེངས་པ་དང་། ཞལ་ཟས་ཕུལ་དུ་བྱུང་བ་བཤམས་པས་ཐེག་པ་ཆེ་ཆུང་གི་སྡོམ་པའི་དགེ་འདུན་ཁྲི་གཅིག་དང་བྲམ་ཟེ་རིག་བྱེད་པ་ལྔ་བརྒྱ་དང་ཐུན་མོང་དུ་སྤྱོད་དོ།། རྗེས་སུ་བྲམ་ཟེེ་ཞིག་གིས་རྒྱལ་པོའི་སྤྱིལ་བུ་ཞིག་མེ་ལ་བསྲེགས་ནས་རྒྱལ་པོ་གསོད་རྩིས་བྱས་པས་གྲོས་བགྱིས་ཏེ་བྲམ་ཟེ་ལྔ་བརྒྱ་རྒྱ་གར་གྱི་ཁོངས་སུ་མི་གཏོགས་པའི་མཐའ་འཁོར་དུ་སྤྱུགས་སོ།།⑤

རྩོམ་རིག་ངོས་ནས་ཐད་ཀར་བལྟས་ན་ཡང་སྙན་ངག་སོགས་ལ་ཕུལ་དུ་ཕྱིན་པའི་མཁས་པའི་དབང་པོ་གཅིག་སྟེ། ཟློས་གར་གྱི་བསྟན་བཅོས་དགའ་བའི་མཐོང་བ་དང་། རིན་ཆེན་ཕྲེང་བ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱིས་མཚོན་པའི་སྙན་ངག་མང་ཙམ་བྲིས།(གཞན་ད་དུང་དེ་ལས་མང་ཙམ་ཡོད་སྐད།)སྐབས་དེར་མངའ་ཁོངས་ནི་ཁ་ཅིག་གིས། ཤར་རྒྱ་མཚོ་ལ་ཐུག་གི་བར་དང། བྱང་ཁ་བ་ཅན་ནས་ལྷོ་རི་བོ་འབིགས་བྱེད་ལ་ཐུག་གི་བར་དབང་བྱས་པར་གྲགས་ཀྱང་། ཟངས་ཀྱི་གླེགས་བུ་དང་ཐང་སན་ལམ་ཡིག་སོགས་ལ་བལྟས་ན་མངའ་ཁོངས་ནི་ཤིན་ཏུ་ཆུང་བར་གསལ་ཏེ། དྲི་ཟའི་ཡུལ་དེ་དེང་སང་ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཕང་ཀྲུའུ་ཕུའུ་ནས་ཤར་ཕྱོགས་ཀྱི་རྫོང་ཁ་ཤས་ལས་མེད་པར་ངེས་ཀྱང་དབང་གྲགས་རྒྱ་གར་ཡུལ་གང་བོར་ཁྱབ་པ་ཡིན་ནོ།། ⑥རྒྱལ་པོ་འདིའི་རིང་ལ་རྒྱ་ནག་དང་སྐྱེས་འབུལ་བའི་སྲོལ་ཡོད་ཀྱང་། སྤྱི་ལོ་647ལོར་རྒྱ་ནག་གི་ཕོ་ཉ་བ་ཝང་ཞོན་ཚེ་བྱ་བ་རྟ་པ་སུམ་ཅུ་ཙམ་རྒྱ་གར་དུ་འབྱོར་བར་སྐབས་དེར་རྒྱལ་པོ་གྲོངས་ཟིན་པ་དང་། བློན་ཨ་ཛུ་ནའམ་སྲིད་སྒྲུབ་བྱ་བ་ཞིག་གིས་སྲིད་འཕྲོག་ནས་དབང་བསྒྱུར་གྱི་དུད་ནག་ལང་ལོང་དུ་མཆེད་ཀྱིན་པའི་སྐབས་དེར། རྒྱའི་ཕོ་ཉ་བ་རྣམས་བཅོམས་ཤིང་གོང་མས་བསྐུར་བའི་ཆས་དངོས་རྣམས་འཕྲོག་ཅིང་འཁོར་ཕལ་ཆེར་བསད། ཝང་ཞོན་ཚེ་བྱ་བ་ཟླ་བོ་འགའ་དང་བཅས་བལ་བོར་བྲོས་པ་ལས་སྲོང་བཙན་ལ་སྐྱབས་བཅོལ་བས། སྲོང་བཙན་གྱིས་བོད་དམག་ཧྲག་བསྡུས་གོ་མཚོན་ལེགས་པ་ཉིས་བརྒྱ་དང་། བལ་དམག་རྟ་པ་བདུན་སྟོང་དང་བསྡོངས་ནས་རྒྱ་གར་དུ་དམག་དྲངས་ཤིང་ཉིན་གསུམ་ཙམ་ལ་འཐབ་པས་གྲོང་ཁྱེར་གཙོ་བོ་རྣམས་བཟུང་། རྒྱ་གར་གྱི་དམག་མི་སུམ་སྟོང་ཙམ་གྱི་སྐེ་བྲེགས། སྟོང་འགའ་ཆུ་ལ་བསྐྱུར། རྒྱལ་པོ་སྲིད་སྒྲུབ་བཙོན་དུ་བཅུག་ནས་གོང་མར་རྩིས་སྤྲད། ཆིག་ཁྲི་ཉིས་སྟོང་ཙམ་གསོན་པོར་བཟུང་། ཕྱུགས་ཁྲི་ལས་བརྒལ་བ་མནངས་སུ་ཆད། མཁར་གྲོང་བརྒྱ་དང་བརྒྱད་ཅུ་ཆབ་འོག་བཏུལ།

སྤྱི་ལོ1265ནས་བརྩམས་ཏེ་འགྲོ་མགོན་འཕགས་པའི་བཀས་བཀོད་ལྟར་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལོ་ཙཱའི་བྱ་བར་ཞུགས་པ་དང་དགུང་ལོ་བཅུ་དགུ་བཞེས་པ་བལ་བོ་སོགས་སུ་ཕེབས་ནས་སྐད་ཡིག་སྦྱོང་བ་སོགས་བྱས་པ་དང་། དེ་འབྲེལ་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་པ་དང་འཕགས་པས་བསྟོད་བསྔགས་ཀྱང་མཛད་པ་བཀའ་ཤོག་བསྩལ་བའི་ནང་དུ«སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ»ཞེས་པར་སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་ལོག་པར་འགྱུར་བ་དང་རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་པ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ་ཞུས་ཆེན་མཛད་པའི་གླེགས་བམ་དང་ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས་དགེ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས། ⑦ ཞེས་སོགས་ཀྱིས་བསྔགས་པར་མཛད།

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ནི་བོད་ཀྱི་“ཟློས་གར་རྩོམ་རིག་འགྱུར་རྩོམ་ཐོག་མ”ལྟ་བུར་ཆགས་ཡོད་པས་དེ་ལ་དམིགས་བསལ་གྱི་རིན་ཐང་དང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དང་། མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཀྱང་དུས་རབས་བཅུ་བཞི་པ་ནས་བཟུང་བོད་འདིར་གྲགས་ཅན་གྱི་མཁས་པ་ནམ་མཁའི་སྐར་ཚོགས་བཞིན་ཐོན་པ་དང་། རྩོམ་རིག་གི་སྒྱུ་རྩལ་རྒྱ་མཚོའི་རླབས་ཕྲེང་ལྟར་གོང་དུ་འཕྱུར་བ་དེ་དག་ཐམས་ཅད་ཤོང་ལོ་ཙཱ་བའི་མཛད་རྗེས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ནོ་ཞེས་གསུངས་པ་བཞིན་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་ཁྲོད། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱིས་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་པ་ངེས་གཏན་ཡིན། ཟློས་གར་ནི་རྩོམ་རིག་གི་མཛེས་རིས་ཤིག་སྟེ། ཆོས་ལུགས། ཡུལ་སྲོལ། བརྩེ་དུང་། སྙན་ངག འཁྲབ་སྟོན། རོལ་དབྱངས། གླུ་དབྱངས། ཞབས་བྲོ་སོགས་ཀྱིས་མཚོན་པའི་བསྡུས་གཟུགས་ཤིག་ཏུ་ངོས་འཛིན་པ་ཡིན་ལ། དེ་བཞིན་ཐད་ཀར་བལྟས་ན་ཞབས་བྲོ་དང་གླུ་ངག་གི་འགྱུར་བག་ཙམ་དུ་ཟད་མོད་ཀྱི། དོན་དམ་པར་ཟློས་གར་གྱི་གཞུང་ལུགས་ནི་གཏིང་དཔག་དཀའ་བ་ཞིག་ཡིན་པ་དང་། གཞལ་བྱའི་བློ་དང་དཔོག་པའི་ཤེས་རབ་ཀྱང་རྣོ་ངར་ལྡན་པ་ཞིག་དགོས་པ་ལས་ཟློས་གར་གྱི་ངོ་བོ་དང་གཞུང་ལུགས་སོགས་ཀྱི་དོན་དཔག་དཀའ་བས་ཟློས་གར་གྱི་གཞུང་ལུགས་དར་བ་དེ་ཡང་རྩོམ་རིག་ཚད་ངེས་ཅན་ཞིག་ཏུ་སླེབས་པའི་དན་རྟགས་ཤིག་ཏུ་སེམས།

གཞུང་འདི་ནི་འཁྲབ་ཚན་དྲུག་གིས་གྲུབ་པ་ཞིག་ཡིན་ཞིང་། ཚན་པ་རེ་རེར་དྲི་བ་དང་ལན་འདེབས་པའི་མཇུག་བསྐྱངས་ཡོད་ལ་ཚན་པ་རེ་རེའི་སྟེང་དུ་དམིགས་བསལ་གྱི་ཁྱད་ཆོས་སྣ་ཚོགས་ཡོད་དེ། འཁྲབ་ཚན་དང་པོ་དང་གཉིས་པར་རྒྱལ་པོ་སྤྲིན་གྱི་གཞོན་པ་ཙན་དན་ནགས་ཁྲོད་དུ་སྲས་མོ་མ་ལ་ཡ་ཅན་མ་དང་འཕྲད་པས་ཕན་ཚུན་བརྩེ་དུང་གིས་མདུད་རྒྱར་ཚུད་པའི་སྐོར་བྲིས་ཡོད། འཁྲབ་ཚན་དང་པོ་དང་གཉིས་པའི་མགོ་ནས་མཇུག་བར་ཕལ་ཆེར་བརྩེ་དུང་སྙན་རྩོམ་གྱི་བསྡུས་གཟུགས་ཤིག་ཏུ་གྲུབ་ཡོད་ལ་ཀློག་སྤྲོ་ལ་སྙན་ཆ་ལྡན་པའི་ཚིག་གི་འགྱུར་བག་རེ་རེས་སྣང་བརྙན་གསོན་པོར་བསྐྲུན་ཐུབ་ལ། འདི་ཡང་སྒྱུ་རྩལ་གྱི་ཁྱད་འཕགས་ཤིག་སྟེ།

འཁྲབ་ཚན་གསུམ་པ་དང་བཞི་བར་གཉེན་སྟོན་གྱི་གོ་རིམ་དང་མཁའ་ལྡིང་དབང་པོས་ཀླུ་རྣམས་ཟོས་ནས་རུས་པ་རི་བོ་ལྟར་ཡོད་པར་སྤྲིན་གྱི་གཞོན་པ་སྙིང་རྗེ་ཚད་མེད་སྐྱེས་གཞན་སྲོག་སྐྱོབ་པའི་ཕྱིར་དུ་རང་ལུས་མཁའ་ལྡིང་གི་ཟས་སུ་ཕུལ་བའི་གཏམ་རྒྱུད་ཅིག་སྟེ། འདུ་འཛོམས་ནས་གྱེས་བྲལ་དང་། གསོན་པ་ནས་འཆི་བ་དང་། སྙིང་རྗེ་ཚད་མེད་དང་། སེམས་བསྐྱེད་ཀྱི་རྣམ་བཞག་དང་། བྱམས་པ་ཆེན་པོ་སོགས་བསྟན་པས་སྐྱེ་བོ་སུ་གང་གིས་མཐོང་ཕྲལ་གློ་བུར་རང་ལུས་འདར་ཞིང་། ངག་མི་འཁྲོལ་བར་ལུས་ནས་བ་སྤུ་གཡོ་བ་དང་མིག་ནས་མཆི་མ་འཁྲོལ་བ་སོགས་ཀྱིས་མཚོན་པའི་ཀློག་པོར་སྤྲོ་སྣང་དང་དགའ་སྐྱོ་སྣ་ཚོགས་སྟེར་ནུས་པའི་རཚན་པ་ཞིག་ཏུ་གྲུབ། མཛད་པ་ཡ་མཚན་པ་དེ་དག་སྐྱེ་བོ་རང་ག་བའི་བློར་ཆུད་མི་ནུས་པའི་རྒྱུད་རིམ་ཞིག་བྲིས་ཡོད་པ་དང་ཆོས་ལུགས་ཀྱི་རྣམ་བཞག་སྟེ་རྒྱུ་འབྲས། རྟེན་འབྲེལ་སོགས་མང་ཙམ་བྲིས་འདུག

འཁྲབ་ཚན་ལྔ་བ་དང་དྲུག་པ་གཉིས་ཀར་སྤྲིན་གྱི་གཞོན་པའི་ཡབ་ཡུམ་དང་བཙུན་མོ་མ་ལ་ཡ་ཅན་མ་དག་གིས་གཏམ་དེ་ཐོས་ཕྲལ་སྡུག་བསྔལ་གྱི་མུན་པས་ནམ་མཁའ་བསྒྲིབས་ཤིང་། བྱ་རྒྱལ་ཡང་སྤྲིན་གྱི་གཞོན་པའི་སྙིང་སྟོབས་དང་སྦྱིན་གཏོང་ལ་ཡི་རང་དང་། མོས་གུས་སྐྱེས་ཤིང་འགྱོད་གདུང་ཚད་མེད་པ་སྐྱེས་ཏེ་ཕྱིན་ཆད་ཀླུ་རྣམས་ལ་གནོད་པའི་ལས་ཙམ་ཡང་མི་བྱེད་པའི་དམ་བཅས་པ་དང་། ལྷ་མོ་ཨུ་མའི་ནུས་མཐུ་ལ་བརྟེན་སྤྲིན་གྱི་གཞོན་པ་ཡང་བསྐྱར་གསོན་པ་དང་། མཁའ་ལྡིང་དབང་པོས་འཇིག་རྟེན་དུ་བདུད་རྩིའི་ཆར་ཕབས་ནས་སྔར་བསད་ཟིན་པའི་ཀླུ་རྣམས་སླར་གསོན་པ་དང་། ཀླུ་རྣམས་བདེ་ཞིང་སྐྱིད་པར་གྱུར་པ་དང་སྤྲིན་གྱི་གཞོན་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཛད་པའི་གོ་རིམ་ཞིག་བྲིས་ནས་མཇུག་བསྐྱངས་པའི་ཆོས་སྲིད་གཉིས་ཀའི་སྣང་བརྙན་སྣ་ཚོགས་སྟོན་པའི་ཟློས་གར་སྙན་རྩོམ་ཞིག་ཡིན་ལ། གཙོ་བོ་རྒྱུ་འབྲས་ཀྱི་རྣམ་བཞག་སྣ་ཚོགས། བརྩེ་དུང་། སེམས་བསྐྱེད། སྙིང་རྗེ་སོགས་ཀྱིས་མཚོན་པ་ཞིག་ཏུ་གྲུབ་པ་འདི་ཉིད་དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ལཀྵིམ་ཀ་ར་དང་ཤོང་ལོ་ཙཱ་བས་བསྒྱུར་པ་ལགས་སོ།།།།

 

སྤྱི་ལོ2019 ཟླ 1 ཚེས19 མཚན་མོར་བྲིས།

①《 དྲིན་གྱི་བུ་ལོན།》

②ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཐང་སན་ལམ་ཡིག

③ རྒྱ་གར་ཆོས་འབྱུང་།

④མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།

⑤ཐང་སན་ལམ་ཡིག

⑥དྲིན་གྱི་བུ་ལོན།

⑦བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།