དགེ་འདུན་རབ་གསལ།

སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོའི།།

བྱུང་བ་གང་ཡིན་བསྟན་རྩིས་ལས་བཏུས་ཏེ།།

འདས་པའི་ལོ་རྒྱུས་མདོར་ཙམ་ཡིད་ལ་བྱེད།།

བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རྐྱེན་དུ་བསྔོ།།

 

རབ་བྱུང་དང་པོའི་ས་མོ་ཕག་གི་ལོར།།

རྔོག་ལོ་བློ་ལྡན་ཤེས་རབ་འཁྲུངས་ཞེས་གསལ།།

དོལ་པོ་ཤེས་རབ་རྒྱ་མཚོ་འཁྲུངས་པ་དང་།

ཁ་ཅིག་གསང་ཕུ་བཏབ་ཅེས་གླེང་ངོ་ལོ།།

 

རབ་བྱུང་གཉིས་པའི་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་བརྒྱ་དང་བཅུ་དགུ་ཡིན།།

རྒྱ་མ་རིན་ཆེན་སྒང་གི་ལྷ་ཁང་བཏབ།།

རྒྱལ་གྱི་གདན་སར་རྨ་བྱ་རྣར་བ་ཕེབས།།

 

རབ་བྱུང་གསུམ་པའི་ས་མོ་ཕག་གི་ལོར།།

འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས།།

གདན་ས་མཐིལ་གྱི་དགོན་པ་བཏབ་པ་དང་།།

རྒྱལ་ཡེ་གྲགས་དམར་རྒྱལ་གྱི་གདན་སར་ཕེབས།།

 

རབ་བྱུང་བཞི་པའི་ས་མོ་ཕག་ལོ་ནི།།

ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་སོ་དགུ་ཡིན།།

ཟངས་ཚ་འདས་ཤིང་ཕྱག་ན་འཁྲུངས་པ་དང་།།

ཧོར་ལ་མགོ་བཏགས་ཞུས་པའི་ལོ་ཡིན་སྐད།།

 

རབ་བྱུང་ལྔ་པའི་ས་མོ་ཕག་གི་ལོར།།

ས་སྐྱའི་ཏི་ཤྲི་ཀུན་དགའ་བློ་གྲོས་དང་།།

གཡག་སྡེ་པཎ་ཆེན་འཁྲུངས་པའི་ལོ་ལ་འཁེལ།།

ཟ་ར་བདེ་འོད་གཡའ་བཟང་གདན་སར་ཕེབས།།

 

རབ་བྱུང་དྲུག་པའི་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་སུམ་བརྒྱ་ང་དགུ་ཡིན།།

ཙོང་ཁ་པ་ཡིས་དགེ་བསྙེན་སྡོམ་པ་བླངས།།

གཡག་སྡེས་ངོར་གྱི་ཨེ་ཝཾ་བཏབ་ཅེས་གསལ།།

 

རབ་བྱུང་བདུན་པའི་ས་མོ་ཕག་གི་ལོར།།

རྗེ་ནི་དགའ་ལྡན་གནས་སུ་གཤེགས་པ་དང་།།

སེ་ར་དགོན་པ་བཏབ་པའི་ལོ་ལ་འཁེལ།།

རྒྱལ་ཚབ་ཆོས་རྗེ་དགའ་ལྡན་ཁྲི་ལ་ཕེབས།།

 

རབ་བྱུང་བརྒྱད་པའི་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་བཞི་བརྒྱ་དོན་དགུ་ཡིན།།

འགོས་ལོས་དེབ་སྔོན་བརྩམས་པའི་ལོ་ཡིན་ནོ།།

སྐྱིད་ཤོད་སྡེ་པ་བསོད་རྒྱལ་འཁྲུངས་སོ་ལོ།།

 

རབ་བྱུང་དགུ་པའི་ས་མོ་ཕག་གི་ལོར།།

སེ་ར་རྗེ་བཙུན་གོ་ལན་ཤག་ལན་མཛད།།

པཎ་ཆེན་བསོད་གྲགས་རྒྱལ་རབས་རྩོམ་ལ་བྲེལ།།

མི་ཉག་རྡོ་བཟང་དགའ་ལྡན་ཁྲི་ལ་ཕེབས།།

 

རབ་བྱུང་བཅུ་པའི་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་གོ་དགུ་ཡིན།།

དགའ་ལྡན་ཁྲི་པ་དཔལ་འབྱོར་རྒྱ་མཚོ་དང་།།

བླ་ཆེན་གཞན་འགའ་འདས་ཞེས་ཡི་གེར་འཁོད།།

 

རབ་བྱུང་བཅུ་གཅིག་ས་མོ་ཕག་གི་ལོར།།

གྲུབ་ཆེན་ཆོས་པ་རིན་པོ་ཆེ་ཉིད་དང་།།

ས་སྐྱའི་ཨ་མྱེས་འབྲི་གུང་ཆོས་གྲགས་འདས།།

སྟག་མཚེར་བློ་བཟང་དར་རྒྱས་འཁྲུངས་ཞེས་གསལ།།

 

རབ་བྱུང་བཅུ་གཉིས་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་བདུན་བརྒྱ་བཅུ་དགུ་ཡིན།།

ཀློང་རྡོལ་ངག་དབང་བློ་བཟང་འཁྲུངས་པ་དང་།།

ཁྲི་ཆེན་དཔལ་གྲགས་དགའ་ལྡན་ཁྲི་ལ་ཕེབས།།

 

རབ་བྱུང་བཅུ་གསུམ་ས་མོ་ཕག་གི་ལོར།།

པཎ་ཆེན་དཔལ་ཡེ་རྒྱ་ཡི་ཡུལ་དུ་ཕེབས།།

ཁམས་སྤྲུལ་སྙན་འགྲེལ་ཞེས་གྲགས་རྩོམ་པ་པོ།།

བསྟན་འཛིན་ཆོས་ཀྱི་ཉི་མ་གཤེགས་ཞེས་བཤད།།

 

རབ་བྱུང་བཅུ་བཞི་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་སོ་དགུ་ཡིན།།

ཐུའུ་བཀྭན་བཙན་པོ་གླིང་སྤྲུལ་ལ་སོགས་པ།།

བོད་ཀྱི་སྤྲུལ་སྐུ་འགའ་རེ་འཁྲུངས་ཞེས་གསལ།།

 

རབ་བྱུང་བཅོ་ལྔ་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གོ་དགུ་ཡིན།།

ཀིརྟིས་སྔགས་སྡོམ་བརྩམས་ཞེས་ཡི་གེར་འཁོད།།

སྲིད་སྐྱོང་དེ་མོར་དབུ་ཉེས་བྱུང་ངོ་སྐད།།

 

རབ་བྱུང་བཅུ་དྲུག་ས་མོ་ཕག་གི་ལོ།།

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དགུ་ཡིན།།

རྒྱལ་མཆོག་བཅུ་བཞི་འཕགས་པའི་ཡུལ་དུ་ཕེབས།།

བླ་ཆེན་མི་ཆེན་ལྔ་བའི་ལམ་དུ་གཤེགས།།

 

 

ས་མོ་ཕག་གི་ལོ་རྒྱུས་སྙིང་བསྡུས་འདི་ནི། འདི་ག་ཨིན་ཌི་ཡ་ཎ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཁཱ་ར་(György Kara)འམ་རྡོ་རྗེ་ནག་པོ་ཡིས་སོག་པོའི་ལོ་སར་སྐབས་སོག་པོའི་རྒྱལ་རབས་དང་ལོ་རྒྱུས་ཡིག་ཚགས་ཁྲོད་ནས་ལོ་དེའི་གལ་ཆེའི་མཛད་པ་རྣམས་བཏུས་ཏེ་ལོ་སར་ལ་བསུ་བ་བྱེད་པར་མཛད་ཅིང་། དེ་ཉིད་ལ་དཔེར་ལེན་གྱིས་ དགེ་རྒན་ཆེན་མོ་སྤེར་ལིང་(Elliot Sperling)གིས་ཀྱང་སློབ་གྲྭ་ཆེན་མོའི་བོད་ལུགས་ལོ་སར་སྐབས་སུ་ རབ་བྱུང་དང་པོ་ནས་ད་བར་གྱི་ལོ་རེའི་མཛད་པ་འཆད་པའི་སྲོལ་ཞིག་བྱུང་། དེ་དག་ལ་རྗེས་སུ་ཡི་རངས་པ་དང་བཅས་ཕྲན་གྱིས་ལོ་ཤས་རིང་འདི་ལྟ་བུ་ཞིག་བསྡེབས་པ་ཇི་བཞིན། འདི་ལོར་ཡང་བསྟན་རྩིས་ཀུན་བཏུས་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་ལས་བཏུས་ཏེ་བཀོད་པ་དགེའོ།། ས་མོ་ཕག་གི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།  ཚེ་རིང་ནད་དཀོན། བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག། དགེ་འདུན་རབ་གསལ་གྱིས་ལོ་སར་ཚེས་པ་གཅིག་ཉིན་བསྡེབས་པའོ།།