མདོ་སྨད་དུ་དགྱེས་སྟོན་སྐབས་གླུ་ལེན་པ་དང་། ཤགས་འཐེན་པ་དང་། གར་ལ་འགྲོ་དུས་གླུ་བ་གླུ་མ་ཕལ་མོ་ཆེས་རང་གི་ལག་པས་འགྲམ་པ་སྐྱོར་ནས་ལེན་སྲོལ་ཡོད་པ་ཀུན་གྱིས་འདྲ་བརྙན་གང་རུང་ལས་མཐོང་ཡོད་སྲིད། དེ་ནི་ཤིན་ཏུ་བསམ་རིན་ཡོད་པའི་རིག་གནས་སྣང་ཚུལ་ཞིག་སྟེ། བོད་ཀྱི་སྔོན་བྱོན་གྲུབ་ཆེན་དམ་པ་རྣམས་ཀྱིས་ཀྱང་འདི་ལྟར་མགུར་གླུ་བཞེངས་སྲོལ་མཆིས་པ་སྔོན་གྱི་བྲིས་འབུར་དང་ཡིག་ཚངས་རྙིང་པ་རྣམས་ལས་མཇལ་ཐུབ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པ་(1040-1123)ནི་མགུར་གླུ་བཞེངས་མཁན་ཞིག་ཡིན་པས། ང་ཚོའི་མིག་ལམ་དུ་མཇལ་སྐལ་བྱུང་བའི་རྗེ་བཙུན་གྱི་བྲིས་འབུར་ཕལ་མོ་ཆེ་ནི་ཁོང་གིས་ཕྱག་གཡས་པ་སྙན་དྲུང་དུ་བཀོད་ཡོད་པ་རེད། དེ་ལ་མགུར་ལེན་གྱི་ཕྱག་རྒྱ་ཟེར།   ཁོང་གི་དངོས་སློབ་རས་ཆུང་པ་དང་ཞི་བ་འོད། གཞན་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་(1607-1677)དང་ཞབས་དཀར་ཚོགས་དྲུག་རང་གྲོལ་(1781-1851)གཉིས་ཀྱི་བྲིས་འབུར་རྣམས་ཀྱང་འདི་ལྟར་རེད།  སྔོན་བྱོན་དམ་པ་འདི་དག་ནི་ཡུལ་དུས་མི་འདྲ་བར་བྱོན་པ་ཡིན་ཡང་།  རྩ་བའི་ཆ་ནས་འདྲ་ས་ཞིག་ཡོད་པ་ནི་རང་རྒྱུད་ཀྱི་རྟོགས་པ་མགུར་དུ་བཞེངས་པའི་ཉམས་ལེན་པ་འབའ་ཞིག་རེད། དཔེར་ན་ཞབས་དཀར་བའི་མགུར་གླུའི་སྦྱར་བྱང་སོགས་ལ་“རེབ་གོང་གླུ་བ་ཚོགས་དྲུག་རང་གྲོལ་གྱིས་འཇིག་རྟེན་གླུ་བའི་གླུ་ལྟར་དུ་བླངས་”ཞེས་བྲིས་པ་ལྟ་བུའོ། །

བླ་ཆེན་རྣམས་ཀྱི་རྣམ་ཐར་རྣམས་སུ་ཡང་འདི་ལྟའི་གནས་ཚུལ་བཀོད་ཡོད་པ་དཔེར་ན། 《རྗེ་བཙུན་རྒ་ལོ་ཙྪའི་གདུང་རབས་དང་རྣམ་ཐར་གསོལ་འདེབས་》ཀྱི་ཤོག་གྲངས་12ན། “ལག་པས་འབྲམ་(འགྲམ་)པ་སྐྱོར་སྟེ། གླུ་ལེན་ཅིང་མགོ་སེ་ཡེར་རེ་ལ་རྒན་བརྒལ་ནས་སོང་ངོ་། །”ཞེས་དང་། 《གཞུང་བརྒྱ་བ་དངོས་གྲུབ་དཔལ་འབར་གྱི་རྣམ་ཐར་》གྱི་གཏགས་མའི་ཤོག་གྲངས་72སུ། “ཕྱི་དྲོ་མང་ཇ་ཐུན་གཉིས་པ་ཞུ་ལ་ཁད་ཡོད་དུས། རྗེ་ཉིད་གཟིམས་མལ་ནས་ལེགས་པར་བཞེངས། ཕྱག་གཡོན་གྱིས་ཞལ་འགྲམ་སྐྱོར།

ན་མོ་གུ་རུ།

ང་ཡི་བླ་མ་འཇམ་དབྱངས་ཆོས་རྗེ་ཡིན། །

གང་ཤར་སྣང་བའི་ཕྱོགས་འདི་ལ། །

ཡངས་མེད་དུ་ལྟོས་དང་ཨང་། །

ཞེས་མགུར་མ་གསུངས་པའི་ཚེ་་་་” ཞེས་དང་། ཡང་《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་》དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས། ལྕང་སྐྱ་ཚང་གོང་མ་ཆེན་ལུང་(1711-1799)གི་བཀའ་ལྟར་རྒྱལ་དབང་མཆོག་གི་ཡང་སྤྲུལ་འཚོལ་བར་རྒྱ་ནག་པེ་ཅིང་ནས་ཆབ་མདོ་བརྒྱུད་བོད་ཡུལ་དབུས་སུ་ཕེབས་ཤིང་། དེ་དུས་ཁོང་དང་བཅས་པའི་བོད་ཀྱི་བླ་སྤྲུལ་ཆེ་ཁག་གིས་ཕོ་བྲང་པོ་ཏ་ལ་ནས་སྒྲུབ་མཆོད་བཙུགས། ཆོ་ག་ལེགས་པར་གྲུབ་རྗེས་ལྕང་སྐྱ་རིན་པོ་ཆེས་(1717-1786)རང་གི་བླ་མ་དྲན་པའི་གདུང་དབྱངས་ཕྱག་གཡས་ཀྱིས་ཞལ་འགྲམ་སྐྱོར་ནས་བླངས་ཡོད་དེ། རྣམ་ཐར་གྱི་ཤོག་གྲངས་379ན། “སྒྲུབ་མཆོད་ཀྱི་མཇུག་ཏུ་རྗེ་བླ་མ་ཉིད་བཞེངས་ནས་སྤྱན་མི་གསལ་བའི་ཚུལ་མཛད་ཀྱིན་ཡོད་གཤིས་གསེར་གདུང་རིན་པོ་ཆེར་ཕྱག་གིས་ནོམ་ཉུག་མཛད་ཅིང་། ཕ་བསྐལ་བཟང་རྒྱ་མཚོ་(1708-1757)མི་བཞུགས་པ་ཞེས་ཐུགས་ཤིན་ཏུ་སྐྱོ་བའི་གསུང་ཕེབས་ཤིང་། སྤྱན་ཆབ་སྒོ་རེ་བ་དང་བཅས་ཕྱག་གཡས་པ་སྙན་དྲུང་དུ་བཀོད་ནས། སྙན་པའི་གདངས་ཀྱིས་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་མགུར་དུ་བཞེས་པ་ནི་འདི་ལྟར་རོ། །” ཞེས་གསལ་བ་ལྟ་བུ་རེད། གོང་གི་འདྲ་པར་དང་རྣམ་ཐར་འདི་རྣམས་ལས་ང་ཚོས་གཤམ་གྱི་སྣང་ཚུལ་གཉིས་དཔགས་ནུས།

དང་པོ། ལག་པས་འགྲམ་པ་སྐྱོར་ནས་མགུར་ལེན་པའི་སྲོལ་འདི་ནི་སྔ་མའི་ཆར་དབུས་གཙང་ཁམས་གསུམ་དུ་དར་ཡོད་པ་ཤེས་ཐུབ་པར་བསམ་སྟེ། རྗེ་མི་ལ་དང་གཞུང་བརྒྱ་བ་གཉིས་ནི་གུང་ཐང་དང་ས་སྐྱ།  རོང་པ་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ་(1203-1282)ནི་ཡར་འབྲོག  ལྕང་སྐྱ་ཚང་དང་ཞབས་དཀར་པ་གཉིས་ནི་ལེང་ཅུ་དང་རེབ་གོང་ནས་འཁྲུངས་པས་སོ། །

གཉིས་པ། ཞལ་འགྲམ་སྐྱོར་བའི་ཕྱག་གཡས་གཡོན་གཉིས་ལ་ཁྱད་མེད་དེ། གོང་གི་སྐུ་འདྲ་གསུམ་དང་ལྕང་སྐྱ་ཚང་གིས་ཕྱག་གཡས་དང་། གཞུང་བརྒྱ་བའི་རྣམ་ཐར་དུ་ཕྱག་གཡོན་གྱིས་འགྲམ་པ་སྐྱོར་བ་རེད།  རྗེ་མི་ལའི་འབུར་སྐུ་ལ་ཡང་དེ་ལྟའི་སྐྱོར་སྟངས་ཅན་ཡོད་ཅིང་།   རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་སྐུ་འབུམ་ཆེན་མོའམ་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་བང་རིམ་བཞི་པའི་བཀའ་བརྒྱུད་ལྷ་ཁང་ན་བཞུགས་པའི་རྗེ་བཙུན་མི་ལའི་སྨན་སྐུ་ནི་ཕྱག་གཡོན་གྱིས་ཞལ་འགྲམ་སྐྱོར་བ་ཅན་ཡིན་པ་གཤམ་གྱི་པར་ལ་གཟིགས་ན་བདེན་དབང་བྱེད་ནུས།

བོད་ཀྱི་ཉམས་ལེན་པ་ཚོས་མགུར་ལེན་གྱི་ཕྱག་རྒྱ་མཛད་པའི་དགོས་པ་ནི་ཉོན་རྩ་མནན་ནས་ཤེས་རྩ་འཕེལ་དུ་འཇུག་པར་གསུངས། ཡང་འདི་དག་ལ་གཞིགས་ནས་མགུར་ལེན་གྱི་ཕྱག་རྒྱ་མཛད་ནས་མགུར་གསུངས་པ་དང་གླུ་ལེན་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་ལེན་སྲོལ་རྙིང་པ་ཞིག་རེད་ཅེས་ཁོ་བོས་སྡོམ་ཚིག་འགོད་ཁག  དེ་ཅིའི་ཕྱིར་ཞེ་ན། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་གླུ་བ་ཚོ་ལ་ཡང་ལུགས་སྲོལ་འདི་ཡོད་དེ།  སྤྱི་ལོ2018ལོར་ནང་ལོགས་སུ་སྤེལ་བའི་ཀྲུང་གོ་གླུ་མ་རྟའི་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཡུ་གུར་པ་ཨེ་རི་(艾热)ལགས་ཀྱིས་འགྲན་སྡུར་ཐེངས་ཤིག་ལ་གླུ་ལེན་དུས་མགོ་མཇུག་བར་གསུམ་དུ་ལག་པས་འགྲམ་པ་སྐྱོར་ནས་བླངས་པ་དང་། ཡང་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་འཁྲབ་པའི་གློག་བརྙན་གྲགས་ཅན་《ཧི་མ་ལ་ཡ་》ཞེས་པར་བླངས་པའི་གཞས་ཐུང་《Norbu》ཡི་ལེན་མཁན་ཧྥ་རན་སི་པ་རྣམས་ལས་གླུ་བ་གཉིས་ཀྱིས་གོང་བཞིན་བླངས་པ་དེ་ལས་ཀྱང་ཤེས་ཐུབ། (གླུ་དབྱངས་དེའི་བརྙན་ཐུང་གི་འབྲེལ་ཐག་https://v.qq.com/x/page/o0303n1odh8.html་ལ་མནན་ནས་གཟིགས་པར་ཞུ། )

མདོར་ན་འདི་ནི་བོད་ཀྱི་ཡུལ་གྲུ་ཁོ་ན་ཙམ་མིན་པར་ཡུལ་ལུང་སོ་སོར་ཡོད་པའི་གོམས་སྲོལ་ཞིག་ཨེ་ཡིན་སྙམ་པ་དང་། སྒོས་སུ་མགུར་ལེན་གྱི་ཕྱག་རྒྱ་འདི་ལ་གླུ་ལེན་གར་རྩེད་ལ་རམ་འདེགས་ཐུབ་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པས། འདི་ལྟ་བུ་ལ་གླུ་དབྱངས་རིག་པ་སོགས་རིག་ཚན་གཞན་གྱིས་ཞིབ་འཇུག་བྱེད་ཆོག་པར་སྙམ་པ་ནི་ཁོ་བོའི་མཐའ་སྡོམ་མོ། ། ཁོ་བོ་ནི་རོལ་མོའི་ཕྱོགས་ལ་རྒྱུས་མངའ་ཏུལ་ཙམ་ཡང་མེད་པས་ཆེད་ལས་རང་བཞིན་གྱི་དཔྱད་འབྲས་གཏིང་ཐག་ཆོད་པ་ཞིག་འབྲི་མི་ནུས་ཀྱང་།  དཔེ་ཀློག་དང་བསམ་གཞིགས་ལས་རྙེད་པའི་ལྟ་ཚུལ་འདི་རྣམས་ཀུན་གྱི་སྤྱན་སྔར་བཀྲམ་པ་ལགས། འདི་ལ་ནོར་བ་ཅི་མཆིས་ཀུན་གྱིས་དགོངས་འཆར་སྩོལ་རོགས་ཞུ།