ཨར་ནེསྚི་ཧེ་མིང་ཝེས་བརྩམས། རབ་གསལ་གྱིས་བསྒྱུར།

ཁོང་ནི་གྲུ་ཆུང་[1]ཞིག་ཏུ་བསྡད་ནས་ཚ་ཡུལ་གྱི་རྒྱ་མཚོའི་འགྱུ་ཁུག་[2]ཏུ་ཁེར་རྐྱང་གིས་ཉ་རྔོན་པའི་རྒད་པོ་[3]ཞིག་ཡིན་ལ།   ཉ་གཅིག་ཀྱང་མ་ཟིན་པར་ད་ནི་ཉིན་བརྒྱད་ཅུ་གྱ་བཞི་ཕྱིན་ཡོད།    ཐོག་མའི་ཉི་མ་བཞི་བཅུའི་རིང་ལ་བུ་ཆུང་ཞིག་ཁོང་གི་མཉམ་དུ་ཡོད།   ཡིན་ནའང་ཉ་གཅིག་ཀྱང་མ་རྙེད་པར་ཉི་མ་བཞི་བཅུ་ཕྱིན་པའི་རྗེས་སུ།   བུ་ཆུང་གི་ཕ་མ་གཉིས་ཀྱིས་རྒད་པོ་འདི་ད་ནི་མཐའ་མཇུག་ལ་ཏན་ཏན་སཱ་ལའོ་རེད་ཅེས་ཁོ་ལ་བཤད་ཅིང་།   དེ་ནི་རླུང་རྟ་ཆག་པའི་རྣམ་པ་སྡུག་ཤོས་དེ་རེད།   བུ་ཆུང་ཡང་ཁོང་གཉིས་ཀྱི་བཀའ་བཞིན་གྲུ་གཟིངས་གཞན་ཞིག་གི་ནང་དུ་ཕྱིན་པ་དེས་བདུན་ཕྲག་དང་པོའི་ནང་ཉ་བཟང་པོ་གསུམ་འཛིན་ཐུབ་པར་གྱུར།   དེར་བརྟེན་ཉི་མ་རེ་རེ་བཞིན་རྒད་པོ་དེ་གྲུ་ཆུང་སྟོང་པར་ལོག་ཡོང་བ་ལ་བལྟ་རྒྱུ་ལ་བུ་ཆུང་སེམས་སྐྱོ་དགོས་པ་ཞིག་བཟོས་ཤིང་།   བུ་ཆུང་རྟག་ཏུ་མར་ཕྱིན་ནས་རྒད་པོ་ལ་ཐག་འཁྱིལ་དང་ཉ་གཟོང་།    ཉ་མདུང་།   གྲུའི་དར་ཤིང་ལ་བཏགས་པའི་གྲུ་དར་གང་རུང་ཞིག་འཁྱེར་རོགས་བྱས་ཤིང་།   གྲུ་དར་དེ་ནི་གྲོ་ཕྱེའི་སྒྱེ་སྣོད་ཀྱིས་ལྷན་པ་བཏབ་ཅིང་ལྟེབ་ཡོད་ལ།   དེ་ནི་དུས་གཏན་དུ་ཕམ་ཟིན་པའི་དར་ཆ་ཞིག་དང་མཚུངས།

ཁོང་ནི་སྐེ་རྒྱབ་ན་གཉེར་མ་མཐུག་པོར་ཡོད་པའི་རྒད་པོ་སྐམ་ལ་རིད་པ་ཅིག་རེད།    ཁོང་གི་འགྲམ་པའི་ངོས་གཉིས་ལ་འཛམ་གླིང་ཚ་ཡུལ་གྱི་རྒྱ་མཚོ་ལ་ཉི་འོད་ཕོག་པ་ནས་བསྐྱེད་པའི་པགས་པའི་གཉན་ནད་དྲིན་ཆེན་དེའི་སྨུག་མདོག་ཅན་གྱི་ཤ་རྟགས་ཡོད་ལ།   ཤ་རྟགས་དེ་དག་ཁོང་གི་ངོ་གདོང་གི་ངོས་གཉིས་ནས་མར་ཁྱབ་ཅིང་།   ཁོང་གི་ལག་གཉིས་ཀྱི་སྟེང་དུ་ལྗིད་ཆེ་བའི་ཉ་འཛིན་སྐབས་ཉ་ཐག་གིས་བཟོས་པའི་རྨ་ཤུལ་ཆེན་པོ་ཡོད།   ཡིན་ནའང་རྨ་ཤུལ་དེ་དག་ནི་སོས་པ་མིན།   དེ་དག་ནི་ཉ་མེད་བྱེ་ཐང་ཞིག་གི་ས་ཤུར་འགའ་བཞིན་རྙིང་པ་ཡིན།

ཁོང་གི་མིག་འབྲས་གཉིས་མ་གཏོགས་ཡོད་ཚད་རྙིང་པ་ཡིན།   མིག་འབྲས་གཉིས་ལ་རྒྱ་མཚོ་དང་གཅིག་མཚུངས་ཀྱི་མདངས་ཡོད་པ་མ་ཟད།   འཛུམ་མདངས་ཀྱིས་ཁེངས་ཤིང་དང་ཕམ་ཁ་མེད།

“སན་ཊི་ཡ་གོ”  གྲུ་ཆུང་འདོགས་སའི་མཚོ་ངོགས་ནས་ཡར་འགོ་བཞིན་བུ་ཆུང་གིས་དེ་ལྟར་བོས་ཤིང་།   “ང་ཁྱེད་དང་མཉམ་དུ་ཡང་བསྐྱར་འགྲོ་ཐུབ་ཀྱི་འདུགང་ཚོས་དངུལ་ཅུང་ཟད་བཟོས་ཡོད།”ཅེས་བཤད།

རྒད་པོ་དེས་བུ་ཆུང་ལ་ཉ་འཛིན་ཚུལ་བསླབས་ཤིང་བུ་ཆུང་ཁོང་ལ་དགའ།

“མིན” རྒད་པོས་བཤད།   “ཁྱེད་རང་གྲུ་གཟིངས་བསོད་ནམས་ཆེ་བ་ཞིག་དང་ལྷན་དུ་ཡོད།   ད་དེའི་མཉམ་དུ་སྡོད།”

“ཡིན་ནའང་།   ཁྱེད་རང་ལ་ཉ་གཅིག་ཀྱང་མ་ཐོབ་པར་ཉིན་གྲངས་བརྒྱད་ཅུ་གྱ་བདུན་ཕྱིན་པ་དང་།   དེ་ནས་ང་ཚོས་བདུན་ཕྲག་གསུམ་གྱི་རིང་ལ་ཉིན་མ་རེ་རེ་བཞིན་ཉ་ཆེན་པོ་དག་བཟུང་ཚུལ་དེ་དྲན་པར་གྱིས།”

“ངས་དྲན་གྱི་ཡོད།” རྒད་པོས་བཤད་།   “ཁྱེད་རང་ང་ལ་ཐེ་ཚོམ་ཡོད་པའི་རྒྱུ་མཚན་གྱིས་ང་བསྐྱུར་བ་མིན་པ་ཤེས་ཀྱི་ཡོད།”

“ཁྱོད་བསྐྱུར་ནས་ང་འགྲོ་དགོས་པ་བཟོ་མཁན་དེ་ཨ་ཕ་རེད།   ང་བུ་ཆུང་ཞིག་ཡིན་པ་དང་།   ངས་ཁོང་གི་ཁ་ལ་ཉན་དགོས།”

“ངས་ཤེས།” རྒད་པོས་བཤད།   “དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད།”

“ཁོང་ལ་ཡིད་ཆེས་དེ་ཙམ་མི་འདུག་”

“མ་རེད།” རྒད་པོས་བཤད།   “ཡིན་ན་ཡང་ང་ཚོ་ལ་ཡོད།   ང་ཚོ་ལ་ཡོད་པ་མ་རེད་དམ།”

“རེད།” བུ་ཆུང་གིས་བཤད།   “ངས་སྡིངས་ཆའི་ཐོག་ནས་ཁྱེད་ལ་ལྦུ་ཆང་ཞིག་ཕུལ་ཆོག་གམ།   དེ་ནས་ང་ཚོས་ཅ་ལག་རྣམས་ཁྱིམ་ལ་འཁྱེར་འགྲོ”

“ཅིའི་ཕྱིར་མིན།” རྒད་པོས་བཤད།   “ང་ཚོ་ཉ་པ་ནང་ཁུལ་དུ།”

ཁོང་ཚོ་སྡིངས་ཆའི་ཐོག་བསྡད་པ་དང་ཉ་པ་མང་པོས་རྒད་པོ་ལ་རྩེད་མཚར་བྱས་ཤིང་།   རྒད་པོ་ཁོང་ཁྲོ་མ་ལངས།   གཞན་ཚོའི་ཁྲོད་ནས་ཉ་པ་རྒན་པ་ཚོས་ཁོང་ལ་བལྟས་ནས་སེམས་སྐྱོ།   ཡིན་ནའང་སེམས་སྐྱོ་བ་དེ་ཕྱིར་མི་མངོན་པར་བྱས་ནས།   གུས་ཞབས་ཀྱི་ཐོག་ནས་རྒྱ་མཚོའི་རྒྱུ་ཕྱོགས་དང་།   ཁོང་ཚོས་ཉ་ཐག་གཏིང་ཟབ་ས་ལ་གཡུགས་རབས།   འཆར་ཅན་ཡོང་བའི་གནམ་གཤིས་བཟང་པོ།   རང་གིས་ག་རེ་མཐོང་བ་སོགས་ཀྱི་སྐོར་བཤད།   ཉིན་དེའི་ལམ་ལྷོང་ཅན་གྱི་ཉ་པ་རྣམས་ཚུར་ལོག་ཟིན་པ་དང་།   ཁོང་ཚོས་རང་གི་ཉ་མཱར་ལིན་རྣམས་བཤས་ནས་ཤིང་ལེབ་རིང་མོ་གཉིས་ཀྱི་སྟེང་ཁེབས་པར་བསྙལ།   དེ་མི་གཉིས་ཀྱིས་གོམ་པ་འཁྱོར་བཞིན་ཤིང་ལེབ་ཀྱི་སྣེ་གཉིས་ནས་བཀྱགས་ཏེ་ཉ་ཁང་དུ་འཁྱེར་ཞིང་།   དེར་འཁྱག་དར་ཅན་གྱི་རླངས་འཁོར་ལ་སྒུག་སྟེ།   ཧ་ཝ་ནཱ་གྲོང་ཁྱེར་གྱི་ཁྲོམ་ལ་དབོར་གྱི་ཡོད།   ཉ་ཤྲག་བཟུང་བ་ཚོས་མཚོ་འགྲམ་ཕྱོགས་གཞན་གྱི་ཉ་ཤྲག་གི་བཟོ་གྲྭ་ལ་དབོར་ཅིང་།   དེར་ཁོང་ཚོས་གནམ་བཏགས་རྒྱ་མ་ལ་ལྗིད་ཚད་འཇལ་ཅིང་།   དེའི་མཆིན་པ་རྣམས་བཏོན།   གཤོག་པ་རྣམས་བཅད།   པགས་པ་བཤུས་ཏེ།   ཚྭ་ཁུ་ཅན་དུ་བཟོ་ཆེད་ཉ་ཤ་ལེབ་མོར་གཏུབས་ཀྱི་ཡོད།

རླུང་ཤར་ཕྱོགས་ནས་ལངས་སྐབས་ཉ་ཤྲག་གི་བཟོ་གྲྭ་ནས་དྲི་མ་ཞིག་ཐད་ཀར་མཚོ་གྲུའི་ས་ཚིགས་ལ་ཡོང་མོད།   དེ་རིང་དྲི་ངན་གྱི་ཟུར་ཕྲ་མོ་ཞིག་ལས་མི་འདུགགང་ཡིན་ཟེར་ན།   རླུང་དེ་བྱང་ཕྱོགས་ནས་འགག་པ་དང་།   དེ་ནས་ཡལ་བ་རེད་ལ།   སྡིངས་ཆའི་ཐོག་ཉི་འོད་འཚེར་བ་དང་དགའ་སྣང་འཕེལ་བ་ཞིག་རེད།

“སན་ཊི་ཡ་གོ” བུ་ཆུང་གིས་བཤད།

“ཨ།” རྒད་པོས་བཤད།   ཁོས་ཆང་ཕོར་འཛིན་བཞིན་འདས་པའི་ལོ་ཟླ་མང་པོ་ཞིག་ལ་བསམ་བློ་གཏོང་བཞིན་འདུག

“སང་ཉིན་གྱི་ཆེད་དུ་ཁྱེད་རང་ལ་ཉ་ཆུང་སཱར་ཌིན་ལེན་ཆེད་ང་འགྲོ་ཆོག་གམ།” 

“མ་རེད།   ཁྱེད་རང་སོངས་ལ་དབྱུག་པའི་སྤོ་ལོ་རྩེས་དང་།   ངས་ད་དུང་གྲུ་མཚོ་ནང་དུ་འདེད་ཐུབ་ཅིང་།   རཱོ་ཧེལ་ཡོ་ཡིས་དྲ་བ་དེ་ཚོ་ང་ལ་གཡུགས་ཀྱི་རེད།”

“ང་འགྲོ་འདོད་འདུགངས་ཁྱེད་དང་མཉམ་དུ་ཉ་འཛིན་མ་ཐུབ་ན་ཡང་།  ངས་ཁྱེད་ལ་ཞབས་ཞུ་ཞིག་ཞུས་ན་འདོད།”

“ཁྱོད་ཀྱིས་ང་ལ་ལྦུ་ཆང་ཉོས་པ་རེད།”རྒད་པོས་བཤད།   “ཁྱེད་རང་ཕོ་ཁྱོ་ག་ཆགས་ཚར་འདུག”

“ཁྱེད་རང་གིས་ང་མཚོ་གྲུ་ལ་ཐོག་མར་འཁྲིད་སྐབས་ང་ལོ་ག་ཚོད་རེད།”

“ལོ་ལྔ་རེད་ལ།   ངས་ཉ་དེ་བཟུང་མ་ཐག་ནང་དུ་དྲངས་ཡོང་སྐབས་ཁྱེད་རང་གསོད་གྲབས་བྱས་པ་རེད།   ཉ་དེས་གྲུ་ཡང་དུམ་བུར་གཅོག་གྲབས་བྱས་པ་རེད།   ཁྱེད་ཀྱིས་དྲན་སོས་སམ།”

“ངས་མཇུག་མ་ལེབ་མོ་དེ་གཡུགས་ཤིང་བརྡབས་པ་དང་།  རྐུབ་སྟེགས་ཆག་བཞིན་པ།   དབྱུག་པས་རྡེག་པའི་སྒྲ་བཅས་དྲན་སོས་ཀྱི་འདུགཁྱེད་ཀྱིས་ང་ཉ་ཐག་རློན་པ་འཇོག་སའི་གྲུའི་མདུན་ལ་གཡུགས་པ་དང་།   གྲུ་ཡོངས་རྫོགས་འདར་སིག་སིག་བྱས་ལ།   ཁྱེད་ཀྱིས་ཤིང་སྡོང་ཞིག་གཅོད་པ་ལྟར་དབྱུག་པས་ཉ་ལ་རྡེག་པའི་སྒྲ་དང་།   དེ་ནས་ཁྲག་མངར་མོ་ཞིག་གིས་ངའི་གཟུགས་གཞི་ལ་ཁྱབ་པ་དེ་ཡང་དྲན་གྱི་འདུག”

“ཁྱེད་རང་གིས་དངོས་གནས་དེ་ཚོ་དྲན་གྱི་འདུག་གམ།   ཡང་ན་ངས་ཁྱེད་ལ་དེ་ཚོ་བཤད་མ་ཐག་པ་རེད།”

“ངས་འུ་གཉིས་ཐོག་མར་མཉམ་དུ་ཕྱིན་པ་ཚུན་གྱི་དོན་ཚང་མ་དྲན་གྱི་འདུག”

རྒད་པོས་རང་གི་ཉི་མས་བསྲེགས་ཤིང་གདེང་ཚོད་ཅན་གྱི་ཡིད་འོང་མིག་གིས་བུ་ཆུང་ལ་བལྟས།

“ཁྱེད་རང་ངའི་བུ་ཡིན་ན་ངས་ཁྱེད་རང་ཕར་འཁྲིད་ནས་བལྟས་ཆོག” རྒད་པོས་བཤད།   “ཡིན་ན་ཡང་ཁྱེད་རང་ཁྱེད་ཀྱི་ཨ་ཕ་དང་ཨ་མའི་རེད་ལ།   ཁྱེད་རང་གྲུ་བསོད་ནམས་ཅན་ཞིག་གི་ནང་དུ་ཡོད།”

“ངས་ཁྱེད་རང་ལ་ཉ་སཱར་ཌིན་བླངས་ཆོག་གམ།  ངས་ད་དུང་ཁ་འབྲིད་བཞི་གང་ནས་ལེན་ཐུབ་པ་ཡང་ཤེས་ཀྱི་ཡོད།”

“ང་ལ་དེ་རིང་གི་ལྷག་མ་རྣམས་ཡོད།   ངས་དེ་ཚོ་སྒམ་གྱི་ནང་གི་ཚྭའི་ནང་ལ་བཞག་ཡོད།”

“ངས་ཁྱེད་རང་ལ་སོས་པ་བཞི་ལེན་ཆོག”

“གཅིག” རྒད་པོས་བཤད།   ཁོའི་རེ་བ་དང་གདེང་ཚོད་དེ་རྩ་བ་ནས་ཡལ་མི་འདུགད་དུང་མཚོ་རླུང་བསིལ་མ་དང་མཉམ་དུ་ཇེ་གསར་དུ་འགྲོ་བཞིན་འདུག

“གཉིས།” བུ་ཆུང་གིས་བཤད།

“གཉིས།” རྒད་པོས་མོས་མཐུན་བྱས།   “ཁྱེད་རང་གིས་དེ་ཚོ་མ་བརྐུས་སམ།”

“ངས་རྐུ་སྲིད།” བུ་ཆུང་གིས་བཤད།   “འོན་ཀྱང་།   ངས་འདི་ཚོ་ཉོས་པ་ཡིན།”

“ཐུགས་རྗེ་ཆེ།” རྒད་པོས་བཤད།   ཁོང་ལ་སྙོམ་ཆུང་གི་གཤིས་ཀ་དེ་ག་དུས་ཐོབ་ཡོད་མེད་ལ་དོ་སྣང་ཙམ་ཡང་བྱེད་ཀྱི་མེད།   ཡིན་ནའང་ཁོས་རང་ཉིད་ལ་སྙོམ་ཆུང་དེ་ཐོབ་པ་ཡིན་པ་ཤེས་ལ།   དེ་ནི་མི་དགའ་བའི་གནས་ཚུལ་ཞིག་མིན་པ་དང་།   དེས་སྤོབས་པ་ངོ་མ་བོར་མེད་པ་ཡང་ཤེས་ཀྱི་ཡོད།

“མཚོ་ཡི་གཡོ་ཕྱོགས་འདི་ལ་བལྟས་ན།   སང་ཉིན་ནི་ ཉི་མ་ཡག་པོ་ཞིག་ཡོང་གི་རེད།” ཁོང་གིས་བཤད།

“ཁྱེད་རང་གང་དུ་འགྲོ་གི་ཡིན།” བུ་ཆུང་གིས་དྲིས།

“རླུང་གི་གཡོ་ཕྱོགས་བསྒྱུར་སྐབས་ཕྱིར་ལོག་སའི་ཐག་རིང་ཞིག་ལ་འགྲོ་གི་ཡིན།   ནམ་མ་ལངས་པའི་སྔོན་ལ་ཐོན་འགྲོ་གི་ཡིན།”

“ངས་ཁོང་ཐག་རིང་ས་ཞིག་ལ་ལས་ཀ་བྱེད་དུ་འཇུག་པའི་ཐབས་ཤེས་བྱེད་ཀྱི་ཡིན།” བུ་ཆུང་གིས་བཤད།   “དེ་ནས་ཁྱེད་རང་གིས་དངོས་གནས་ཆེན་པོ་ཞིག་བཟུང་བ་ཡིན་ན།   ང་ཚོ་ཡང་ཁྱེད་རང་ལ་རོགས་བྱེད་དུ་ཡོང་ཐུབ།”

“ཁོང་ཧ་ཅང་ཐག་རིང་ས་ཞིག་ལ་ལས་ཀ་བྱེད་དུ་འགྲོ་རྒྱུར་དགའ་བོ་ཡོད་པ་མ་རེད།”

“མ་རེད།” བུ་ཆུང་གིས་བཤད།   “ཡིན་ན་ཡང་།   ངས་ཁོང་གིས་མི་མཐོང་བའི་དོན་དེ་འདྲ་མཐོང་གི་རེད།   དཔེར་ན་བྱ་ཡི་འཕུར་ལྡིང་གི་བྱ་བ་ལྟ་བུ་རེད།    ངས་ཁོང་ཐག་རིང་ས་ཞིག་ལ་ཉ་ཌོལ་ཕིན་འཛིན་ཆེད་ཡོང་དུ་འཇུག”

“ཁོང་གི་མིག་དེ་འདྲའི་སྡུག་པོ་རེད་དམ།”

“ཁོང་ཕལ་ཆེར་ཞ་ར་རེད།”

“དེ་ཡ་མཚན་རེད།” རྒད་པོས་བཤད།   “ཁོང་གིས་རུས་སྦལ་རྔོན་པའི་ལས་ཀ་གཏན་ནས་བྱས་མ་མྱོང་།   དེ་མིག་དབང་གསོད་བྱད་དེ་རེད།” 

“ཡིན་ན་ཡང་ཁྱེད་ཀྱིས་མོ་ཤི་ཀི་ཏོ་[4]མཚོ་ངོགས་ནས་ལོ་མང་རིང་རུས་སྦལ་རྔོན་པའི་ལས་ཀ་བྱས་པ་རེད་མོད་མིག་ཤེས་གསལ་པོ་འདུག”

“ང་རྒད་པོ་ཁྱད་མཚར་ཞིག་ཡིན།”

“ཡིན་ནའང་ད་ལྟ་དངོས་གནས་ཉ་ཆེན་པོ་ཞིག་འཛིན་རྒྱུར་ཁྱེད་རང་ལ་སྟོབས་ཤུགས་འདང་ངེས་ཡོད་དམ།”

“ངས་ཡོད་བསམས་ཀྱི་འདུག་ལ།    ད་དུང་ཐབས་ཇུས་མང་པོ་ཡོད་པ་རེད།”

“ད་ཅ་ལག་རྣམས་ཁྱིམ་ལ་འཁྱེར།” བུ་ཆུང་གིས་བཤད།   “དེ་ལྟར་བྱས་ན་ངས་ཕྱ་རའི་དྲ་བ་བླངས་ནས་ཉ་ཆུང་སཱར་ཌིན་ལེན་དུ་འགྲོ་ཆོག”

ཁོང་ཚོས་གྲུ་གཟིངས་ནས་ཅ་དངོས་རྣམས་བླངས།   རྒད་པོས་དར་ཤིང་ཕྲག་པར་འཁུར་ཞིང་།   བུ་ཆུང་གིས་ཐག་པ་སྨུག་པོ་སུམ་སྐྱ་མཁྲེགས་པོ་བཞག་པའི་སྒམ་དང་།   ཉ་གཟོང་དང་ཉ་མདུང་ཡུ་བ་དང་བཅས་པ་འཁྱེར།   ཁ་འབྲིད་ཅན་གྱི་སྒམ་དེ་ནི་གྲུ་མཇུག་གི་ནང་ངོས་སུ་བཅུག་ཡོད་ལ།   དེ་དང་མཉམ་དུ་ཤིང་གི་དབྱུག་པ་ཞིག་བཞག་ཡོད་པ་དེ་ནི་ཉ་ཆེན་པོ་འཇུས་སྐབས་འཕར་ཤུགས་གཅོག་སླད་བེད་སྤྱོད་བྱེད་པ་རེད།   མི་སུ་ཞིག་གིས་ཀྱང་རྒད་པོའི་ཅ་ལག་མི་རྐུ་མོད།   ཆུའི་བ་མོས་གནོད་ཆེ་བས་ཐག་པ་ལྗིད་པོ་དང་གྲུ་དར་རྣམས་ཁྱིམ་ལ་འཁྱེར་ན་ལེགས་ཤིང་།   ཁོང་གིས་ཀྱང་ཡུལ་མི་ཚོས་ཅ་ལག་དེ་ཚོ་མི་རྐུ་བར་ཤེས་ཡོད།   རྒད་པོས་ཉ་གཟོང་དང་ཉ་མདུང་ཞིག་གྲུའི་ནང་དུ་འཇོག་པ་ནི་དགོས་མེད་ཀྱི་འདོད་རྔམས་ཤིག་རེད་བསམས།

ཁོང་ཚོ་མཉམ་དུ་རྒད་པོའི་ཤིང་ཁང་ལ་ཡར་སོང་ཞིང་སྒོ་ཕྱེས་ཕྱེས་སུ་ཡོད་པ་ནས་འཛུལ།   རྒད་པོས་གྲུ་དར་གྱིས་གཡོགས་པའི་དར་ཤིང་དེ་རྩིག་པ་ལ་སྙེས་ཏེ་བཞག བུ་ཆུང་གིས་སྒམ་དང་དེ་མིན་གྱི་ཅ་ལག་རྣམས་དེའི་འཁྲིས་ལ་བཞགདར་ཤིང་དེ་ཧ་ལམ་ཤིང་ཁང་གི་ཁང་མིག་གཅིག་གི་རིང་ཚད་དང་མཉམ།   ཤིང་ཁང་དེ་ནི་ཤིང་པཱམ་གྱི་ཤིང་ཤུན་མཐུག་པོ་གུའ་ནོ་[5]ཟེར་བ་དེས་བཟོས་ཤིང་།   ཤིང་ཁང་ནང་ལ་ཉལ་ཁྲི་དང་དང་ཅོག་ཙེ།   རྐུབ་སྟེགས་གཅིགཐང་ངོས་སུ་སོལ་བ་བེད་སྤྱོད་ཀྱིས་ཟས་གཡོ་ས་ཞིག་བཅས་ཡོད།   གུའ་ནོ་ཡི་སྐྱ་མཁྲེགས་པོར་སླས་པའི་ལོ་མ་ལེབ་མོ་དང་འབུར་མ་ཅན་གྱི་རྩིག་པ་སྨུག་པོའི་ངོས་སུ།   སྙིང་ཁྲག་འཛགས་པའི་ཚོན་ཁྲ་ཅན་གྱི་ཡེ་ཤུ་དང་ཁོང་གི་ཡུམ་ཝར་ཇིན་གྱི་པར་ཡོད་ལ།   དེ་ནི་ཁོང་གི་ཆུང་མ་འདས་མོའི་དད་རྟེན་རེད།   སྐབས་གཅིག་ལ་དེ་རུ་ཁོང་གི་ཆུང་མའི་པར་ཚོན་ཅུང་འགྱུར་བ་ཞིག་ཡོད་མོད།   ཁོང་གིས་པར་དེ་མར་ཕབ་དགོས་བྱུང་།   གང་ཡིན་ཟེར་ན།   དེས་ཁོང་ལ་ཆེས་ཁེར་རྐྱང་ཡིན་པའི་ཚོར་བ་བྱིན་ཅིང་།   ད་ནི་པར་དེ་ཟུར་གྱི་ཆ་སྟེགས་ཤིག་གི་སྟེང་ཁོང་གི་སྟོད་ཐུང་གཙང་མ་ཞིག་གི་འོག་ལ་བཞག་ཡོད།

“ཁྱེད་ལ་ཟ་རྒྱུ་ཅི་ཞིག་ཡོད།” བུ་ཆུང་གིས་དྲིས།

“འབྲས་སེར་ཁོག་མ་གཅིག་དང་མཉམ་དུ་ཉ་ཤ་ཡོད།  ཁྱེད་རང་གིས་ཅིག་ཟ་འདོད་དམ།”

“མི་དགོས།   ངས་ཁྱིམ་ནས་ཟ་རྒྱུ་ཡིན།   ངས་ཁྱེད་རང་ལ་མེ་གཏོང་དགོས་སམ།”

“མི་དགོས།   ངས་རྗེས་ལ་གཏོང་ཆོགཡང་ན།   ངས་འབྲས་གྲང་མོར་ཟ་རྒྱུ་ཡིན།”

“ངས་ཕྱ་རའི་དྲ་རྒྱ་འཁྱེར་ཆོག་གམ།”

“ལོས་ཆོག”

ཕྱ་རའི་དྲ་རྒྱ་མི་འདུག   དེ་བཙོངས་ཟིན་པ་དེ་བུ་ཆུང་གིས་དྲན།   ཡིན་ནའང་ཁོང་ཚོ་ཉིན་ལྟར་འཁྲུལ་སྣང་འདི་བརྒྱུད་ཀྱི་ཡོད།   ད་དུང་འབྲས་སེར་གྱི་ཁོག་མ་དང་ཉ་ཤ་མེད་ལ།   བུ་ཆུང་གིས་དེ་ཡང་ཤེས་ཀྱི་ཡོད།

“བརྒྱད་ཅུ་གྱ་ལྔ་དེ་ཨང་གྲངས་བཀྲ་ཤིས་པ་ཞིག་རེད།”རྒད་པོས་བཤད།

“ངས་ཉ་ཤ་རྒྱ་མ་སྟོང་ཕྲག་གྱོན་པའི་ཉ་ཆེན་པོ་གཅིག་བཟུང་ནས་འཁྱེར་ཡོང་རྒྱུ་ལ་ལྟ་འདོད་ཅི་ཙམ་ཡོད།”

“ངས་ཕྱ་རའི་དྲ་རྒྱ་བླངས་ནས་ཉ་སཱར་ཌིན་ལེན་དུ་འགྲོ་གི་ཡིན།   ཁྱེད་རང་སྒོ་འགྲམ་གྱི་ཉི་འོག་ལ་སྡོད་ཀྱི་ཡིན་ནམ།”

“ཡིན།   ང་ལ་ཁ་སང་གི་གསར་ཤོག་ཡོད་ལ།   ངས་དབྱུག་པའི་སྤོ་ལོའི་སྐོར་ཀློག་གི་ཡིན།”

བུ་ཆུང་གིས་ཁ་སང་གི་གསར་ཤོག་དེ་ཡང་འཁྲུལ་སྣང་ཞིག་ཡིན་མིན་མ་ཤེས།   ཡིན་ནའང་རྒད་པོས་གསར་ཤོག་དེ་ཉལ་ཁྲིའི་འོག་ནས་བཏོན།

“པཱེ་རི་ཁོ་ཡིས་བོ་དེ་གཱ་[6]ནས་ང་ལ་འདི་སྤྲད་བྱུང་།” རྒད་པོས་འགྲེལ་བཤད་བྱས།

“ང་ལ་ཉ་སཱར་ཌིན་ཐོབ་རྗེས་ལོག་ཡོང་གི་ཡིན།  ངས་ཁྱེད་རང་གི་ཉ་དང་ངའི་ཉ་འཁྱག་དར་གྱི་ནང་མཉམ་དུ་འཇོགཞོགས་པར་ང་གཉིས་ཀྱིས་བགོ་བཤའ་བྱས་ཆོགང་ཚུར་ལོག་ཡོང་དུས་ཁྱེད་ཀྱིས་ང་ལ་དབྱུག་པའི་སྤོ་ལོའི་སྐོར་བཤད་ན་ཆོག”

“ཡཱན་ཀིས་(ཨ་རིའི་བྱང་མིའི་)རུ་ཁག་ཤོར་མི་སྲིད།”

“ཡིན་ནའང་ང་ཁི་ལི་ཝེ་ལན་ཌི་ཡི་ཨིན་ཌིན་ཡན་(ཨ་རིའི་གདོད་མའི་མིའི་)རུ་ཁག་ལ་སྐྲག”

“ཡཱན་ཀིས་རུ་ཁག་ལ་ཡིད་ཆེས་བྱོས་དང་།   ངའི་བུ།   རླབས་ཆེན་གྱི་ཌི་མཱ་ཇའོ་[7]ལ་བསམ་བློ་ཐོངས་དང་།”

“ང་ཌི་ཊོ་རི་ཊི་ཡི་ཊེ་གཱར་(སྟག་གི་)རུ་ཁག་དང་།   ཁི་ལི་ཝེ་ལན་ཌི་ཡི་ཨིན་ཌིན་ཡན་རུ་ཁག་གཉིས་ཆ་ལ་སྐྲག”

“གཟབ་གཟབ་བྱོས་ཨ།   ཁྱེད་རང་ཐ་ན་སིན་སེ་ནེ་ཊེ་ཡི་རེ་ཌི་(དམར་པོའི་)རུ་ཁག་དང་།   ཆི་ཁ་ཀོ་ཡི་ཝའེ་ཊི་སོག་སི་(རྐང་ཤུབ་དཀར་པོའི་)རུ་ཁག་གཉིས་ལ་ཡང་སྐྲག་གི་རེད།”

“ཁྱེད་རང་གིས་དེ་ལ་སློབ་སྦྱོང་བྱས་ནས་ང་ཚུར་ལོག་སྐབས་ང་ལ་ཤོད།”

“ཁྱེད་ཀྱི་བསམ་ཚུལ་ལ་ང་ཚོས་ཨང་མཐའ་བརྒྱད་ཅུ་གྱ་ལྔ་ཅན་གྱི་རྒྱན་ཤོག་ཅིག་ཉོ་དགོས་སམ།   སང་ཉིན་ཉི་མ་བརྒྱད་ཅུ་གྱ་ལྔ་བ་རེད།” 

“ང་ཚོས་དེ་བྱེད་ཐུབ།” བུ་ཆུང་གིས་བཤད།   “ཡིན་ནའང་ཁྱེད་ཀྱིས་སྐད་གྲགས་བཞག་པའི་ཨང་གྲངས་བརྒྱད་ཅུ་གྱ་བདུན་ལ་ཅི་ཞིག་བྱེད།”

“དེ་བསྐྱར་དུ་ཡོང་མི་སྲིད།   ཁྱེད་ཀྱི་བསམ་ཚུལ་ལ།   ཁྱེད་ཀྱིས་བརྒྱད་ཅུ་གྱ་ལྔ་ཞིག་རག་གི་རེད་དམ།”

“ངས་གཅིག་མངགས་ཆོག”

“ཤོག་གུ་གཅིག  དེ་ལ་ཌོ་ལར་གཉིས་དང་ཕྱེད་ཀ་རེད།   ང་ཚོས་དངུལ་དེ་ སུ་ལས་གཡོར་ཐུབ།”

“དེ་ལས་སླ་པོ་རེད།   ངས་ནམ་ཡིན་ཡང་ཌོ་ལར་གཉིས་དང་ཕྱེད་ཀ་གཡོར་ཐུབ།”

“གཅིག་བྱས་ན་ངས་ཀྱང་ཐུབ་ཀྱི་རེད་བསམས་ཀྱི་འདུགཡིན་ནའང་ངས་གཡོར་མི་དགོས་པའི་ཐབས་ཤེས་བྱེད་ཀྱི་ཡོད།   ཐོག་མར་ཁྱེད་རང་གིས་གཡར།   དེ་ནས་སློང་གི་རེད།”

“དྲོན་པོར་བཞུགས་ཨང་།   རྒད་པོ།” བུ་ཆུང་གིས་བཤད།   “ང་ཚོ་ཟླ་དགུ་པའི་ནང་ཡོད་པ་སེམས་ལ་ཟུངས།”

“ཉ་རླབས་ཆེན་ཡོང་དུས་ཀྱི་ཟླ་བ།”རྒད་པོས་བཤད།   “མི་སུ་ཡིན་ཡང་ཟླ་ལྔ་པའི་ནང་ཉ་པ་ཆགས་ཐུབ།”

“ད་ང་ཉ་སཱར་ཌིན་ལེན་དུ་འགྲོ་” བུ་ཆུང་གིས་བཤད།

བུ་ཆུང་ཚུར་ལོག་ཡོང་དུས་རྒད་པོ་རྐུབ་སྟེགས་ཀྱི་སྟེང་གཉིད་ལ་ཤོར་ཡོད་ཅིང་།   ཉི་མ་ནུབ་ཚར།   བུ་ཆུང་གིས་རྒད་པོའི་ཉལ་ཁྲི་ལས་དམག་མིའི་ཉལ་ཆས་རྙིང་པ་ཞིག་ཡོད་པ་དེ་བཏོན་ནས་རྐུབ་སྟེགས་ཀྱི་རྒྱབ་དང་རྒད་པོའི་ཕྲག་པ་ལ་ཁེབས་པར་གཡོགས།   ཕྲག་པ་དེ་ཚོ་ཁྱད་མཚར་ཞིག་རེད།   ཤིན་ཏུ་རྒས་ནས་ཡོད་ནའང་ངར་ཤུགས་ཡོད་ལ།   སྐེ་ཡང་ད་དུང་མཁྲེགས་པོ་རེད།   རྒད་པོ་གཉིད་པའི་སྐབས་འདིར་གཉེར་མ་དེ་ཚོ་ཡང་དེ་ཙམ་མི་གསལ་ལ།   ཁོང་གི་མགོ་དེ་མདུན་ངོས་སུ་ལྷུང་འདུགགྲུ་དར་དང་མཚུངས་པར་ཁོང་གི་སྟོད་ཐུང་ལ་ལྷན་པ་ཐེངས་མ་མང་པོར་བཏབ་ཡོད་ཅིང་།   ལྷན་པ་དེ་རྣམས་ནི་ཉི་འོད་ཕོག་ནས་མདངས་རིམ་པ་མང་པོ་ཞིག་ཏུ་ཡལ་འདུགད་དུང་རྒད་པོའི་མགོ་དེ་ཤིན་ཏུ་རྒས་ཡོད་ཅིང་མིག་འབྲས་གཉིས་ཀྱང་བཙུམས་ཡོད་བརྟེན།   ཁོང་གི་གདོང་ལ་གསོན་པོའི་ཉམས་ཤིག་མི་འདུགགསར་ཤོག་དེ་ཁོང་གི་པུས་མོ་གཉིས་ཀྱི་སྟེང་བཀྲམས་འདུག་ལ།   ཁོང་གི་ལག་ངར་གྱི་ལྗིད་ཀྱིས་གསར་ཤོག་དེ་དགུང་མོའི་བསིལ་རླུང་གི་ནང་ཉར་འདུགཁོང་རྐང་རྗེན་རེད།

བུ་ཆུང་གིས་རྒད་པོ་དེ་རུ་བཞག ཁོང་ཚུར་ལོག་ཡོང་དུས་རྒད་པོ་ད་དུང་གཉིད་ནས་འདུག

“ཡར་ལོངས་དང་རྒད་པོ།” བུ་ཆུང་གིས་རང་གི་ལག་པ་རྒད་པོའི་པུས་མོ་གཅིག་གི་སྒང་ལ་བཞག་ནས་བཤད།   

རྒད་པོས་མིག་ཕྱེས།   ཡུན་གཅིག་ལ་ཁོང་ཐག་རིང་བའི་ཕྱོགས་ཤིག་ནས་ཚུར་ལོག་ཡོང་གི་འདུགདེ་ནས་ཁོང་འཛུམ།

“ཁྱེད་རང་ལ་ག་རེ་རག་སོང་།” ཁོས་དྲིས།

“དགུང་ཟས།” བུ་ཆུང་གིས་བཤད།   “ང་ཚོས་དགུང་ཟས་ཟ་གི་ཡིན།”

“ང་དེ་ཙམ་ལྟོགས་ཀྱི་མི་འདུག”

“ཤོགད་ཟོ་དང་།   ཁྱེད་ཀྱིས་མ་ཟས་པར་ཉ་འཛིན་ཐུབ་ཀྱི་མ་རེད།”

“ངས་ཐུབ་ཡོད།” རྒད་པོས་ཡར་ལངས་ཞོར་དང་གསར་ཤོག་བླངས་ཏེ་ལྟེབ་ཞོར་དུ་བཤད།   དེ་ནས་ཁོང་གིས་ཉལ་ཆས་ལྟེབ་མགོ་བརྩམས།

“ཉལ་ཆས་དེས་ཁྱེད་རང་དཀྲིས་ཞོག” བུ་ཆུང་གིས་བཤད།   “ང་གསོན་པའི་རིང་ལ་ཁྱེད་ཀྱིས་ལྟོ་ཆས་མ་ཟས་ནས་ཉ་རྔོན་གྱི་མ་རེད།”

“དེས་ན་ཁྱོད་ཚེ་རིང་པོར་སྡོད་།    རང་གིས་རང་ལ་བདག་གཅེས་བྱོས།” རྒད་པོས་བཤད།   “ང་ཚོས་ག་རེ་ཟ་གི་ཡོད།”

“སྲན་མ་ནག་པོ་དང་འབྲས།   ཀེ་ལ་བརྔོས་མ།   ད་དུང་ཐུག་པ་[8]ཏོག་ཙམ་ཡོད།”

བུ་ཆུང་གིས་སྡིངས་ཆ་ནས་ཟས་དེ་དག་ལྕགས་སྣོད་ཉིས་རྩེག་ཅིག་ཏུ་འཁྱེར་ཡོང་བ་རེད།   ཁོང་གི་སྟོད་ཐུང་ཁུག་མའི་ནང་གྲི་དང་ཁེམ་བུ།   ཀང་དྲ་བཅས་ཆ་རེ་ཡོད་ལ།   དེ་དག་ཀྱང་ཤོག་གུའི་ལག་ཕྱིས་ཀྱིས་ཆ་རེ་ལ་ཐུམ་དཀྲིས་བརྒྱབ་ནས་ཡོད།   

“ཁྱེད་ལ་འདི་སུས་སྤྲད་སོང་།”

“སྦྱིན་བདག་མཱར་ཏིན་གྱིས།”

“ངས་ཁོང་ལ་ཐུགས་རྗེ་ཆེ་ཞུ་དགོས།”

“ངས་ཁོང་ལ་ཐུགས་རྗེ་ཆེ་ཞུས་ཚར།”བུ་ཆུང་གིས་བཤད།   “ཁྱེད་རང་གིས་ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད།”

“ངས་ཁོང་ལ་ཉ་ཆེན་པོ་གཅིག་གི་གྲོད་ཤ་སྟེར།”རྒད་པོས་བཤད།   “ཁོང་གིས་ང་ཚོ་ལ་འདི་འདྲ་ཐེངས་གཅིག་ལས་མང་བ་བྱས་ཡོད་པ་མ་རེད་དམ།”

“ངས་དེ་ལྟར་བསམས་ཀྱི་འདུག”

“དེས་ན་ངས་ཁོང་ལ་གྲོད་ཤ་ལས་ལེགས་པ་ཞིག་སྤྲོད་དགོས་པ་རེད།   ཁོང་གིས་ང་ཚོ་ལ་བསམ་ཤེས་འདི་ཙམ་བཏང་གནང་གི་འདུག”

“ཁོང་གིས་ལྦུ་ཆང་གཉིས་ཀྱང་བསྐུར་སོང་།”

“ང་ལྦུ་ཆང་ལྕགས་ཊིན་ནང་ཡོད་པ་ལ་ཤིན་ཏུ་དགའ།”

“ངས་ཤེས་ཀྱི་ཡོད།   ཡིན་ནའང་འདི་ཚོ་ཤེལ་དམ་ནང་ཡོད།   ཧ་ཏུ་ཝེ་ལྦུ་ཆང་།   ངས་ཤེལ་དམ་ཕར་སློག་གི་ཡིན།”

“དྲིན་ཆེན་ཁྱོད།” རྒད་པོས་བཤད།   “ང་ཚོས་ཟས་ན་མ་རེད་དམ།”

“ངས་ཁྱོད་ལ་ཞུ་བཞིན་ཡོད་པ་དེ་ཡིན།”བུ་ཆུང་གིས་འཇམ་པོར་ཞུས།   “ཁྱེད་རང་གྲ་སྒྲིག་ཡིན་ཡིན་བར་དུ་ངས་སྣོད་ཀྱི་ཁ་འབྱེད་རྩིས་མེད།” 

“ད་ང་གྲ་སྒྲིག་ཡིན།” རྒད་པོས་བཤད།   “ང་ལ་ལག་པ་བཀྲུ་བའི་དུས་ཚོད་ཙམ་དགོས།”

ཁྱེད་རང་གིས་གང་དུ་བཀྲུའམ།   བུ་ཆུང་གིས་བསམས།   གྲོང་གསེབ་ཀྱི་ཆུ་མིག་དེ་སྲང་ལམ་གཉིས་ཀྱི་འོག་ལ་ཡོད།   ངས་ཁོང་གི་ཆེད་ཆུ་འདི་ལ་ལེན་དགོས་པ་འདུགབུ་ཆུང་གིས་བསམས།   ད་དུང་འདག་རྫས་དང་ལག་ཕྱིས་ཡག་པོ་ཞིག་ཀྱང་དགོས་ཀྱི་འདུགང་འདི་འདྲ་བསམ་མེད་ཅིག་ག་རེ་བྱས་ནས་ཡིན་ནམ།  ངས་ཁོང་ལ་སྟོད་ཐུང་གཞན་པ་ཞིག་དང་དགུན་ལྭ་ཞིག ལྷམ་གྱི་རིགས་ཤིག་དང་ཉལ་ཆས་གཞན་པ་ཞིག་གྲ་སྒྲིག་ངེས་པར་བྱེད་དགོས།

“ཁྱེད་རང་གི་ཐུག་པ་འདི་ཧ་ཅང་ཡག་པོ་འདུག”རྒད་པོས་བཤད།

“ང་ལ་དབྱུག་པའི་སྤོ་ལོའི་སྐོར་ཤོད་དང་།”བུ་ཆུང་གིས་དྲིས།

“ངས་བཤད་པ་བཞིན།   ཨ་རིའི་རྩེད་རིགས་མཐུན་ཚོགས་ཁྲོད་ནས་ནི་ད་ཡཱན་ཀིས་རུ་ཁག་རེད།” རྒད་པོས་དགའ་སྣང་གིས་བཤད།

“ཁོང་ཚོ་དེ་རིང་ཤོར་པ་རེད།” བུ་ཆུང་གིས་ཁོང་ལ་བཤད།

“དེ་གང་ཡང་མ་རེད།   རླབས་ཆེན་གྱི་ཌི་མཱ་ཇའོ་ཡང་བསྐྱར་ཁོ་རང་རང་ཆགས་སོང་།”

“རུ་ཁག་དེའི་ནང་མི་གཞན་པ་ཡང་འདུག”

“དེ་རང་བཞིན་རེད།   ཡིན་ནའང་ཁོང་གིས་མི་འདྲ་བ་དེ་བཟོ་གི་རེད།   རུ་ཁག་གཞན་གྱི་ནང་ནས།   བི་རོ་ཀི་ལིན་དང་ཕི་ལི་ཌེ་ཕེ་ཡ་གཉིས་ཀྱི་བར་ནས།   ངས་ཡིན་གཅིག་མིན་གཅིག་བི་རོ་ཀི་ལིན་འདམས་ཀྱི་ཡིན།   ཡིན་ནའང་དེ་ནས།   ངས་གླིང་ག་རྙིང་བའི་ནང་ སྐུ་ཞབས་ཌིག་སི་ས་ལར་དང་རྩེད་མོ་གྲགས་ཅན་དེ་ཚོ་དྲན་གྱི་འདུག”

“ཁོང་ཚོ་དང་འདྲ་བོ་སུ་གང་མེད།   ཁོང་གིས་ངས་མཐོང་མྱོང་མེད་པའི་སྤོ་ལོ་རྒྱང་ཁད་རིང་ཤོས་ལ་གཡུགས་པ་རེད།”

“ཁྱེད་རང་གིས་ཁོང་སྡིངས་ཆ་ལ་ཡོང་མྱོང་བ་དེ་ཚོ་དྲན་ནམ།”

“ངས་ཁོང་ཉ་རྔོན་པར་འཁྲིད་འདོད་བྱུང་།   ཡིན་ནའང་ངས་ཁོང་ལ་དེ་ཞུ་རྒྱུར་ཧ་ཅང་འཚེར་བྱུང་།   དེ་ནས་ངས་ཁྱེད་རང་ལ་ཁོང་ལ་ཞུ་རོགས་ཞུས་ནའང་ཁྱེད་རང་ཡང་འཚེར་འདུག”

“ངས་ཤེས་ཀྱི་ཡོད།   དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་རེད།    ཁོང་ང་ཚོའི་མཉམ་དུ་ཕྱིན་ཡོད་ཀྱི་རེད་ལ།   དེ་ནས་དེ་ང་ཚོའི་མི་ཚེ་གང་ལ་ཡོད་ཡོད་པ་ཞིག་ཡིན་རྒྱུ་རེད།”

“ངས་རླབས་ཆེན་ཌི་མ་ཇའོ་ཉ་རྔོན་པར་འཁྲིད་ན་འདོད།”རྒད་པོས་བཤད།   “ཁོང་ཚོས་བཤད་པ་ལྟར་ན་ཁོའི་ཕ་ཉ་པ་ཞིག་རེད་ཟེར།   གཅིག་བྱས་ན་ཁོང་ང་ཚོ་ནང་བཞིན་སྐྱོ་པོ་ཞིག་ཡིན་རྒྱུ་རེད་ལ།   ང་ཚོའི་གནས་སྟངས་ཤེས་ཀྱི་རེད།”

“རླབས་ཆེན་སི་ས་ལར་གྱི་ཕ་དེ་སྐྱོ་པོ་ཞིག་གཏན་ནས་མ་རེད།   ཁོང་ངའི་ལོ་ཚོད་ཡིན་དུས་ཁོང་གི་ཕ་དེ་རུ་ཁག་ཆེ་ཤོས་དེ་འདྲའི་ནང་རྩེ་གི་འདུག”

“ང་ཁྱེད་རང་གི་ལོ་ཚོད་ཡིན་དུས།   ང་ནི་ཨ་ཧྥི་རི་ཀ་ལ་འགྲོ་བའི་གྲུ་དར་གྱི་དར་ཡུག་གྲུ་བཞི་མར་བཏགས་པའི་གྲུ་གཟིངས་ཤིག་གི་དར་ཤིང་གི་མདུན་ལ་བསྡད།   དགོང་མོའི་སྐབས་སུ་ངས་མཚོ་འགྲམ་དུ་སེང་གེ་མཐོང་མྱོང་།”

“ངས་ཤེས་ཀྱི་ཡོད།   ཁྱེད་རང་གིས་ང་ལ་བཤད་སོང་།”

“ང་ཚོས་ཨ་ཧྥི་རི་ཀའི་སྐོར་ལ་ཤོད་དམ་དབྱུག་པའི་སྤོ་ལོའི་སྐོར་ལ་བཤད།”

“ངའི་བསམ་ཚུལ་ལ་དབྱུག་པའི་སྤོ་ལོའི་སྐོར་ལ།”བུ་ཆུང་གིས་བཤད།   “ང་ལ་རླབས་ཆེན་ཇོན་ཇེ་མེག་རོ་ཡི་སྐོར་ལ་ཤོད་དང་།”ཁོང་གིས་ཧོ་ཊ་ཞེས་ཇེ་ཡི་ཚབ་ཏུ་བཤད།[9]

“ཁོང་ཡང་སྔོན་མ་སྐབས་སྐབས་ལ་སྡིངས་ཆ་ལ་ཡོང་གི་རེད།   ཡིན་ནའང་ཁོང་རྩུབ་པོ་དང་ཚིག་བཙན་པོ།   ཆང་འཐུང་སྐབས་དཀའ་ངལ་ཡོད་མཁན་ཞིག་རེད།   ཁོང་གི་སེམས་དབྱུག་པའི་སྤོ་ལོའི་ཐོག་ཡོད་པ་ཇི་བཞིན་ རྟའི་ཐོག་ལ་ཡང་ཡོད་རེད།   མ་མཐའ་ལ་ཡང་ཁོང་གི་ཁུག་མའི་ནང་རྟའི་མིང་ཐོ་ཞིག་ནམ་ཡིན་ཡང་འཁྱེར་ཡོད་ཅིང་།   རྟའི་མིང་ཐོ་དེ་ཚོ་ཡང་ཡང་ཁ་པར་ཐོག་ནས་ཀྱང་བཤད་ཀྱི་རེད།” 

“ཁོང་དོ་དམ་པ་ཡག་ཤོས་ཤིག་རེད།” བུ་ཆུང་གིས་བཤད།   “ངའི་ཕ་ཡིས་ཁོང་ནི་རླབས་ཆེ་ཤོས་དེ་རེད་བསམས་ཀྱི་འདུག”

“ཁོང་ དུས་ཚོད་ཕལ་ཆེ་བར་ འདི་ལ་ཡོང་བའི་སྟབས་ཀྱིས།” རྒད་པོས་བཤད།   “གལ་སྲིད་ཌུ་རོ་ཆེར་ལོ་ལྟར་མུ་མཐུད་ནས་འདིར་ཡོང་ཡོད་ན།   ཁྱེད་ཀྱི་ཕས་ཁོང་དོ་དམ་པ་རླབས་ཆེ་ཤོས་དེ་རེད་བསམས་ཀྱི་རེད།”

“དངོས་གནས་དོ་དམ་པ་ཡག་ཤོས་སུ་རེད།   ལུ་ཁེ་རེད།   ཡང་ན་མའེ་ཀི་དགོན་ཛ་ལ་སེ་རེད།”

“ངའི་བསམ་ཚུལ་ལ་ཁོང་གཉིས་འདྲ་འདྲ་རེད།”

“དེ་ནས་ཉ་པ་ཡག་ཤོས་ཁྱེད་རང་རེད།”

“མ་རེད།   མི་གཞན་པ་ཡག་ག་ཡོད་པ་ངས་ཤེས་ཀྱི་ཡོད།”

ཀེ་ཝ།[10]” བུ་ཆུང་གིས་བཤད།   “ཉ་བ་ཡག་པོ་མང་པོ་ཡོད་རེད།   ཡག་ཤོས་ཁ་ཤས་ཡོད་རེད།   ཡིན་ནའང་ཁྱེད་རང་གཅིག་རང་གཅིག་ཡོད་རེད།”

“ཐུགས་རྗེ་ཆེ།   ཁྱེད་ཀྱིས་ང་སྐྱིད་པོ་བཟོ་གི་འདུགང་ཚོ་ལ་མ་རེད་ཅེས་ཁུངས་སྐྱེལ་འཕེར་མཁན་གྱི་ཉ་སྟོབས་ཆེན་ཞིག་ང་ཚོའི་ཉེ་སར་མི་ཡོང་བའི་རེ་བ་ཡོད།”

“ཁྱེད་ཀྱིས་བཤད་པ་ཇི་བཞིན་ཁྱེད་ལ་སྟོབས་ཡོད་ན་ཉ་དེ་འདྲ་ཡང་ཡོད་མ་རེད།”

“ང་ནི་ངས་བསམས་པ་ལྟར་གྱི་སྟོབས་ལྡན་ཞིག་མིན་སྲིད་པ་རེད།” རྒད་པོས་བཤད།   “ཡིན་ན་ཡང་ངས་ཐབས་ཇུས་སྣ་ཚོགས་ཤེས་ལ།   ང་ལ་དམ་བཅའ་ཡོད།”

“ད་ཁྱེད་རང་ཉལ་ན་ལེགས་ཤིང་།   དེ་ལྟར་བྱས་ན་ཞོགས་ཀར་ཁམས་དྭངས་གི་རེད།   ངས་ཅ་ལག་འདི་ཚོ་ཕྱིར་སྡིངས་ཆ་ལ་འཁྱེར་གི་ཡིན།”

“འོ་ན།   གཟིམས་བདེ།    ངས་ཞོགས་ཀར་ཁྱེད་རང་གཉིད་ལས་སློང་གི་ཡིན།”

“ཁྱེད་རང་ངའི་ཅོང་བརྡའི་ཆུ་ཚོད་རེད།”བུ་ཆུང་གིས་བཤད།

“ལོ་ན་ནི་ངའི་ཅོང་བརྡའི་ཆུ་ཚོད་རེད།”རྒད་པོས་བཤད།   “ཅིའི་ཕྱིར་རྒད་པོ་ཚོ་ཆེས་སྔ་པོ་ནས་གཉིད་སད་ཀྱི་ཡོད།   དེ་ནི་ཉི་མ་རིང་ང་ཞིག་ཡོང་ཆེད་རེད་དམ།”

“ངས་ཤེས་ཀྱི་མེད།” བུ་ཆུང་གིས་བཤད།   “ངས་ཤེས་པ་ནི་ལོ་ཆུང་བ་ཚོ་གཉིད་ཕྱི་པོ་དང་མཐུག་པོ་ཁུག་གི་ཡོད་པ་དེ་རེད།”

“ངས་དེ་དྲན་གྱི་འདུག” རྒད་པོས་བཤད།   “ངས་ཁྱེད་རང་དུས་ཚོད་ཏག་ཏག་ལ་གཉིད་ལས་སློང་གི་ཡིན།”

“ང་ཁོང་གིས་གཉིད་སད་དུ་འཇུག་རྒྱུ་ལ་དགའ་གི་མི་འདུགདེ་ནི་ང་ཉམ་ཐག་ཅིག་ཡིན་པ་འདྲ་བོ་འདུག”

“ངས་ཤེས་ཀྱི་ཡོད།”

“རྒད་པོ།   གཉིད་ཡག་པོ་ཁུག་ཨང་།”

ཁོང་ཚོས་ཅོག་ཙེའི་ཐོག་ཞུན་མ་ཡང་མེད་པར་ཟ་མ་ཟས།   བུ་ཆུང་ཕྱི་རོལ་ཏུ་ཐོན།   རྒད་པོས་ནག་ཁུང་ནང་ནས་རྐང་སྣམ་ཕུད་དེ་ཉལ་ཁྲིར་འཛེགས།   ཁོང་གིས་རྐང་སྣམ་བསྒྲིལ་ནས་དེའི་ནང་གསར་ཤོག་བཅུག་སྟེ་སྔས་མགོ་བཟོས།   དེ་ནས་ཁོ་རང་ཡང་ཉལ་ཆས་ནང་བསྒྲིལ།   དེ་ནས་ཉལ་ཁྲིའི་སྟེང་གི་མཉེན་ཆས་ལ་བཀབ་པའི་གསར་ཤོག་རྙིང་པ་དེ་ཚོའི་སྟེང་ཉལ།

ཁོང་ཅུང་ཟད་ཅིག་ནས་གཉིད་པ་དང་།   ཁོང་བུ་གུ་ཡིན་དུས་ཨ་ཧྥི་རི་ཀ་ལ་ཡོད་པ་རྨི་ལམ་རྨིས།   གསེར་མདངས་ཅན་གྱི་མཚོ་འགྲམ་དང་།   མིག་མདངས་འཕྲོག་པའི་མཚོ་འགྲམ་དཀར་པོ།   མཚོ་ཁའི་བྲག་གཟར་མཐོན་པོ་དང་སྨུག་མདོག་གི་རི་ཆེན་རྣམས་རྨིས།   ད་ནི་ཁོང་མཚོ་འགྲམ་དེའི་རྒྱུད་དུ་བསྡད་ཡོད་ལ།   མཚན་མོ་རེ་རེ་བཞིན་དང་ཁོང་གི་རྨི་ལམ་དུ་མཚོ་ཡི་རླབས་སྒྲ་ཐོས།   ཡུལ་མིའི་གྲུ་གཟིངས་རྣམས་རླབས་གཤགས་ནས་ཡོང་བ་མཐོང་།   ཁོང་གཉིད་བཞིན་དུ་གྲུའི་སྟེང་གཅལ་གྱི་རྩྭ་ཐག་[11]གི་ཚལ་བུ་དང་ཐང་ཆུའི་དྲི་མ་ཚོར་ལ།   ཁོང་གིས་ཞོགས་པའི་ས་རླུང་གིས་འཁྱེར་ཡོང་བའི་ཨ་ཧྥི་རི་ཀའི་དྲི་མ་སྣུམ།

ནམ་རྒྱུན་ཁོང་གིས་ས་རླུང་གི་དྲི་མ་ཚོར་སྐབས་ཁོང་གཉིད་སད་ཅིང་།   གྱོན་པ་གོན་ནས་བུ་ཆུང་གཉིད་སད་དུ་འགྲོ  འོན་ཀྱང་དེ་དགོང་ས་རླུང་གི་དྲི་མ་འདི་ཆེས་སྔ་པོར་སླེབས་ཤིང་།   ཁོང་གིས་ཀྱང་དེ་ནི་ཁོང་གི་རྨི་ལམ་ནང་གི་སྔ་མོ་ཞིག་ཡིན་པ་ཤེས་ཤིང་།   མུ་མཐུད་ནས་རྨི་ལམ་རྨི་བར་ཞུགས་ཏེ།   རྒྱ་མཚོ་ནས་མཐོན་པོར་སྙེག་པའི་མཚོ་གླིང་གི་རི་རྩེ་དཀར་པོ་དག་ལ་བལྟ་བ་དང་།   དེ་ནས་ཁོང་གིས་ཁེ་ནེ་རེ་མཚོ་གླིང་[12]གི་གྲུ་ཁ་དང་མཚོ་འགག་མི་འདྲ་བ་རྣམས་རྨིས།

ཁོང་གིས་དྲག་ཆར་རྨི་ལམ་དུ་མ་རྨིས་ལ།   དེ་བཞིན་བུད་མེད་དང་།   བྱུང་བ་གལ་ཆེན།   ཉ་ཆེན་པོ།  འཐབ་འཛིང་།   སྟོབས་ཀྱི་འགྲན་བསྡུར།   ཁོང་གི་ཆུང་མ་བཅས་ཀྱང་མ་རྨིས།   ད་ནི་ཁོང་གིས་ས་ཆ་ཁོ་ན་རྨིས་པ་དང་མཚོ་ཁའི་སེང་གེ་དེ་ཚོ་རྨིས།   སེང་གེ་དེ་ཚོ་ཞི་མིའི་ཕྲུ་གུ་དང་མཚུངས་པར་ས་རྡུལ་ནང་རྩེས།   ཁོང་བུ་ཆུང་ལ་དགའ་བ་ཇི་བཞིན་འདི་ལ་དགའ།   ཁོང་གིས་བུ་ཆུང་གི་སྐོར་གཏན་ནས་མ་རྨིས།   ཁོང་ལས་སླ་པོར་གཉིད་སད།   སྒོ་ཕྱེས་ཕྱེས་སུ་ཡོད་པ་ནས་ཟླ་བ་ལ་བལྟས།   རྐང་སྣམ་དེ་བསྒྲིལ་བ་གྲོལ་ནས་གོན།   ཤིང་ཁང་གི་ཕྱི་རོལ་དུ་གཅིན་པ་བཏང་།   དེ་ནས་བུ་ཆུང་གཉིད་སད་ཆེད་ཡར་ཕྱིན།   ཞོགས་པའི་གྲང་ངར་གྱིས་ཁོང་འདར་སིག་སིག་བྱས།   ཡིན་ནའང་ཁོང་གིས་འདར་སིག་བརྒྱབ་ནས་རང་ཉིད་དྲོ་རུ་འཇུག་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ལ།   མི་རིང་བར་ཁོང་གིས་གྲུ་ཁྱེམ་གཡུགས་དགོས་ཡོད།

བུ་ཆུང་སྡོད་སའི་ཁང་པའི་སྒོ་ལ་སྒོ་ལྕགས་བརྒྱབ་མི་འདུགཁོང་གིས་སྒོ་ཕྱེས།   རྐང་རྗེན་དུ་འཇབ་ནས་ནང་དུ་གོམ་པ་བརྒྱབ།   བུ་ཆུང་དེ་ཁང་མིག་དང་པོའི་ནང་སྟབས་བདེའི་ཉལ་ཁྲི་ཞིག་གི་སྟེང་ཉལ་འདུགཡལ་བཞིན་པའི་ཟླ་བའི་འོད་ལ་བརྟེན་ནས་རྒད་པོས་ཁོ་གསལ་པོར་མཐོང་ཐུབ།   ཁོང་གིས་བུ་ཆུང་གི་རྐང་པ་ཡ་གཅིག་ལ་འཇམ་པོའི་ངང་འཇུས་ནས་གཉིད་མ་སད་ཀྱི་བར་དུ་བཟུང་།   བུ་ཆུང་ཨ་ལོག་ཅིག་བརྒྱབ་ནས་ཁོང་ལ་བལྟས།   རྒད་པོས་མགོ་སྒུར་སྒུར་ཅིག་བྱས།   བུ་ཆུང་གིས་ཉལ་ཁྲིའི་འཁྲིས་ལ་ཡོད་པའི་རྐུབ་སྟེགས་ནས་རྐང་སྣམ་བླངས་ཤིང་།   ཉལ་ཁྲིའི་ཐོག་སྡོད་བཞིན་དུ་རྐང་སྣམ་ཡར་གོན།   

རྒད་པོ་སྒོའི་ཕྱི་ལོགས་སུ་ཐོན་པ་དང་བུ་ཆུང་ཡང་ཁོའི་རྗེས་སུ་ཡོང་།   ཁོང་ད་དུང་གཉིད་དྭངས་མི་འདུགརྒད་པོས་རང་གི་ལག་པ་ཁོའི་དཔུང་པའི་སྟེང་བཞག་ནས།   “དགོངས་དག” ཅེས་བཤད།

“ཀེ་ཝ།” བུ་ཆུང་གིས་བཤད།   “འདི་ནི་ཕོ་ཁྱོ་ག་ཞིག་གིས་ངེས་པར་བྱེད་དགོས་པ་ཞིག་རེད།”

ཁོང་ཚོ་ཐུར་དུ་རྒད་པོའི་ཤིང་ཁང་ལ་གོམ་པ་བརྒྱབ།   ལམ་ཁའི་རྒྱུད་དུ་ནག་ཁུང་ནང་རྐང་རྗེན་གྱི་སྐྱེས་པ་ཚོས་ཁོང་ཚོའི་གྲུའི་དར་ཤིང་ཁུར་ནས་འགྲོ་བཞིན་འདུག

ཁོང་ཚོ་རྒད་པོའི་ཁང་ཆུང་ལ་སླེབས་སྐབས།   བུ་ཆུང་གིས་སླེ་བོའི་ནང་གི་ཐག་འཁྱིལ་དང་ཉ་གཟོང་།   ཉ་མདུང་འཁྱེར།   རྒད་པོས་གྲུ་དར་དཀྲིས་པའི་དར་ཤིང་ཕྲག་པར་འཁུར།

“ཁྱེད་ཀྱིས་ཁོ་ཕི་འཐུང་གི་ཡིན་ནམ།”བུ་ཆུང་གིས་དྲིས།

“ང་ཚོས་ཅ་ལག་རྣམས་གྲུ་གཟིངས་ལ་འཇོགདེ་ནས་ཅུང་ཙམ་འཐུང་།”

ཉ་པ་ཚོར་ཞོགས་ཀ་སྔ་བོར་ཞབས་ཞུ་ཞུ་ས་ཞིག་ནས་འོ་མའི་ལྕགས་ཊིན་༼ཡང་ན་ལྕགས་སྣོད་༽ཞིག་ཏུ་ཁོང་ཚོས་ཁོ་ཕི་འཐུང་།

“རྒད་པོ།   ཁྱེད་རང་གི་གཉིད་གང་འདྲ་བྱུང་།” བུ་ཆུང་གིས་དྲིས།   རང་ཉིད་ལ་ད་དུང་ཡང་གཉིད་གཡུགས་རྒྱུ་དེ་ཧ་ཅང་དཀའ་བ་ཞིག་ཡིན་ན་ཡང་ད་ནི་ཁོང་གཉིད་སད་བཞིན་འདུག

“གཉིད་སྐྱིད་པོ་བྱུང་།   མཱ་ནོ་ལིན།” རྒད་པོས་བཤད།   “དེ་རིང་ང་ལ་གདེང་ཚོད་འདུག”

“ང་ལ་ཡང་།” བུ་ཆུང་གིས་བཤད།   “ད་ངས་ཁྱོད་དང་ངའི་ཉ་སཱར་ཌིན་དང་ཁྱེད་རང་གི་ཁ་འབྲིད་སོས་པ་དེ་ཚོ་ལེན་དགོས།   ང་ཚོའི་ཅ་ལག་ཁོ་རང་རང་གིས་འཁྱེར་ཡོང་གི་རེད།   ཁོང་གིས་མི་གཞན་པ་ལ་ཅ་ལག་གཅིག་ཀྱང་འཁྱེར་འཇུག་འདོད་རྩ་བ་ནས་མི་འདུག”

“ང་ཚོ་གཅིག་པ་མ་རེད།” རྒད་པོས་བཤད།   “ཁྱེད་རང་ལོ་ལྔ་ཡིན་དུས།   ངས་ཁྱེད་ལ་ཅ་ལག་འཁྱེར་དུ་བཅུག་པ་རེད།”

“ངས་ཤེས་ཀྱི་ཡོད།” བུ་ཆུང་གིས་བཤད།   “ང་ལམ་སེང་ཚུར་སླེབས་ཡོང་།   ཁོ་ཕི་ཡང་བསྐྱར་གཅིག་འཐུང་།   ང་ཚོ་ལ་འདི་ན་ཐོ་ཡོད་རེད།”

ཁོང་བྱུ་རུའི་རྡོ་བའི་[13]སྟེང་རྐང་རྗེན་དུ་གོམ་པ་བརྒྱབ་ནས་མར་ཁ་འབྲིད་བཞག་ཡོད་སའི་འཁྱག་པའི་ཁང་པར་ཕྱིན།   

རྒད་པོས་དལ་བོའི་ངང་ཁོ་ཕི་འཐུང་།   དེ་ནི་ཁོང་གིས་ཉིན་གང་བོར་འཐུང་རྒྱུ་ཞིག་ཡོད་པ་དེ་རེད།   ཁོང་གིས་དེ་འཐུང་དགོས་པ་དེ་ཤེས་ཀྱི་ཡོད།   དུས་ཡུན་རིང་པོ་ཞིག་ལ་ཁོང་ཟས་ལ་ཡི་ག་མེད་ཅིང་།   ཁོང་གིས་གུང་ཟས་ཤིག་ནམ་ཡང་འཁྱེར་གྱི་མེད།   གྲུ་ཆུང་གི་མདུན་སྣེ་ན་ཁོང་ལ་ཆུ་ཤེལ་དམ་གང་ཡོད།   དེ་ནི་ཉིན་གང་བོར་ཁོང་ལ་དགོས་ཚད་དེ་རེད།

ད་བུ་ཆུང་ཡང་ཁ་འབྲིད་གསར་པ་གཉིས་དང་ཉ་སཱར་ཌིན་ཚགས་པར་ནང་དཀྲིས་ནས་སླེབས་སོང་།   ཁོང་ཚོ་མར་གྲུ་ཆུང་ཡོད་ས་ལ་ཕྱིན།   རྐང་འོག་ནས་བྱེ་མ་དང་རྡོ་རུག་ཚོར་ཞིང་།   གྲུ་ཐག་གློད་ནས་གྲུ་ཆུང་ཆུའི་ནང་དུ་དེད།

“རྒད་པོ།   བཀྲ་ཤིས།   དོན་འགྲུབ།”

“བཀྲ་ཤིས།   དོན་འགྲུབ།” རྒད་པོས་བཤད།   ཁོང་གིས་གྲུའི་ལོང་གཟེར་ལ་གྲུ་ཁྱེམ་འདོགས་པའི་ཐག་པ་ཚད་རན་པར་བསྙམས་པ་དང་།   མུན་ནག་གི་ཁྲོད་གྲུ་ཁྱེམ་གྱི་ངོས་ལ་ཕོག་པའི་ཆུ་ཤུགས་ཀྱི་ཁ་གཏད་དུ་མདུན་ལ་སྙེས་ཏེ་གྲུ་ཁྱེམ་འཕུལ་ནས་གྲུ་ཚིགས་ནས་ཐོན་མགོ་བཙུགས།     དེར་གྲུ་ཁ་གཞན་ནས་ཡོང་བའི་གྲུ་གཟིངས་ཀྱང་ཡོད་པ་དེ་ཚོ་རྒྱ་མཚོའི་ནང་འགྲོ་གི་འདུག ད་ནི་ཟླ་བ་རི་བོའི་ཕག་ཏུ་ཡལ་བརྟེན།   རྒད་པོས་དེ་ཚོ་མི་མཐོང་མོད།   གྲུ་ཁྱེམ་ཆུ་ལ་བརྒྱབ་པ་དང་འཕུལ་བའི་སྒྲ་གོ་བར་གྱུར།   

མཚམས་མཚམས་ལ་མི་རེས་གྲུའི་ནང་ནས་སྐད་ཆ་བཤད།   ཡིན་ནའང་གྲུ་ཕལ་མོ་ཆེ་ནི་གྲུ་ཁྱེམ་ཆུ་ལ་བརྒྱབ་པའི་སྒྲ་ཙམ་ལས་གཞན་ཁུ་སིམ་མེར་ཡོད།   མཚོ་གྲུའི་ས་ཚིགས་ཀྱི་ཁ་སྒོ་ནས་ཐོན་རྗེས་གྲུ་པ་ཚོས་རྒྱང་ཐག་བསྐྱེད་ལ།   ཁོང་ཚོ་སོ་སོ་རང་ཉིད་ཀྱིས་ཉ་རྙེད་པར་རེ་བའི་རྒྱ་མཚོའི་ཕྱོགས་དེ་རུ་སྙེག རྒད་པོས་ཁོ་རང་ཐག་རིང་ས་ཞིག་ལ་འགྲོ་གི་ཡོད་པ་ཤེས་ཤིང་།   ཁོང་གིས་ས་ཡི་དྲི་མ་རྒྱབ་ཏུ་བསྐྱུར་ནས།   རྒྱ་མཚོའི་ནང་གི་ཞོགས་པའི་དྲི་མ་ཁམས་གཙང་ཞིག་གི་ནང་དུ་སྙེགགློ་བུར་དུ་འདོམ་བདུན་བརྒྱའི་གཏིང་ཚད་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཉ་པ་ཚོས་ཉ་ཡི་ཁྲོན་པ་ཆེན་པོ་ཞེས་འབོད་པའི་རྒྱ་མཚོའི་ཕྱོགས་དེར་སླེབས་རིམ་བཞིན་ཁོང་གིས་ཆུའི་ནང་རྒྱ་མཚོའི་རྩྭ་ལྡུམ་འོད་ཆེམ་ཆེམ་དེ་མཐོང་ཞིང་།   དེར་རྒྱ་མཚོའི་ཞབས་ཀྱི་རི་བྲག་གི་ངོས་གཟར་པོ་ལ་འཐབ་ནས་འཁོར་བའི་མཚོ་འཁྱིལ་ཡོད་སྟབས་ཉ་རིགས་སྣ་ཚོགས་འཛོམས་ཡོད།   འདི་རུ་མཚམས་མཚམས་ལ་ཨི་ཁུང་གཏིང་རིང་ནང་ཡོད་པའི་མཚོ་འབུ་རལ་ཟིང་སི་ཁུའེ་ཌ་ཡི་ཁྱུ་སྣ་ཚོགས་དང་།   ཁ་འབྲིད་ཉ།   མཚོ་འབུ་ཤཱི་རམ་སོགས་གཅིག་ཏུ་འཛོམས་ཡོད།   དེ་ཚོ་མཚན་མོའི་སྐབས་སུ་མཚོ་ཁ་ལ་ཐག་ཉེ་བར་ཡོང་ཞིང་།   དེ་རུ་ཉ་འཁྱམས་པོ་དེ་ཚོས་ཟས་སུ་བྱེད།

ནག་ཁུང་ནང་རྒད་པོས་ཞོགས་ཀ་སླེབས་བཞིན་པ་ཚོར་ཐུབ་ཅིང་།   ཁོང་གིས་གྲུ་ཁྱེམ་འཕུལ་བ་བཞིན་ཁོང་གིས་འཕུར་ཉ་ཆུ་ལས་ཐོན་པའི་འདར་སྒྲ་གོ་ཞིང་།   མུན་ནག་ཁྲོད་ཕར་འཕུར་རིམ་བཞིན་ཁོང་ཚོའི་གཤོག་པ་གྱོང་པོ་གཉིས་ཀྱིས་སིར་སྒྲ་དེ་འབྱིན།   རྒྱ་མཚོའི་ནང་འཕུར་ཉ་དེ་དག་ནི་ཁོང་གི་གྲོགས་པོ་གཙོ་བོ་དེ་ཡིན་ཕྱིར་ཁོང་ནི་འཕུར་ཉ་ལ་ཧ་ཅང་དགའ་བ་རེད།   ཁོང་བྱ་རིགས་ལ་སྙིང་རྗེ་ཞིང་།   ལྷག་པར་དུ་རྒྱ་མཚོའི་མཆིལ་བ་ནག་པོ་ཉམ་ཆུང་དེ་ཚོ་ལ་སྙིང་རྗེ།   མཚོ་བྱིའུ་དེ་ཚོ་ནམ་རྒྱུན་འཕུར་ནས་ཅིག་འཚོལ་མོད།   ཕལ་ཆེར་རྙེད་རྒྱུ་གཅིག་ཀྱང་མེད་པ་རེད།   ཁོང་གིས་འདི་ལྟར་བསམས།   བྱ་རིགས་སྟོབས་ཅན་དང་ཇག་པའི་རིགས་མ་གཏོགས་བྱ་རིགས་ལ་ང་ཚོ་ལས་དཀའ་ལས་ཁག་པའི་སྐྱེ་བ་ཞིག་ཡོད།   ཁོང་ཚོས་ཅིའི་ཕྱིར་རྒྱ་མཚོ་འཁྲུགས་པའི་སྐབས་སུ་ཁྱུར་མིད་དུ་གཏོང་བའི་བྱིའུ་རིགས་འདི་ཚོ་ཆེས་ཉམ་ཆུང་དང་མཉེན་པོ་ཞིག་བཟོས་པ་ཡིན་ནམ།   ཁོ་མོ་[14]ནི་ཆེས་མཛེས་མ་དང་བཟང་མོ་ཞིག་ཡིན།   ཡིན་ནའང་ཁོ་མོ་ཆེས་གདུག་པ་མོ་ཆགས་སྲིད་ལ།   དེ་ཡང་ཆེས་གློ་བུར་དུ་ཆགས།   རང་གི་སྐྱོ་སྐད་ཆུང་ཆུང་དང་མཉམ་དུ་མཆོངས་ལྡིང་གིས་འཕུར་ཅིང་རྔོན་པའི་བྱིའུ་དེ་ཚོ་ནི་  རྒྱ་མཚོ་དང་བསྡུར་ན་ཆེས་ཉམ་ཆུང་ཞིག་བཟོས་ཡོད་པ་རེད།

ཁོང་གིས་རྟག་ཏུ་རྒྱ་མཚོ་དེ་ལཱ་མཱར་རེད་བསམས་ཤིང་།   དེ་ནི་སི་པེན་གྱི་སྐད་དུ་མི་རྣམས་ཁོ་མོ་ལ་དགའ་བའི་སྐབས་སུ་མིང་དུ་བཏགས་པ་ཞིག་རེད།   མཚམས་མཚམས་ལ་ཁོ་མོ་ལ་དགའ་བའི་མི་སྐོར་ཞིག་གིས་མོའི་བྱ་ངན་སྤྱོད་ངན་ཤོད་མོད།   ཡིན་ནའང་དེ་ཚོས་ཁོ་མོ་ནི་བུད་མེད་ཅིག་ཡིན་ཤག་གིས་བཤད།   འགྱིག་ལྒང་དེ་ཉ་ཐག་གཡེངས་ཆས་ལྟར་བེད་སྤྱོད་བྱེད་ཅིང་།   ཉ་ཤྲག་གི་མཆིན་པ་འཁྱེར་ཡོང་ནས་སྒོར་མོ་མང་པོ་བཟོས་སྐབས་འཕྲུལ་འཁོར་གྱི་གྲུ་ཉོས་པའི་ཉ་པ་ལོ་གཞོན་ཚོས་ཁོ་མོ་ལ་ཨེལ་མཱར་ཟེར་ལ།   དེ་ནི་ཕོ་ཡི་སྒྲ་ཡོད་པ་ཞིག་རེད།   ཁོང་ཚོས་ཁོ་མོ་ནི་འགྲན་ཡུལ་ཞིག་དང་ཡང་ན་ས་ཆ་ཞིག   མཐའ་ན་དགྲ་ཞིག་ཡིན་རབས་ཀྱང་བརྗོད།   ཡིན་ནའང་རྒད་པོས་ག་དུས་ཡིན་ཡང་ཁོ་མོ་ནི་བཀའ་དྲིན་ཆེ་བའམ་སྦྱིན་པའི་དངོས་པོ་ཞིག་ཇི་བཞིན་བུད་མེད་ཅིག་ཡིན་པར་བསམས་ཤིང་།   མཚམས་མཚམས་ལ་ཁོ་མོ་རེངས་པོ་དང་མ་རབས་ཆགས་པ་ནི་ཁོ་མོ་ལ་བཅོས་ཐབས་མེད་ནས་བྱུང་བ་ཞིག་ཡིན་པར་འདོད།   ཟླ་བ་ནི་བུད་མེད་ལ་མཛའ་བ་བཞིན་ཁོ་མོ་ལ་ཡང་མཛའ་བ་རེད།   རྒད་པོས་དེ་ལྟར་བསམས།

ཁོང་གིས་གྲུ་ཁྱེམ་བརྟན་པོར་འཕུལ་བཞིན་ཡོད་ལ།   མགྱོགས་ཚད་ཏག་ཏག་ཅིག་བཞག་སྟབས་དེ་ལ་འབད་བརྩོན་ཡང་བྱེད་དགོས་པ་མི་འདུག   མཚམས་མཚམས་ལ་ཡོང་བའི་རྒྱ་མཚོའི་རྒྱུ་བའི་ཡོ་འཁྱོམ་དེ་ཚོ་མ་གཏོགས་རྒྱ་མཚོའི་ངོས་ཀྱང་ལེབ་མོ་རེད།   ཁོང་གིས་ཁོ་རང་ཆུ་ཚོད་འདིའི་སྐབས་ལ་བསྐྱོད་པར་རེ་བའི་ས་ལས་བརྒལ་བའི་མཚམས་ཤིག་ལ་སླེབས་ཟིན་པ་མཐོང་བ་དང་།   གྲུ་ཁྱེམ་འཕུལ་བ་ཇེ་ཡང་དུ་འགྲོ་མགོ་བརྩམས་པ་ལྟར།   ཁོང་གིས་རྒྱ་མཚོའི་རྒྱུ་བ་ལ་རང་གི་ལས་ཀའི་གསུམ་ཆ་གཅིག་དེ་བྱེད་དུ་འཇུག་གི་ཡོད།

ངས་ཁྲོན་པ་གཏིང་རིང་དུ་བདུན་གཅིག་རིང་ལས་ཀ་བྱས་མོད་གཅིག་ཀྱང་མ་འགྲུབ།   ཁོང་གིས་བསམས།   དེ་རིང་ངས་ཉ་ཨལ་བྷ་ཁོ་ར་དང་བྷོ་ནི་ཊོ་ཡི་ཁྱུ་སྐོར་ཡོད་ས་ཞིག་ལ་ལས་ཀ་བྱེད་ཀྱི་ཡིན།   གཅིག་བྱས་ན་ཆེན་པོ་གཅིག་ཀྱང་དེ་ཚོའི་མཉམ་དུ་ཡོད་སྲིད།

ནམ་མ་ལངས་གོང་ནས་ཁོང་གིས་ཁ་འབྲིད་རྣམས་ཕྱི་རོལ་དུ་འཕངས་ཟིན་ཅིང་།   མཚོའི་རྒྱུ་བ་ལ་བརྟེན་ནས་ཐུར་དུ་དཔྱངས་བཞིན་ཡོད།   ཁ་འབྲིད་གཅིག་ནི་མཚོ་ཁ་ནས་འདོམ་བཞི་བཅུ་ན་ཡོད།   གཉིས་པ་དེ་བདུན་ཅུ་དོན་ལྔ་ན་ཡོད།   གསུམ་པ་དང་བཞི་བ་དེ་མར་ཆུ་སྔོ་ཐིང་ཐིང་གི་ནང་འདོམ་བརྒྱ་དང་།   འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའི་ནང་ཡོད།   ཁ་འབྲིད་རེ་རེ་བཞིན་མགོ་ཐུར་དུ་དཔྱངས་ཤིང་།   ལྕགས་ཀྱུའི་ཡུ་བའི་ཆ་དེ་ཁ་འབྲིད་ཉ་ཡི་ཁོག་པའི་ནང་བཅུག་ཐོག་སྤུས་དག་ཏུ་བཙེམས་ཤིང་བསྡམས་ཡོད།   ཕྱི་རོལ་དུ་མངོན་པའི་ལྕགས་ཀྱུའི་ཆ་ཡོངས་རྫོགས་ཏེ།   དེའི་གུག་ཆ་དང་རྩེ་མོ་རྣམས་ཉ་སཱར་ཌིན་སོས་པས་གཡོགས་ཡོད།   ཉ་སཱར་ཌིན་རེ་རེ་བཞིན་མིག་གཉིས་ནས་བརྒྱུས་ཏེ་བསྐོན་ཡོད་སྟབས།   དེ་ཚོས་ལྕགས་གུག་གི་སྟེང་ཕྲེང་བ་ཕྱེད་ཅིག་བཟོས་ཡོད།   ལྕགས་ཀྱུའི་སྟེང་ཉ་ཆེན་གང་འདྲ་ཞིག་ཡིན་ཡང་དེ་ལ་དྲི་མ་མངར་མོ་མེད་པ་དང་བྲོ་བ་ཆེན་པོ་མི་འདུག་སྙམ་པའི་ཆ་གཅིག་ཀྱང་མེད།

བུ་ཆུང་གིས་ཁོང་ལ་ཉ་ཊུ་ན་འམ་ཨལ་བྷེ་ཁོར་སོས་པ་ཆུང་གྲས་གཉིས་སྤྲད་ཡོད་པ་དེ་ལྗིད་རྡོ་བཞིན་ཐག་པ་གཏིང་རིང་ཤོས་གཉིས་ལ་བཏགས་ཡོད་ལ།   གཞན་རྣམས་ལ་ཉ་སྔོན་རྒྱུགས་ཤེས་གཅིག་དང་ཉ་སེར་ལྡང་མ་གཅིག་ཡོད་པ་དེ་དག་སྔོན་ཆད་བཀོལ་མྱོང་ཡོད་མོད་ད་དུང་སྤུས་ཀ་ཤིན་ཏུ་བཟང་ཞིང་།   དྲི་ཞིམ་དང་ཟ་འདོད་ལང་པ་ཡོང་ཕྱིར་ཉ་སཱར་ཌིན་ཡག་ཤོས་རྣམས་དེ་ལ་བརྒྱུན་ཡོད།   ཐག་པ་རེ་རེ་ཡི་སྦོམ་ཚད་ནི་ཞ་སྨྱུག་ཆེན་པོ་ཞིག་དང་མཚུངས་ལ།   དེ་དག་ཤིང་ལྕུགས་ལྗང་ཁུ་ཞིག་ལ་མདུད་ནས་དཔྱངས་ཡོད་སྟབས།   ཁ་འབྲིད་ནས་འཐེན་པ་དང་རེག་པ་གང་ཞིག་ཡིན་ཀྱང་ཤིང་ལྕུགས་དེ་ཆུ་ལ་ཐིམ།   ཐག་པ་རེ་རེ་ལ་ཐག་འཁྱིལ་འདོམ་བཞི་བཅུ་རེ་ཡོད་པ་དེ་དག་ཐག་འཁྱིལ་འཕར་མ་གཞན་ལ་མཐུད་ཆོག་ཆོག་ཏུ་ཡོད་སྟབས།   གལ་སྲིད་དགོས་མཁོ་བྱུང་ན་ཉ་ཡིས་ཐག་པ་འདོམ་སུམ་བརྒྱ་འཐེན་ཆོག་པ་ཡོད།

ད་ནི་རྒད་པོས་གྲུ་ཡི་ཕྱོགས་གཅིག་ནས་ཤིང་ལྕུགས་དེ་ཚོ་ཆུ་ལ་ཐིམ་གྱི་ཡོད་མེད་ལ་བལྟས་ཤིང་ཐག་པ་རྣམས་ཡར་མར་དྲང་བོར་བསྲིངས་སླད་དང་གཏིང་ཚད་རན་པོར་འདུག་སླད་ལྷོད་ལྷོད་ཀྱིས་གྲུ་ཁྱེམ་འཕུལ།   ད་ནི་ནམ་ལངས་ཤིང་ གང་མྱུར་ཉི་མ་ཡང་འཆར་རྒྱུ་རེད།

རྒྱ་མཚོ་ལས་ཉི་མ་ཕྲ་བོར་ཤར།   རྒད་པོས་གྲུ་གཟིངས་གཞན་རྣམས་ཀྱང་མཐོང་།   དེ་ཚོ་མཚོའི་མཐའ་དང་མཚོ་འགྲམ་གྱི་ཐག་ཉེ་ས་ན་ཡོད་ཅིང་།    མཚོ་རླབས་ཀྱི་གཡས་གཡོན་དུ་བཀྲམས་ནས་འདུགདེ་ནས་ཉི་འོད་ཤིན་ཏུ་འཚེར།   འོད་འཚེར་བ་དེ་རྒྱ་མཚོ་ལ་ཕོགདེ་ནས་ཉི་མ་ཇེ་གསལ་དུ་སོང་བ་དང་རྒྱ་མཚོ་ལེབ་མོ་ཡིས་འོད་དེ་ཁོང་གི་མིག་ལ་ཕྱིར་སློགདེས་མིག་དབང་ལ་ཤིན་ཏུ་གཙེས།   ཁོང་གིས་དེ་ལ་མ་བལྟས་པའི་ངང་ནས་གྲུ་ཁྱེམ་འཕུལ།   ཁོང་གིས་ཆུའི་ནང་དུ་བལྟས་ནས་ཐག་པ་རྣམས་ཐད་ཀར་ཐུར་དུ་ཆུ་ནག་སེང་བའི་ནང་ཕྱིན་པ་ལ་བལྟས།   ཁོང་གིས་ཉ་ཐག་དེ་རྣམས་གཞན་སུ་ཡིས་ཀྱང་མི་ནུས་པའི་དྲང་བོར་བསྲིངས་སྟབས།   མཚོའི་ནག་ཁུང་ནང་གི་གཏིང་ཚད་ཀྱི་རིམ་པ་རེ་རེ་ན་ཁ་འབྲིད་ཅིག་གིས་ཏག་ཏག་ཁོང་གིས་བསམས་པ་ཇི་བཞིན་ཉ་གང་ཡིན་ཞིག་བརྐྱལ་ནས་ཡོང་རྒྱུ་ལ་སྒུག་བཞིན་ཡོད།   མི་གཞན་རྣམས་ཀྱིས་ཉ་ཐག་དེ་རྒྱ་མཚོའི་རྒྱུ་བ་ཡིས་འཁྱེར་བཅུག་ཅིང་།   མཚམས་མཚམས་ལ་ཉ་བ་ཚོས་ཐག་པ་དེ་འདོམ་བརྒྱ་ཡི་མཚམས་སུ་ཡོད་པར་རློམ་སྐབས་སུ་དེ་ཚོ་འདོམ་དྲུག་ཅུའི་མཚམས་ན་ཡོད།

ཡིན་ན་ཡང་།  ཁོང་གིས་བསམས།   ངས་དེ་ཚོ་ཚད་ཏག་ཏག་ལ་བཞག ང་ལ་གཅིག་རང་གཅིག་ཡོད་པ་ནི་ད་བསོད་ནམས་མེད་པ་འདི་རེད།   ཡིན་ན་ཡང་སུས་ཤེས།   གཅིག་བྱས་ན་དེ་རིང་།   ཉི་མ་རེ་རེ་བཞིན་ཉི་མ་གསར་པ་རེད།   བསོད་ནམས་ཅན་ཡིན་ན་ཡག་ག་འདུགཡིན་ན་ཡང་།   དེ་ལས་ང་ཚད་ཏག་ཏག་ཅིག་བྱས་ན་འདོད།   དེ་ནས་བསོད་ནམས་འཁོར་ན་སོ་སོ་ཡང་གྲ་སྒྲིག་ཨང་གསར་རེད།

ད་ནི་ཉི་མ་ཡང་ཆུ་ཚོད་གཉིས་ཀྱིས་མཐོ་རུ་སོང་ཡོད།   ཁོང་གིས་ཤར་ཕྱོགས་ལ་ལྟ་རྒྱུ་དེས་མིག་ལ་ཡང་དེ་ཙམ་མི་གནོད།   ད་ནི་མཐོང་ས་ན་གྲུ་གསུམ་མ་གཏོགས་མི་འདུགདེ་ཚོ་ནི་ཆེས་ཆུང་ཆུང་མཐོང་བ་དང་མཚོ་འགྲམ་དང་ཐག་ཉེ་ས་ན་འདུག

ངའི་མི་ཚེ་གང་གི་རིང་ཞོགས་ཀའི་ཉི་མ་ཡིས་ངའི་མིག་ལ་གནོད།   ཁོང་གིས་བསམས།   ཡིན་ན་ཡང་ད་དུང་དེ་ཚོ་བཟང་།   ཕྱི་དྲོའི་སྐབས་སུ་མིག་རབ་རིབ་ཏུ་མ་སོང་བའི་ངང་ནས་ངས་ཉི་མ་ལ་ཐད་ཀར་བལྟ་ཐུབ།   ཕྱི་དྲོའི་སྐབས་སུ་དེ་ལ་སྟོབས་ཀྱང་མང་ང་ཡོད།   ཡིན་ན་ཡང་ཞོགས་ཀའི་སྐབས་སུ་དེ་ནི་ན་ཟུག་ཅན་ཞིག་རེད།

དེ་མཚམས།   ཁོང་གིས་དམག་གི་མཚོ་བྱ་གཤོག་རིང་ཞིག་གིས་ནག་ལ་རིང་བའི་གཤོག་པ་བརྐྱངས་ནས་ཁོང་གི་མགོ་ཐོག་ནས་སྐོར་ལྡིང་བྱེད་པ་མཐོང་།   བྱ་དེས་མྱུར་མོའི་འབེབས་ཤིག་བྱས།   དེ་ནས་གཤོག་པ་མཇུག་ཏུ་བསྐུམས་ནས་གསེག་འཕུར་གྱིས་མར་ཡོང་།   དེ་ནས་ཡང་སྐོར་ར་བྱས།

“ཁོང་ལ་ཅིག་ཐོབ་པ་རེད།”རྒད་པོས་སྐད་གཟེངས་མཐོན་པོས་བཤད།   “ཁོས་བལྟ་གིན་ཡོད་པ་ཙམ་ཞིག་མ་རེད།”

བྱ་ཡིས་ལྡིང་སྐོར་རྒྱག་སའི་ཕྱོགས་སུ་ཁོང་གིས་བརྟན་པོ་དང་ལྷོད་ལྷོད་ངང་གྲུ་ཁྱེམ་འཕུལ།   ཁོང་གིས་བྲེལ་བ་མ་བྱས་ཤིང་།   ཉ་ཐག་རྣམས་ཡར་མར་ལ་དྲང་བོར་བཞགཡིན་ན་ཡང་ཁོང་གིས་མཚོའི་རྒྱུ་བ་ལ་འཚང་ཁ་ཏོག་ཙམ་བྱས།   བྱ་འདི་སྤྱད་ནས་ཉ་རྔོན་རྩིས་མ་བྱས་པའི་སྔོན་ལ་རང་གི་ཉ་རྔོན་ལུགས་དང་བསྡུར་ན།   ཁོང་ཅུང་ཙམ་མགྱོགས་ན་ཡང་།   ད་དུང་ཚུལ་དང་མཐུན་པར་ཉ་རྔོན་གྱིན་ཡོད།

བྱ་དེ་དགུང་མཐོ་སར་སོང་ནས་ཡང་བསྐྱར་བསྐོར་བ་བྱས།   བྱ་དེའི་གཤོག་པ་ལ་གཡོ་འགུལ་མི་འདུགདེ་ནས་བྱ་དེས་གློ་བུར་དུ་ཐུར་འབེབས་བྱས་པ་དང་།   རྒད་པོས་འཕུར་ཉ་ཆུ་ལས་ཐོན་ཏེ་རྒྱ་མཚོའི་ངོས་ནས་རྟབ་རྟབ་པོར་རྒྱུགས་པ་མཐོང་།

“ཌོལ་ཕིན།”  རྒད་པོས་སྐད་མཐོན་པོས་བཤད།   “ཌོལ་ཕིན་ཆེན་པོ།”

ཁོང་གིས་གྲུ་ཁྱེམ་རྣམས་རང་གནས་སུ་བཞག་ཅིང་།     གྲུའི་མདུན་འོག་ནས་ཐག་པ་ཆུང་ཆུང་གཅིག་བླངས།   དེ་ལ་སྣེ་འཛིན་ལྕགས་སྐུད་ཅིག་དང་ལྕགས་ཀྱུ་ཆེ་ཆུང་འབྲིང་ང་ཞིག་བརྒྱུན་ཡོད།   ཁོང་གིས་དེ་ལ་ཉ་སཱར་ཌིན་གཅིག་གིས་ཁ་འབྲིད་བཟོས།   ཁོང་གིས་དེ་གྲུའི་ཕ་རོལ་དུ་འཕངས་ཤིང་།   སྣེ་མོ་གྲུའི་མཇུག་གི་ལྕགས་འཛེར་གྱི་ཨ་ལོང་ཞིག་ལ་བསྡམས།   དེ་ནས་ཁོང་གིས་ཐག་པ་གཞན་ཞིག་ལ་ཁ་འབྲིད་བསྐོན་ནས་གྲུ་མདུན་གྱི་གྲིབ་ནག་ཡོད་སར་ཐག་འཁྱིལ་བྱས་ཏེ་བཞགཁོང་རང་འཇགས་གྲུ་ཁྱེམ་འཕུལ་བར་ཕྱིན་ཅིང་།  ད་ནི་མཚོ་ཁ་དམའ་སར་འཁོར་ཏེ་ལས་ཀ་བྱེད་བཞིན་པའི་གཤོག་པ་རིང་བའི་བྱ་ནག་པོ་ལ་བལྟས།   

ཁོང་གིས་བལྟས་བསྡད་དུས།   བྱ་དེས་ཐུར་མཆོངས་བྱེད་ཕྱིར་གཤོག་པ་གསེག་ནས་ཡང་བསྐྱར་འབེབས་གཅིག་བྱས།   དེ་ནས་ བྱ་དེས་འཕུར་ཉའི་རྗེས་དེད་རིམ་བཞིན་ཕན་འབྲས་མེད་པ་དང་དྲག་པོའི་ངང་ནས་གཤོག་པ་བརྡབས།     ཁོང་ཚོས་བྲོས་འགྲོ་བའི་འཕུར་ཉ་དེད་པ་བཞིན་རྒད་པོས་ཆུའི་ནང་ནས་ཌོལ་ཕིན་གྱིས་བཏོད་པའི་ཆུ་འབུར་ཅུང་ཟད་ཅིག་མཐོང་།     ཌོལ་ཕིན་གྱིས་ཉ་འཕུར་བའི་མཚམས་དེའི་ཆུ་དེ་གཤགས་ནས་འགྲོ་ཞིང་།   ཉ་དེ་མར་ཟགས་སྐབས་ཌོལ་ཕིན་ཆུའི་ནང་ལ་ཐིམ་ཡོད་ཅིང་མགྱོགས་པོར་འགྲོ་གི་འདུག འདི་ཌོལ་ཕིན་གྱི་ཁྱུ་ཚོགས་ཆེ་བ་གཅིག་རེད།   ཁོང་གིས་བསམས།   དེ་ཚོ་ཤིན་ཏུ་ཁྱབ་ཆེ་ལ་འཕུར་ཉ་ལ་གོ་སྐབས་ཆུང་ཆུང་ཞིག་ལས་མེད།   བྱ་ལ་གོ་སྐབས་ཁྱོན་ནས་མེད།     འཕུར་ཉ་དེ་ཚོ་ནི་བྱ་དེ་ལ་ཆེས་ཆེ་བ་མ་ཟད་ཆེས་མགྱོགས་པོར་འགྲོ་ཐུབ།

ཁོང་གིས་འཕུར་ཉ་དེ་ཡང་ནས་ཡང་དུ་ཆུའི་ནང་ནས་གློ་བུར་དུ་ཐོན་པ་དང་ཕན་འབྲས་མེད་པའི་བྱའི་ལས་ཀ་ལ་བལྟས།    ཉ་རིགས་འདི་ཚོ་ངའི་ལག་ནས་ཐར་སོང་།   ཁོང་གིས་བསམས།    ཁོང་ཚོ་ཕར་ཧ་ཅང་ཐག་རིང་ས་ལ་ཆེས་མགྱོགས་པོར་འགྲོ་གི་འདུགཡིན་ནའང་གཅིག་བྱས་ན་ངས་ཉ་འཁྱམས་པོ་ཞིག་ལེན་གྱི་ཡིན་ལ།   གཅིག་བྱས་ན་བདག་གི་ཉ་ཆེན་པོ་དེ་ཡང་དེ་ཚོའི་འཁྲིས་ལ་ཡོད་སྲིད།   བདག་གི་ཉ་ཆེན་དེ་གང་ཞིག་ན་ཏན་ཏན་ཡོད་དགོས་པ་རེད།

ས་གཞིའི་སྟེང་གི་སྤྲིན་ཕུང་རྣམས་ད་ནི་རི་བོ་བཞིན་ཡར་ལངས་ཤིང་།   སྔོ་སྐྱའི་མདངས་ཅན་གྱི་རི་ཕྲན་རྒྱབ་ཏུ་བཞག་པའི་མཚོ་འགྲམ་དེ་ཐིག་ལྗང་ཁུ་རིང་མོ་ཞིག་རེད།   ད་ནི་རྒྱ་མཚོའི་ཁ་དོག་སྔོ་ནག་ཏུ་གྱུར་ཅིང་།   ཆེས་སྔོ་ནག་ཡིན་སྟབས་ཧ་ལམ་སྨུག་མདོག་ཅན་ཞིག་རེད།   ཁོང་གིས་དེའི་ནང་དུ་མར་བལྟས་སྐབས་ཆུ་ནག་པོའི་ནང་མཚོའི་འབུ་སྲིན་གྱི་[15]ཚགས་དམར་པོ་ཞིག་དང་ཉི་མ་ཡིས་འོད་ཁྱད་མཚར་ཞིག་བཟོས་པ་མཐོང་།   ཁོས་རང་གི་ཉ་ཐག་རྣམས་ཆུ་ཡི་ནང་གི་མཐོང་ས་ལས་བརྒལ་ནས་ཐད་ཀར་མར་ཕྱིན་ཡོད་མེད་ལ་བལྟས་ཤིང་།   མཚོའི་འབུ་སྲིན་ཧ་ཅང་མང་པོ་མཐོང་ནས་ཁོང་ཏུ་དགའ།   གང་ཡིན་ཟེར་ན།   དེ་ནི་ཉ་ཡོད་པའི་རྟགས་མཚན་རེད།    ད་ནི་ཉི་མ་ཇེ་མཐོར་སོང་ཡོད་ཅིང་།   དེས་མཚོ་ཡི་ནང་དུ་འོད་ཡ་མཚན་ཞིག་བཟོས་འདུག་ལ།  དེ་ནི་གནམ་གཤིས་བཟང་བའི་རྟགས་མཚན་ཞིག་དང་།   ས་གཞིའི་ངོས་ཀྱི་སྤྲིན་པའི་དབྱིབས་ཀྱིས་ཀྱང་དེ་མཚོན་པ་རེད།   ཡིན་ནའང་བྱ་དེ་ད་ནི་ཧ་ལམ་མཐོང་ས་ལས་ཡལ་འདུག་ལ།   རྒྱ་མཚོ་ངོས་ནས་ཀྱང་གང་ཡང་བསྟན་མ་སོང་།   ཡིན་ནའང་ཉི་འོད་ཀྱིས་མདོག་བསྒྱུར་བའི་མཚོ་རྩྭ་སཱར་གོ་སོའི་དུམ་བུ་འགའ་དང་།   དེ་བཞིན་མདོག་དམར་སྨུག་དང་།   བཟོ་ལྟ་མ་ཤོར་པ།   འོད་མདངས་སྣ་ཚོགས་འཕྲོ་བའི་མཚོ་ཉ་ལྒང་བུ་སྤྱིན་ཁུ་ཅན་དེའི་ཕྱོགས་གཅིག་གྲུ་ཆུང་གི་འཁྲིས་ལ་གཡེངས་ནས་འདུགདེ་ཟུར་དུ་འགྱེལ་ཞིང་དེ་ནས་སླར་རང་འཇགས་འཁོར།   འཆི་དུག་ཅན་གྱི་རྐང་ལག་རྩྭ་རྒྱུས་དམར་སྨུག་གི་མདོག་ཅན་རྣམས་མཇུག་ཏུ་འདོམ་གང་ཙམ་ཆུའི་ནང་དྲུད་པ་དེ་ལྦུ་བ་ཞིག་དང་མཚུངས་པར་འཛུམ་དམུལ་གྱིས་ཆུ་ཁར་གཡེངས་འདུག

“ཨ་ཝ་ མཱ་ལ།[16]” མི་འདིས་བཤད།   “གཞང་འཚོང་མ་ཁྱོད།”

ཁོང་གིས་གྲུ་ཁྱེམ་ཡང་མོར་གཡུགས་པའི་མཚམས་དེ་ནས་ཆུའི་ནང་ལ་མར་བལྟས་སྐབས།   རྗེས་ལ་དྲུད་པའི་རྐང་ལག་རྩ་རྒྱུས་ཀྱི་མདོག་དང་མཚུངས་པའི་ཉ་ཆུང་ཆུང་རྣམས་མཐོང་ལ།   ཉ་དེ་ཚོ་ནི་རྐང་ལག་རྩ་རྒྱུས་དེ་དག་གི་བར་རོལ་དང་ལྒང་བུ་གཡོ་རིམ་བཞིན་འཁོར་བའི་གྲིབ་མ་ཆུང་ཆུང་དེའི་འོག་ཏུ་རྐྱལ་བར་བྱེད།   ཉ་དེ་ཚོ་ལ་འདིའི་དུག་གིས་མི་འཚེ།   ཡིན་ནའང་མི་ལ་འཚེ་ཞིང་།   རྒད་པོས་ཉ་རྔོན་པའི་སྐབས་སུ་འདིའི་རྐང་ལག་རྩ་རྒྱུས་དེ་ག་རང་ཉ་ཐག་ལ་འཁྲི་ཞིང་དེར་མྱག་མྱོག་དང་དམར་སྨུག་གི་མདོག་ཅན་དུ་འབྱར་ནས་སྡོད་ལ།    རྒད་པོའི་ལག་པ་དང་དཔུང་བའི་ངོས་ལ་བྲབ་པའི་རྨ་རྗེས་དང་ཟུག་གཟེར་ཡོང་བ་དེ་ནི།   དུག་ཤིང་ཨ་ཝེ་དང་དུག་ཤིང་ཨོག་གིས་བཟོ་བ་དང་རིགས་མཚུངས།[17]ཡིན་ནའང་།   ཨ་ཝ་མཱ་ལ་ནས་ཡོང་བའི་དུག་འདི་ཚོ་ནི་ཡོང་མྱུར་ལ་ལྕག་གིས་བྲབ་པ་བཞིན་རྡེག་པར་བྱེད།   

ལྦུ་བའི་འོད་མདངས་བཀྲ་བ་དེ་ནི་ཡིད་དུ་འོང་བ་ཞིག་རེད།   ཡིན་ནའང་རྒྱ་མཚོའི་ནང་གི་བསླུ་བྲིད་ཆེ་ཤོས་ནི་དེ་ཚོ་ཡིན་ཞིང་།   རྒད་པོ་ནི་རྒྱ་མཚོའི་རུས་སྦལ་ཆེན་པོ་ཚོས་དེ་ཚོ་ཟ་གིན་ཡོད་པ་ལ་བལྟ་རྒྱུར་དགའ།   རུས་སྦལ་གྱིས་དེ་ཚོ་མཐོང་ཚེ།   དེ་ཚོའི་མདུན་ནས་གཏུགས་ཤིང་།   དེ་ནས་རང་གི་མིག་གཉིས་བཙུམས་སྟབས་རྒྱབ་སྐོགས་ཀྱིས་ཆ་ཚང་བར་བཏུམས་ཡོད་ཅིང་།   དེ་ནས་དེ་ཚོའི་རྐང་ལག་རྩ་རྒྱུས་དང་བཅས་པ་ཚང་མ་ཟ།   རྒད་པོ་ནི་རུས་སྦལ་གྱིས་དེ་ཚོ་ཟ་གི་ཡོད་པ་ལ་བལྟ་རྒྱུར་དགའ་ཞིང་།   དྲག་ཆར་སླེབས་པའི་རྗེས་སུ་མཚོ་འགྲམ་ནས་དེ་ཚོའི་སྟེང་གོམ་པ་སྤོ་བར་དགའ་བ་དང་།   ཁོང་གི་རྐང་མཐིལ་རྭ་ཅོ་འདྲ་བ་དེ་དེའི་སྟེང་ལ་བཞག་དུས་པོབ་ཅེས་པའི་སྒྲ་ཐོན་པ་ལ་ཉན་རྒྱུར་དགའ།

བརྗིད་ཉམས་དོད་ཅིང་དང་འགྲོས་མགྱོགས་པ།   དེ་བཞིན་རིན་ཆེ་བའི་རུས་སྦལ་ལྗང་ཁུ་དང་རུས་སྦལ་བྱ་མཆུ་ཅན་དག་ལ་ཁོང་དགའ་ཞིང་།   གཟུགས་གཞི་ཆེ་ཞིང་པགས་པའི་སྡེར་མའི་ནང་སེར་པོ་ཡིན་ལ།   འཁྲིག་སྤྱོད་བྱེད་སྟངས་ཁྱད་མཚར་ཡིན་པ་དང་།   མིག་བཙུམས་ཏེ་སྤྲོ་བའི་ངང་ནས་མཚོ་ཉ་ལྒང་བུ་སྤྱིན་ཁུ་ཅན་ཟ་མཁན་གྱི་རུས་སྦལ་མགོ་ཆེན་ལྐུགས་པ་དེ་ཚོ་ལ་ཁོང་གིས་ནང་ཚགས་ཀྱི་མཐོང་ཆུང་བྱེད།   

ལོ་མང་པོའི་རིང་ལ།   ཁོང་རུས་སྦལ་རྔོན་པའི་གྲུ་ལ་བསྡད་ནས་སོང་ཡོད་མོད།   ཁོང་ལ་རུས་སྦལ་གྱི་སྐོར་ལ་གསང་བའི་མན་ངག་མེད།   ཁོང་ལྗིད་ཚད་ལ་མཐའ་ན་ཊོན་གཅིག་ཡོད་ཅིང་རིང་ཚད་ལ་གྲུ་ཆུང་གི་རིང་ཐུང་ཡོད་པའི་རྒྱབ་ཤུན་ཆེན་པོའི་རིགས་དང་བཅས་པའི་རུས་སྦལ་ཚང་མ་ལ་སྙིང་རྗེ་སྐྱེ།   མི་ཕལ་ཆེ་བ་ལ་རུས་སྦལ་གྱི་ཐད་ལ་སེམས་ཟེར་བ་ཞིག་མེད།   གང་ཡིན་ཟེར་ན།   རུས་སྦལ་བཤས་ཤིང་གཏུབས་པའི་རྗེས་ཁོའི་སྙིང་ཆུ་ཚོད་མང་པོའི་རིང་ལ་འཕར་ལྡིང་བྱེད།   ཡིན་ནའང་།  རྒད་པོས་བསམས།   ང་ལ་ཡང་སྙིང་དེ་འདྲ་ཞིག་ཡོད་ལ།   ངའི་རྐང་ལག་ཀྱང་དེ་ཚོའི་རྐང་ལག་དང་མཚུངས།   ཁོང་གིས་རང་ལ་སྟོབས་ཡོང་ཆེད་སྒོ་ང་དཀར་པོ་རྣམས་ཟས།    ཁོང་གིས་ཟླ་བ་དགུ་པ་དང་བཅུ་པའི་ནང་དངོས་གནས་ཆེ་བའི་ཉ་ཞིག་འཛིན་རྒྱུ་ལ་སྟོབས་ལྡང་ངེས་ཡོད་ཆེད་ ཟླ་བ་ལྔ་པ་ཡོངས་རྫོགས་ལ་དེ་ཚོ་ཟས།   

ཡང་ཁོང་གིས་ཉིན་ལྟར་ཉ་པ་མང་པོས་ཅ་ལག་འཇོག་སའི་ཤིང་ཁང་ནས་ཟོ་བ་ཞིག་ལས་ཉ་ཤྲག་གི་མཆིན་པའི་སྣུམ་དཀར་ཡོལ་གང་རེ་འཐུང་།   དེ་ནི་ཉ་པ་འཐུང་འདོད་ཡོད་པ་ཚང་མའི་ཆེད་དུ་དེ་རུ་བཞག་ཡོད།   ཉ་པ་མང་ཆེ་བ་དེའི་བྲོ་བ་ལ་གཏན་ནས་མི་དགའ།   ཡིན་ནའང་།  དེ་ནི་ཁོང་ཚོ་ལངས་སྐབས་ཀྱི་དུས་ཚོད་དེར་ཡར་ལངས་པ་ལས་སྡུག་ག་ཞིག་མིན་ཞིང་།   དེ་ཆམ་པ་དང་ཚ་བའི་རིགས་ཚང་མ་ལ་ཕན་ལ།   དེས་མིག་ལ་ཡང་ཕན།

ད་ནི་རྒད་པོས་ཡར་བལྟས་པ་དང་།   བྱ་དེས་ཡང་བསྐྱར་འཕུར་ལྡིང་བྱེད་པ་མཐོང་།

“ཁོས་ཉ་རྙེད་འདུག” རྒད་པོས་སྐད་ཆེན་པོས་བཤད།   རྒྱ་མཚོའི་ངོས་ནས་འཕུར་ཉ་བཏོན་མ་སོང་ལ།   ཁ་འབྲིད་ཀྱི་ཉ་བཀྲམས་ནས་འགྲོ་བ་ཡང་མེད།   ཡིན་ནའང་རྒད་པོས་བལྟས་ནས་བསྡད་དུས་ཉ་ཊུ་ནཱ་ཆུང་བ་ཞིག་བར་སྣང་ལ་མཆོངས།   ཨ་ལོག་ཅིག་བརྒྱབ་ནས་མགོ་ཐོག་མ་བྱས་ཏེ་ཆུའི་ནང་དུ་འཛུལ།   ཊུ་ནཱ་དེ་ཉི་འོད་འོག་དངུལ་མདོག་འཚེར།   དེ་ཆུའི་ནང་ལ་སླར་འཛུལ་བའི་རྗེས་སུ་གཞན་དང་གཞན་ཆུ་ཁར་མཆོངས།   དེ་ཚོ་ཕྱོགས་ཚང་མར་མཆོངས་ལ།   ཆུ་འཁོར་མོར་དཀྲུགས་ཤིང་ཁ་འབྲིད་ཀྱི་རྗེས་དེད་ནས་མཐོ་ལ་རིང་བའི་སར་མཆོངས་ལྡིང་བྱེད།   ཁོང་ཚོ་དེ་ལ་བསྐོར་ཞིང་དེ་འདེད།

གལ་སྲིད་འདི་ཚོ་མགྱོགས་པོར་མ་བསྐྱོད་ཚེ་ང་འདི་ཚོའི་གསེང་ལ་འགྲོ་གི་ཡིན།   རྒད་པོས་བསམས།   ཁོང་གིས་མཚོ་ཉའི་ཁྱུ་འདིས་ཆུ་དཀར་པོར་བཟོ་བ་དང་།   རྟབ་རྟབ་པོར་མཚོ་ཁར་དེད་པའི་ཁ་འབྲིད་ཉ་དེ་ཚོའི་ཁྲོད་དུ་བྱ་དེའང་འབབ་པ་དང་བསྙབས་པ་ལ་བལྟས།   

“བྱ་འདི་རོགས་རམ་ཆེན་པོ་ཞིག་རེད།”རྒད་པོས་བཤད།   དེ་མཚམས་ཐག་འཁྱིལ་བཞག་སའི་ཁོའི་རྐང་འོག་ནས་གྲུ་མཇུག་གི་ཉ་ཐག་དེ་དམ་དུ་སོང་།   ཁོང་གིས་གྲུ་ཁྱེམ་གཡུགས་ནས་ཉ་ཐག་དེ་དམ་པོར་བཟུང་ཞིང་ཡར་འཐེན་མགོ་བཙུགས་པ་བཞིན།   ཁོང་གིས་ཉ་ཊུ་ནཱ་ཆུང་བ་ཞིག་གིས་འདར་སིག་སིག་གི་ངང་ནས་འཐེན་པའི་འཐེན་ཤུགས་ཚོར་བར་གྱུར།    ཁོང་གིས་ཡར་འཐེན་རིམ་བཞིན་འདར་སིག་ཇེ་ཆེར་གྱུར་ཅིང་།   ཁོང་གིས་ཉ་དེ་འཐེན་ནས་གྲུའི་ནང་དུ་མ་གཡུགས་པའི་གོང་ལ།    ཆུའི་ནང་ནས་ཉ་ཡི་རྒྱབ་ལྗང་ཁུ་དང་ཟུར་གཉིས་སེར་པོ་ཡིན་པ་མཐོང་ཐུབ།    ཁོང་གིས་ཉ་དེ་གྲུ་མཇུག་ཏུ་ཉི་འོད་འོག་བསྙལ་ཅིང་།   ཤ་ཁ་ཁེངས་ཤིང་མདེལ་གྱི་དབྱིབས་ཡོད་ལ།   རང་གི་མཛེས་ཤིང་མྱུར་བའི་མཇུག་མ་དེས་འདར་སིག་སིག་གིས་བརྡབ་གསིག་བྱེད་བཞིན་གྲུའི་ཤིང་གཅལ་ངོས་སྲོག་དང་བསྡོས་ནས་རྡེག་པ་དང་ཆབས་གཅིག་དེའི་གྲུང་ཤ་མེད་ཅིང་ཆེ་བའི་མིག་གཉིས་གཅེར་འདུགརྒད་པོས་སྡིག་པར་མིག་བཙུམས་ཀྱིས་ཁོའི་མགོ་ལ་གཞུས་ཤིང་རྡོག་རྫིས་བྱས།   ཁོའི་ལུས་དེ་གྲུ་མཇུག་གི་གྲིབ་མའི་འོག་ན་ད་དུང་འདར་སིག་སིག་བྱེད།   

“ཨལ་བྷ་ཁོར།” ཁོས་སྐད་གཟེངས་མཐོན་པོས་བཤད།   “འདིས་ཁ་འབྲིད་ཡག་པོ་ཞིག་བཟོ་གི་རེད།   ཁོ་ལ་རྒྱ་མ་བཅུ་ཡོད་ཀྱི་རེད།”

ཁོ་རང་གཅིག་པུར་སྡོད་དུས་སྐད་གཟེངས་མཐོན་པོས་སྐད་ཆ་བཤད་པ་འདི་ནམ་ཞིག་ནས་མགོ་བཙུགས་མིན་མི་དྲན།   གནའ་སྔ་མོའི་དུས་ཁོ་རང་གཅིག་པུ་ཡིན་དུས་ཁོས་གླུ་བླངས།   མཚམས་མཚམས་ལ་མཚན་མོའི་དུས་སུ་ཁོས་རུས་སྦལ་རྔོན་པའི་གྲུའམ་ཡང་ན་གཡོར་གྲུའི་ཁ་ལོ་བསྒྱུར་དགོས་འཁེལ་བའི་སྐབས་གླུ་བླངས།   གཅིག་བྱས་ན།  བུ་ཆུང་ཐོན་པའི་རྗེས་སུ་ཁོ་རང་གཅིག་པུ་ཡིན་དུས་སྐད་མཐོན་པོས་ཁེར་བཤད་བྱེད་རྒྱུ་མགོ་བཙུགས་པ་རེད།   ཡིན་ན་ཡང་།  ཁོང་གིས་མི་དྲན།   བུ་ཆུང་དང་ཁོང་གཉིས་མཉམ་དུ་ཉ་རྔོན་སྐབས་ནམ་རྒྱུན་དགོས་གལ་བྱུང་དུས་ཁོ་ན་ལ་ཁ་བརྡ་བྱེད།   ཁོང་ཚོས་མཚན་མོ་དང་།   ཡང་ན།  གནམ་གཤིས་ངན་པའི་དབང་གིས་དྲག་ཆར་ཡོང་སྐབས་ཁ་བརྡ་བྱེད།   རྒྱ་མཚོའི་ནང་དོན་མེད་ཀྱི་ཁ་བརྡ་མི་བྱེད་པ་དེ་དགེ་བ་ཞིག་ཏུ་བརྩི་ཞིང་།   རྒད་པོས་ནམ་ཡིན་ཡང་དེ་ལྟར་བརྩིས་ཤིང་དེ་ལ་གུས་བརྩི་བྱས།   ཡིན་ན་ཡང་ད་ནི་བསུན་འཇུག་ས་གཞན་སུ་གང་ཡང་མེད་སྟབས།   ཁོང་གིས་རང་གི་བསམ་བློ་རྣམས་ཐེངས་མང་སྐད་ཆེན་པོས་བཤད་པ་རེད།   

“གལ་སྲིད་མི་གཞན་པ་ཚོས་ངས་སྐད་གཟེངས་མཐོན་པོས་ཁ་བརྡ་བྱེད་པ་གོ་ན་ཁོང་ཚོས་ང་སྨྱོན་པ་རེད་བསམས་ཀྱི་རེད།” ཁོས་སྐད་གཟེངས་མཐོན་པོས་བཤད།   “ཡིན་ན་ཡང་ང་སྨྱོན་པ་མིན་སྟབས།   ངས་དེ་ལ་ཡ་མི་བྱེད།   ཕྱུག་པོ་རྣམས་ལ་གྲུའི་ནང་དུ་ཁོ་ཚོ་ལ་སྐད་ཆ་ཤོད་མཁན་དང་ དབྱུག་པའི་སྤོ་ལོའི་སྐོར་འཁྱེར་ཡོང་བའི་རླུང་འཕྲིན་ཡོ་ཆས་ཡོད་པ་རེད།”

ད་ནི་དབྱུག་པའི་སྤོ་ལོའི་སྐོར་ལ་བསམ་བློ་གཏོང་དུས་མ་རེད།   ཁོང་གིས་བསམས།   ད་ནི་དོན་གཅིག་ཁོ་ནའི་ཆེད་བསམ་བློ་གཏོང་བའི་དུས་ཚོད་རེད།   དེ་ནི་ང་གང་གི་ཆེད་དུ་སྐྱེ་བའི་དོན་དེ་རེད།   གཅིག་བྱས་ན་ཉ་ཁྱུ་དེ་ཚོའི་ཉེ་སྐོར་ལ་ཆེན་པོ་གཅིག་ཡོད་སྲིད།   ཁོང་གིས་བསམས།   ལྟོ་ཆས་ཟ་བཞིན་པའི་ཉ་ཨལ་བྷ་ཁོར་དེ་ཚོའི་ཁྲོད་ནས་འཁྱམས་པོ་གཅིག་རང་གཅིག་ངས་བླངས་པ་རེད།   ཡིན་ནའང་ཁོང་ཚོས་ཐག་རིང་ས་ཞིག་ལ་ཆེས་མགྱོགས་པོར་ལས་ཀ་བྱེད་ཀྱི་འདུགདེ་རིང་རྒྱ་མཚོའི་ངོས་སུ་བསྟན་ཚད་ཚང་མ་མགྱོགས་པོར་འགྲོ་གི་འདུག་ལ།   བྱང་ཤར་ལ་འགྲོ་གི་འདུགདེ་ཉི་མ་འདིའི་དུས་ཚོད་ཅིག་ཡིན་ནམ།   ཡང་ན།   ངས་མ་ཤེས་པའི་གནམ་གཤིས་ཀྱི་རྟགས་མཚན་ཞིག་ཡིན།

ད་ནི་ཁོང་གིས་མཚོ་འགྲམ་གྱི་ལྗང་མདོག་དེ་མི་མཐོང་མོད།   ཁ་བའི་ཞྭ་མོ་གྱོན་པ་ཇི་བཞིན་རི་སྔོན་པོ་དག་གི་རི་རྩེ་དཀར་པོར་མཐོང་ཞིང་།   སྤྲིན་པ་རྣམས་ནི་དེའི་སྟེང་གི་གངས་རི་མཐོན་པོ་དང་མཚུངས་པར་གནས།   རྒྱ་མཚོ་ནི་ཤིན་ཏུ་ནག་ལ།   ཉི་འོད་ཀྱིས་མཚོ་ཡི་ནང་དུ་འོད་ཀྱི་ཟེར་མ་བཟོས།   ཉི་མ་ཇེ་མཐོར་སོང་བརྟེན་མཚོའི་འབུ་སྲིན་གྱི་འོད་ཆུང་ཆུང་བགྲང་ཡས་པ་དེ་ཚོ་ད་ནི་མི་སྣང་ལ།   ཁོང་གི་ཉ་ཐག་རྣམས་མེལ་ལེ་གཅིག་གི་གཏིང་ཚད་ཡོད་པའི་མཚོའི་ནང་ཐད་ཀར་ཐུར་དུ་ཟུག་པ་དང་མཉམ་དུ།   ད་ནི་ཁོང་གིས་མཚོ་སྔོན་མོའི་གཏིང་ལ་ཟུག་པའི་ཉི་འོད་ཀྱི་ཟེར་མ་དག་མཐོང་བར་གྱུར།

ཊུ་ནཱ་སྟེ།  ཉ་པ་ཚོས་ཉ་ཡི་རིགས་འདི་ཡོངས་ལ་ཊུ་ནཱ་ཟེར་ཞིང་།   དེ་ཚོ་ཁ་འབྲིད་ཆེད་བརྗེ་རེས་བྱེད་པའམ་ཡང་ན་བཙོངས་པར་འགྲོ་སྐབས་ཁོ་ན་ལ་དེ་ཚོའི་མིང་བྱེ་བྲག་པ་སྤྱད་ནས་དབྱེ་བ་འབྱེད་པའི་ཉ་དེ་ཚོ་ཡང་བསྐྱར་ཆུ་ལ་འཛུལ་ཚར་འདུག   །   ད་ནི་ཉི་མ་ཚ་ཞིང་རྒད་པོས་ཉི་མ་ཚ་བ་དེ་རང་གི་སྐེ་རྒྱབ་ནས་ཚོར།   ཁོང་གིས་གྲུ་ཁྱེམ་འཕུལ་རིམ་བཞིན་རྔུལ་ཆུའི་ཐིགས་པ་རང་གི་རྒྱབ་ནས་ཐུར་དུ་ཟགས་པ་ཚོར།

ང་རྒྱ་མཚོའི་རྒྱུ་བ་ལ་འཁྱེར་འཇུག་ཐུབ།   ཁོང་གིས་བསམས།   ངས་ཉ་ཐག་གི་ཨ་ལོང་དེ་རྐང་མཛུབ་ཀྱི་མཐེ་བོང་ལ་གཉིད་དཀྲོགས་ཆེད་བསྐོན་ནས་གཉིད་ཐུབ་གི་རེད།    ཡིན་ན་ཡང་དེ་རིང་ནི་ཉི་མ་བརྒྱད་ཅུ་གྱ་ལྔ་པ་རེད།   ངས་ཉ་ཡག་པོ་བྱས་ནས་རྔོན་དགོས།

དེ་མཚམས་ཁོང་གིས་ཉ་ཐག་ལ་བལྟས་སྐབས།   ཆུ་ཁར་འཕྱོ་བའི་ཤིང་ལྕུགས་ལྗང་ཁུ་གཅིག་ཆུའི་ནང་ཤུགས་ཀྱིས་ཐིམ་པ་མཐོང་།   

“རེད།” ཁོང་གིས་བཤད།   “རེད།” ཁོང་གིས་གྲུ་ལ་མ་བརྡབས་པ་བྱས་ཏེ་གྲུ་ཁྱེམ་རང་སར་བཞག ཁོ་ཉ་ཐག་ལ་བསྙབས་ནས་འཇམ་པོའི་ངང་ལག་པ་གཡས་པའི་མཐེ་བོང་དང་གོང་མཛུབ་གཉིས་ཀྱི་བར་ནས་བཟུང་།   ཁོང་གིས་འཐེན་པ་དང་ལྕི་བ་གང་ཡང་མ་ཚོར།   ཁོང་གིས་ཉ་ཐག་ཡང་མོར་འཇུས།   དེ་ནས་དེ་ཡང་བསྐྱར་ཡོང་།   ཐེངས་འདིར་དེ་འགུལ་ཙམ་གྱི་འཐེན་པ་ཞིག་ཅིང་།   མཁྲེགས་པོ་དང་ལྗིད་པོ་གང་ཡང་མ་རེད།   ཁོང་གིས་ཏག་ཏག་དེ་ཅི་ཞིག་ཡིན་མིན་ཤེས།   འདོམ་བརྒྱ་ཡི་འོག་ན་ལག་པས་བརྡུང་བའི་ལྕགས་ཀྱུ་དེ་ཉ་ཊུ་ན་ཞིག་གི་མགོ་ནང་ནས་ཕྱིར་མངོན་ཡོད་ས་དེ་ན།   ཉ་ཆེན་མཱར་ལིན་ཞིག་གིས་ལྕགས་ཀྱུའི་ཡུ་བ་དང་གུག་ལ་གཡོགས་པའི་ཉ་སཱར་ཌིན་རྣམས་ཟ་བཞིན་ཡོད།

རྒད་པོས་ཉ་ཐག་དེ་མཉེན་པོ་དང་ལྷོད་ལྷོད་ངང་ལག་གཡོན་གྱིས་འཇུས་ཤིང་།   དེ་ཤིང་ལྕུགས་ཀྱི་མདུད་པ་ལས་གྲོལ།   ད་ནི་ཉ་ལ་སེམས་འཚབ་མ་བསླངས་པའི་ཐོག་ནས་ཁོང་གི་མཛུབ་མོའི་བར་ནས་ཉ་ཐག་གློད་ཐུབ།

ཐག་རིང་འདི་འདྲ་ནས་ཟླ་བ་འདིའི་ནང་།   ཁོ་ཆེ་ཐག་ཆོད་ཅིག་ཡིན་ཤག་རེད།   ཁོང་གིས་བསམས།   དེ་ཚོ་ཟོ་དང་ཉ།   དེ་ཚོ་ཟོ།  ཐུགས་རྗེས་གཟིགས་དེ་ཚོ་ཟོ།   དེ་ཚོ་ཇི་འདྲའི་སོས་པ་ཞིག་རེད།   ཁྱེད་རང་མུན་ནག་ཁྲོད་དུ་ཆུ་གྲང་མོ་དེའི་ནང་ཁྲུ་དྲུག་བརྒྱའི་གཏིང་ན་ཡོད།   མུན་ནག་ནང་བསྐོར་བ་ཞིག་རྒྱོབས་ལ་ཚུར་ཤོག དེ་ཚོ་ཟོ་དང་།

ཁོས་ཡང་མོར་འཐེན་པ་ཞིག་ཚོར།   དེ་ནས་དེ་ལས་ལྗིད་ཅིག་འཐེན་པ་ཚོར།   དེ་ནི་ཉ་སཱར་ཌིན་གྱི་མགོ་དེ་ལྕགས་ཀྱུ་ལས་བཀོག་རྒྱུ་དཀའ་སེ་བ་བྱུང་བ་ཡིན་རྒྱུ་རེད།   དེ་ནས་ཅི་གང་ཡང་མི་འདུག

“ཡ་ཨ་རོ།” རྒད་པོས་སྐད་ཆེན་པོས་བཤད།   “སྐོར་ར་གཞན་ཞིག་རྒྱོབས་དང་།   དེ་ཚོའི་དྲི་མ་ལ་སྣུམ་དང་།   དེ་ཚོ་སྙིང་རྗེ་པོ་མི་འདུག་གམ།   ད་དེ་ཚོ་ཡག་པོ་བྱས་ནས་ཟོ་དང་།   དེ་ནས་དེ་ན་ཉ་ཊུ་ན་ཞིག་ཡོད།   མཁྲེགས་པོ་དང་གྲང་མོ།   སྙིང་རྗེ་པོ་ཡོད།   ཉ།   ངོ་ཚ་མ་བྱེད།   དེ་ཚོ་ཟོ་དང་།”

ཁོང་གིས་ཉ་ཐག་དེ་མཛུབ་མོ་དང་མཐེ་བོང་བར་ནས་བཟུང་སྟེ་སྒུག་ཞོར།     ཉ་དེ་གྱེན་ཐུར་དུ་བརྐྱལ་ཡོད་མེད་རྟོག་ཆེད་ཉ་ཐག་དེ་དང་ཉ་ཐག་གཞན་པ་རྣམས་ལ་དུས་མཉམ་དུ་བལྟས།    དེ་ནས་འགུལ་ཙམ་འཐེན་པའི་རེག་པ་དེ་ཡང་བསྐྱར་སླེབས།

“ཁོས་དེ་ཟ་གི་རེད།” རྒད་པོས་སྐད་ཆེན་པོས་བཤད།   “དཀོན་མཆོག་གིས་ཁོ་ལ་དེ་ཟ་བའི་རོགས་བྱོས་དང་།”

ཡིན་ན་ཡང་ཁོས་དེ་མ་ཟས།   ཁོ་ཕྱིན་ཚར་ཞིང་རྒད་པོས་ཅི་ཡང་མི་ཚོར།

“ཁོ་ཐོན་མི་ཆོག” ཁོས་བཤད།   “ཁོ་ཐོན་ན་མི་ཆོག་པ་དེ་དཀོན་མཆོག་གིས་མཁྱེན་གྱི་རེད།   ཁོས་བསྐོར་བ་ཞིག་རྒྱག་གི་འདུགགཅིག་བྱས་ན།   ཁོ་སྔོན་ཡང་ལྕགས་ཀྱུས་བཟུང་མྱོང་བ་རེད།   ཁོས་དེའི་སྐོར་ཞིག་དྲན་པ་རེད།”

དེ་ནས་ཁོས་ཉ་ཐག་ལ་བརྟན་པོར་རེག་པ་ཞིག་ཚོར།   ཁོང་དགའ།

“དེ་ནི་ཁོ་རང་གི་སྐོར་ར་ཞིག་རེད།”ཁོས་བཤད།   “ཁོས་ཟ་གི་རེད།”

ཁོང་བརྟན་པོའི་རེག་པ་དེ་ལ་དགའ་ཞིང་།   དེ་ནས་མཁྲེགས་པོ་ཞིག་དང་ཡིད་ཆེས་དཀའ་བའི་ལྗིད་པོ་ཞིག་ཚོར།   དེ་ནི་ཉ་ཡི་ལྗིད་ཚད་རེད་ལ།   ཁོང་གིས་ཉ་ཐག་འཁོར་མ་ལྷག་མ་གཉིས་ཀྱི་གཅིག་གྲོལ་ནས།   ཉ་ཐག་དེ་ཐུར་ནས་ཐུར་དང་།   ཐུར་དུ་ཤུད་དུ་བཅུགརྒད་པོའི་མཛུབ་མོའི་བར་ནས་ཉ་ཐག་དེ་ཡང་མོར་ཤུད་དེ་ཐུར་དུ་སོང་བ་དང་མཉམ་དུ།   ཁོང་གིས་ད་དུང་ལྗིད་ཚད་ཆེན་པོ་ཞིག་ཚོར་ཐུབ་མོད།   འོན་ཀྱང་ཁོང་གི་མཐེ་བོང་དང་མཛུབ་མོའི་གནོན་ཤུགས་དེ་རྩ་ནས་ཚོར་དཀའ་བ་ཞིག་ཡིན།

“ཇི་འདྲའི་ཉ་ཞིག” རྒད་པོས་བཤད།   “ཁོའི་འགྲམ་པའི་ཟུར་ལ་དེ་ཡོད་ཅིང་།   ཁོ་དེ་དང་མཉམ་དུ་ཐུར་ལ་འགྲོ་གི་འདུག”

དེ་ནས་ཁོས་བསྐོར་བ་ཞིག་བརྒྱབ་ནས་མིད་ཀྱི་རེད།   ཁོང་གིས་དེ་ལྟར་བསམས།   ཁོང་གིས་དེ་ལྟར་བཤད་མེད།   གང་ཡིན་ཟེར་ན།   གནས་ཚུལ་ཡག་པོ་དེ་ཚོ་བཤད་ན་དེ་ཚོ་མི་ཡོང་བའང་སྲིད་པ་ཁོང་གིས་ཤེས་ཡོད།   ཁོང་གིས་ཉ་འདི་ཇི་ཙམ་ཞིག་ཆེ་བ་ཤེས་ལ།   ཁོང་གིས་ཉ་དེས་ཉ་ཊུ་ནཱ་ཁ་ལ་འཕྲེད་དུ་བཅུག་ནས་ནག་ཁུང་ནང་ཕར་འགྲོ་བཞིན་པ་སེམས་ལ་ཤར།   མཚམས་དེ་ལ་ཁོང་གིས་ཁོ་འགྲོ་མཚམས་བཞག་པ་ཞིག་ཚོར་མོད།   ད་དུང་ལྗིད་ཚད་དེ་རང་འཇགས་འདུག དེ་ནས་ལྗིད་ཚད་ཆེ་རུ་ཕྱིན་ཞིང་ཁོང་གིས་ཉ་ཐག་མང་ང་གློད།   ཁོང་གིས་མཛུབ་མོ་དང་མཐེ་བོང་གིས་ཡུད་ཙམ་ལ་ཤུགས་ཀྱིས་བསྡམས་པ་དང་།   ལྗིད་ཚད་ཆེ་རུ་ཕྱིན་ཞིང་ཐད་ཀར་ཐུར་དུ་འགྲོ་གི་འདུག

“ཁོས་དེ་ཟ་གི་འདུག” ཁོང་གིས་བཤད།   “ད་ངས་ཁོ་ལ་དེ་ཡག་པོ་བྱས་ནས་ཟ་རུ་འཇུག”

ཁོང་གིས་ཉ་ཐག་དེ་མཛུབ་མོའི་བར་ནས་ཤུད་དུ་འཇུག་ཞོར།   ཁོང་གི་ལག་པ་གཡོན་མ་མར་བསྲིངས་ནས་ཉ་ཐག་འཁོར་མ་འཕར་མ་གཉིས་ཀྱི་སྣེ་དེ་ཉ་ཐག་འཁོར་མ་འཕར་མ་རྗེས་མ་གཉིས་ཀྱི་ཞགས་ལོང་ལ་བསྡམས།   ད་ཁོང་གྲ་སྒྲིག་རེད།   ད་ཁོང་ལ་ཉ་ཐག་འཁོར་མ་འདོམ་བཞི་བཅུ་ཅན་གསུམ་འཕར་མ་ཡོད་ལ།   ད་ལྟ་བཀོལ་བཞིན་པའི་ཉ་ཐག་དེའང་ཡོད།

“དེ་ཅུང་ཟད་མང་ང་ཟོ་དང་།” ཁོང་གིས་བཤད།   “ཡག་པོ་བྱས་ནས་ཟོ།”

ཟོ་དང་།   དེ་ནས་ལྕགས་ཀྱུའི་རྩེ་རྣོན་པོ་དེ་ཁྱེད་ཀྱི་སྙིང་ལ་སོང་ནས་ཁྱོད་གསོད་ཀྱི་རེད།   ཁོང་གིས་བསམས།   ལས་སླ་པོར་ཡར་ཤོག་དང་།   དེ་ནས་ངས་ཁྱེད་ལ་ཉ་མདུང་འཛུགས་ཆོག་པ་ཞུ།   འགྲིག་སོང་།  ཁྱོད་གྲ་སྒྲིག་ཡིན་ནམ།   ཁྱོད་ཅོག་ཙེའི་ཐོག་ཡུན་རིང་དྲགས་མ་སོང་ངམ།

“ད་རེད།” ཁོང་གིས་སྐད་ཤུགས་ཆེན་པོས་བཤད།   ལག་པ་གཉིས་ཀྱིས་ཤུགས་ཆེན་པོས་ཐག་པ་གོམ་པ་གཅིག་ཙམ་གྱི་ཚད་ཡར་འཐེན།   དེ་ནས་ཡང་ཡང་ཡར་འཐེན།   ཁོང་གི་གཟུགས་པོ་ཡོལ་བའི་ལྗིད་ཚད་དང་དཔུང་ངར་གྱི་ནུས་ཤུགས་ཚངས་མ་སྤུངས་ནས་ཉ་ཐག་གི་སྟེང་ལག་པ་གཉིས་རེས་མོས་ཀྱིས་སྤོར་བཞིན་འཐེན།   

གང་ཡང་བྱས་མ་སོང་།   ཉ་དེ་དལ་བོའི་ངང་ནས་ཕར་སོང་།   རྒད་པོས་ཉ་དེ་སོར་གཅིག་ཀྱང་ཡར་འཐེན་མ་ཐུབ།   ཁོང་གི་ཉ་ཐག་དེ་སྦོམ་ལ་ཉ་ཆེན་པོའི་ཆེད་བཟོས་པ་རེད།   ཁོང་གིས་ཉ་ཐག་དེ་རང་གི་རྒྱབ་ནས་དྲངས་ཏེ་ཐག་པ་ནས་ཆུའི་ཐིགས་པ་མ་འཛགས་བར་དུ་དམ་པོར་བཟུང་།   དེ་ནས་ཆུའི་ནང་ནས་སིར་སྒྲ་ཞིག་ག་ལེར་སྒྲོག་པའི་མགོ་བཙུགས།   ཁོང་གིས་རང་ཉིད་རྐུབ་སྟེགས་ལ་རྒྱབ་སྙེས་ཤིང་འཐེན་ཤུགས་ཀྱི་ཁ་གཏད་དུ་གསེག་ནས་ཉ་ཐག་དེ་བཟུང་ནས་བསྡད།   གྲུ་ཆུང་ནུབ་བྱང་ཕྱོགས་ལ་ག་ལེར་བསྐྱོད་མགོ་བཙུགས།

ཉ་དེ་བརྟན་པོའི་ངང་སོང་བ་དང་ཁོང་ཚོ་ཞི་འཇགས་ཀྱི་རྒྱ་མཚོའི་ངོས་སུ་འགྲུལ་བསྐྱོད་བྱས།   ཁ་འབྲིད་གཞན་རྣམས་ད་དུང་མཚོ་ནང་དུ་ཡོད་མོད།   དེ་དག་ལ་བྱེད་རྒྱུ་གང་ཡང་མེད།

“ང་ལ་བུ་ཆུང་དེ་ཡོད་ན།” རྒད་པོས་སྐད་གཟེངས་མཐོན་པོས་བཤད།   “ང་ཉ་གཅིག་གིས་དྲུད་པ་རེད།   ང་ནི་འདྲུད་རྟེན་ཤིང་ཕུར་རེད།   ངས་ཉ་ཐག་བསྡམས་ཐུབ་མོད།   དེ་ནས་ཁོས་དེ་གཅོད་ཐུབ།   ངས་གང་ཐུབ་ཐུབ་ཀྱིས་ཁོ་འཇུས་ནས་སྡོད་དགོས་ལ།   ཉ་ཐག་ངེས་པར་དགོས་དུས་ངས་ཁོ་ལ་སྟེར།   དཀོན་མཆོག་བཀའ་དྲིན་ཆེ།   ཁོ་ཐུར་དུ་མ་ཕྱིན་པར་འགྲུལ་བཞུད་བྱེད་ཀྱིན་འདུག”

གལ་སྲིད་ཁོ་ཐུར་དུ་འགྲོ་རྒྱུའི་ཐག་གཅོད་བྱས་ན་ངས་ཅི་བྱེད།   ངས་མི་ཤེས།  ཁོས་ཆུའི་ནང་དུ་ཐུར་དུ་རྐྱལ་ནས་ཤི་ན་ངས་ཅི་བྱེད།   ངས་མི་ཤེས།  ཡིན་ནའང་།   ངས་ཅིག་བྱེད་ཀྱི་ཡིན།   ངས་བྱེད་ཐུབ་པའི་དོན་དག་མང་པོ་ཡོད།

ཁོང་གིས་ཉ་ཐག་རྒྱབ་ནས་བཟུང་ཞིང་ཉ་ཐག་ཆུའི་ནང་གསེག་ནས་ཡོད་པ་ལ་བལྟས།   གྲུ་ཆུང་དེ་བརྟན་པོར་ནུབ་བྱང་ཕྱོགས་ལ་བསྐྱོད་བཞིན་འདུག

འདིས་ཁོ་གསོད་ཀྱི་རེད།   རྒད་པོས་བསམས།   ཁོས་འདི་འདྲ་ནམ་ནམ་ཚེ་ཚེའི་བར་དུ་བྱེད་མི་ཐུབ།   འོན་ཀྱང་ཆུ་ཚོད་བཞིའི་རྗེས་སུ་ད་དུང་ཉ་ཡིས་མུ་མཐུད་ནས་རྒྱ་མཚོའི་ནང་གྲུ་ཆུང་དྲུད་དེ་ཤར་བསྐྱོད་བྱེད།   རྒད་པོས་ད་དུང་ཉ་ཐག་རྒྱབ་ལ་འཕྲེད་དུ་བཏང་ནས་བརྟན་པོར་བཟུང་འདུག

“ངས་ཁོ་བཟུང་དུས་ཉིན་མོའི་གུང་རེད།”ཁོང་གིས་བཤད།   “ངས་ཁོ་རྩ་ནས་མ་མཐོང་།”

ཁོང་གིས་ཉ་དེ་ལ་ལྕགས་ཀྱུས་མ་བརྒྱུན་པའི་གོང་དུ་རང་གི་རྩྭ་ཞྭ་དེ་མགོ་ལ་ཤུགས་ཀྱིས་གཡོགས་ཤིང་།   དེས་ཁོའི་ཐོད་པ་ལ་རྨ་བཟོས།   ཡང་ཁོ་སྐོམ་གྱི་ཡོད་སྟབས།   པུས་མོ་ས་ལ་བཙུགས།   ཉ་ཐག་མི་སྒུལ་བར་གཟབ་གཟབ་བྱས།   གྲུའི་མདུན་ལ་སྙོབ་ཚད་ཅིག་བར་ཡོང་།   ལག་པ་ཡ་གཅིག་གིས་ཆུའི་ཤེལ་དམ་ལ་འཇུས།   ཁོས་དེའི་ཁ་ཕྱེ་ནས་ཅུང་ཙམ་འཐུང་།   གྲུའི་མདུན་ལ་སྙེས་ནས་ངལ་གསོ་བྱས།   བསླངས་མེད་པའི་དར་ཤིང་དང་གྲུ་དར་གྱི་ཐོག་བསྡད་ནས་ངལ་གསོ་བྱས།   འབད་བརྩོན་བསྟེན་པ་འདི་ལས་གཞན་ལ་བསམ་བློ་མི་གཏོང་བའི་ཐབས་ཤེས་བྱས།

དེ་ནས་ཁོང་གིས་རང་གི་རྒྱབ་ལ་བལྟས།   ས་ཆ་ཞིག་མཐོང་ས་ན་མི་འདུགདེ་ལ་ཁྱད་པར་གང་ཡང་མི་འདུགཁོང་གིས་བསམས།   གྲོང་ཁྱེར་ཧ་ཝ་ནཱ་ཡི་གློག་འོད་ལ་བརྟེན་ནས་ནམ་ཡིན་ཡང་ང་ཁྱིམ་ལ་ལོག་ཐུབ།   ཉི་མ་མ་ནུབ་བར་དུ་ད་དུང་ཆུ་ཚོད་གཉིས་ལྷག་ཡོད་ཅིང་།   གཅིག་བྱས་ན་ཁོ་དེའི་སྔོན་ལ་ཡར་ཡོང་སྲིད།   གལ་སྲིད་མ་ཡོང་ན་ཁོང་ཟླ་བ་དང་མཉམ་དུ་ཡར་ཡོང་སྲིད།   ཁོང་གིས་དེ་ཡང་མ་བྱས་ན་ཁོ་ཉི་མ་ཤར་བ་དང་མཉམ་ཡར་ཡོང་སྲིད།   ང་ལ་རེངས་པ་མེད་ཅིང་སྟོབས་ཆེན་པོ་ཚོར།   ཁའི་ནང་ལ་ལྕགས་ཀྱུ་བཏབ་ནས་ཡོད་པ་དེ་ཁོ་རེད།   ཡིན་ནའང་འཐེན་སྟངས་འདི་འདྲ་ཡོད་པའི་ཉ་ཅི་འདྲ་ཞིག ཁོས་ཏན་ཏན་ཉ་ཐག་གི་ལྕགས་སྐུད་སྟེང་ཁ་དམ་པོར་བཙུམས་ཡོད་པ་རེད།   ངས་ཁོ་ཐེངས་གཅིག་མཐོང་བར་ཤོག ངས་ངའི་ཁ་གཏད་ལ་ཅི་འདྲ་ཞིག་ཡོད་མེད་ཤེས་ཆེད་ཐེངས་གཅིག་ཁོ་མཐོང་བར་ཤོག

རྒད་པོས་སྐར་མ་ལ་བལྟས་ནས་བཤད་ཐུབ་ཚོད་ལ་ནི་ཉ་འདིས་མཚན་མོ་དེའི་རིང་ལ་ཁོའི་བགྲོད་ལམ་དང་ཁ་ཕྱོགས་གཏན་ནས་བརྗེ་མ་སོང་།   ཉི་མ་ནུབ་རྗེས་སུ་གྲང་ཞིང་།   རྒད་པོའི་རྔུལ་ཆུ་ཡང་ཁོའི་རྒྱབ་དང་དཔུང་བ།   ཁོའི་རྒས་འཁོགས་ཀྱི་རྐང་པའི་སྟེང་གྲང་མོར་སྐམ་འདུགཉིན་མོའི་སྐབས་སུ་ཁོས་ཁ་འབྲིད་སྒམ་ལ་གབ་པའི་སྒྱེ་སྣོད་དེ་བླངས་ནས་ཉི་མར་བསྐམས་ཡོད།   ཉི་མ་ནུབ་པ་དང་དེ་རང་གི་སྐེ་ལ་བསྡམས།   དེ་ལྟར་བྱས་པས་སྒྱེ་སྣོད་དེས་རང་གི་རྒྱབ་ཁེབས་ཡོད་ཅིང་།   དེ་རང་གི་ཕྲག་པར་ཡོད་པའི་ཉ་ཐག་གི་འོག་ལ་གཟབ་གཟབ་བྱས་ཏེ་བཅུགསྒྱེ་སྣོད་དེ་ཉ་ཐག་གི་གདན་དུ་བཟོས་ཤིང་།  ཁོང་གིས་གྲུའི་མདུན་ལ་ཁ་བསྟན་ནས་སྙེས་པའི་ཐབས་ཤིག་རྙེད་ནས་དེ་ཧ་ལམ་སྟབས་བདེ་བོ་ཞིག་འདུགདངོས་གནས་བྱས་ན་སྡོད་སྟངས་དེ་ནི་བཟོད་སྒོམ་ཐུབ་པ་ཙམ་ཞིག་རེད།   ཡིན་ནའང་ཁོང་གིས་དེ་ཧ་ལམ་སྟབས་བདེ་བོ་ཞིག་ཡིན་པ་ཇི་བཞིན་བསམས་པ་རེད།   

ངས་ཁོ་ལ་གང་ཡང་བྱེད་མི་ཐུབ་ལ་ཁོས་ང་ལ་གང་ཡང་བྱེད་མི་ཐུབ།   ཁོང་གིས་བསམས།   ཁོང་གིས་ཇི་སྲིད་འདི་ལྟར་བྱེད་མཚམས་མ་བཞག་བར་དུ་གང་ཡང་བྱེད་མི་ཐུབ།

ཐེངས་གཅིག་ཁོ་ཡར་ལངས་ནས་གྲུའི་ཕྱོགས་གཅིག་ཏུ་གཅིན་པ་བཏང་།   སྐར་མ་ལ་བལྟས་ཤིང་རང་ཉིད་བསྐྱོད་པའི་ཁ་ཕྱོགས་ལ་བརྟགས།   ཉ་ཐག་དེ་ཆུའི་ནང་དུ་འོད་ཆེམས་ཆེམས་ཀྱི་ཐིག་རིང་མོ་ཞིག་དང་འདྲ་བར་ཁོའི་ཕྲག་པ་ནས་ཐད་ཀར་ཕར་བསྲིངས་འདུགཁོ་ཚོ་ད་ནི་ཆེས་དལ་བོར་འགྲོ་གིན་འདུགཧ་ཝ་ནཱ་གྲོང་ཁྱེར་གྱི་གློག་འོད་རྣམས་དེ་ཙམ་མི་གསལ་སྟབས།    ཆུའི་རྒྱུ་བས་ཁོང་ཚོ་ཤར་ཕྱོགས་ལ་འཁྱེར་གིན་ཡོད་པ་དེ་ཁོང་གིས་ཤེས།   གལ་སྲིད་ངས་ཧ་ཝ་ནཱ་གྲོང་ཁྱེར་གྱི་གློག་འོད་བོར་ཚེ་ང་ཚོ་ཤར་ཕྱོགས་ལ་ཆེས་མང་བ་འགྲོ་གི་ཡོད།   རྒད་པོས་བསམས།   ཉ་འདིའི་བགྲོད་ལམ་འདི་ལྟར་གནས་ཚེ་ངས་དུས་ཚོད་མང་པོའི་རིང་ལ་དེ་དག་མཐོང་དགོས་ཀྱི་རེད།   རུ་ཁག་ཨ་མའི་ནང་དེ་རིང་དབྱུག་པའི་སྤོ་ལོ་གང་འདྲ་བྱུང་ཡོད་དམ།   ཁོང་གིས་བསམས།   རླུང་འཕྲིན་ཞིག་དང་མཉམ་དུ་འདི་བྱེད་ཐུབ་ན་ཕུན་སུམ་ཚོགས་པ་རེད།   དེ་ནས་ཁོང་གིས་འདི་ལྟར་བསམས།   འདིའི་སྐོར་ལ་ནམ་ཡིན་ཡང་བསམ་བློ་ཐོངས།   ཁྱེད་རང་གིས་ཅི་ཞིག་བྱེད་ཀྱི་ཡོད་པ་འདི་ལ་བསམ་བློ་ཐོངས།   ཁྱེད་ཀྱིས་ལྐུགས་རྟགས་གང་ཡང་མ་སྟོན།

དེ་ནས་ཁོས་སྐད་ཤུགས་ཆེན་པོས་བཤད།   “ང་ལ་རོགས་བྱེད་པ་དང་འདི་ལ་ལྟ་རྒྱུའི་ཆེད་དུ།  ང་ལ་བུ་ཆུང་ཡོད་ན།”

སུ་ཡིན་ཡང་ལོ་ན་རྒས་པའི་སྐབས་སུ་ཁེར་རྐྱང་ཡིན་མི་རུང་།   ཁོས་བསམས།  ཡིན་ན་ཡང་།   དེ་ནི་འགོག་ཐབས་མེད་པ་ཞིག་རེད།   ང་སྟོབས་ཤུགས་ཡོང་སླད་ངས་ཉ་ཊུ་ན་འདི་མ་རུལ་གོང་ནས་ཟ་རྒྱུ་བརྗེད་མི་རུང་།   ག་ཚོད་ཆུང་ཆུང་ཟས་ནའང་ཞོགས་པ་བར་ཁྱེད་ཀྱིས་ཁོ་ཟ་དགོས་པ་དེ་དྲན་དགོས།   དྲན་དགོས།  ཁོས་ཁེར་བཤད་བྱས།

མཚན་མོའི་སྐབས་སུ་ཉ་པོར་པོའི་སེ[18]གཉིས་གྲུའི་ཉེ་འགྲམ་དུ་སླེབས།   ཁོས་ཁོང་ཚོས་འགྲེ་ལོག་བརྒྱབ་པ་དང་དབུགས་དབྱུང་བ་གོ་ཐུབ་ཀྱི་འདུག ཁོས་ཕོ་ཡིས་དབུགས་དབྱུང་བའི་སྒྲ་དང་མོ་ཡིས་དབུགས་བཙིར་བའི་སྒྲ་ཡི་ཁྱད་པར་བཤད་ཐུབ་པ་འདུག

“ཁོ་ཚོ་ཡག་པོ་རེད།” ཁོང་གིས་བཤད།   “ཁོང་ཚོ་རྩེ་ཞིང་ཀུ་རེ་བྱེད་ལ་ཕན་ཚུན་ལ་གཅེས།  ཁོང་ཚོ་འཕུར་ཉ་བཞིན་ང་ཚོའི་སྤུན་གྲོགས་རེད།”

དེ་ནས་ཁོས་ལྕགས་ཀྱུ་བསྐོན་པའི་ཉ་ཆེན་དེ་ལ་སྙིང་རྗེ་སྐྱེ་མགོ་བཙུགས།   ཁོ་ཡ་མཚན་པོ་ཞིག་དང་ཧ་ལས་པ་ཞིག་རེད་ལ།   ཁོ་ལོ་ག་ཚོད་ཡིན་མིན་སུས་ཤེས།   ཁོས་བསམས།  ང་ཉ་སྟོབས་ཆེན་འདི་འདྲ་ལ་ཐུག་མ་མྱོང་ལ།  ཉས་འདི་འདྲ་ཁྱད་མཚར་བྱེད་པ་ལ་ཡང་ཐུག་མ་མྱོང་།   གཅིག་བྱས་ན་ཁོ་མཆོངས་མཁས་པ་ཞིག་རེད།   ཁོ་མཆོངས་པའམ་ཡང་ན་རྩུབ་པོར་རྒྱུགས་ནས་ང་གཏོར་བརླག་བྱེད་ཐུབ།   ཡིན་ན་ཡང་།  གཅིག་བྱས་ན་ཁོ་ལ་སྔོན་མ་ཡང་ལྕགས་ཀྱུ་མང་པོ་ཐེབས་ཡོད་ཅིང་།   འདི་ནི་ཁོས་ཇི་ལྟར་འཐབ་འཛིང་བྱེད་ཚུལ་དེ་ཡིན་པ་ཁོས་ཤེས་ཀྱི་ཡོད།   ཁོང་གིས་མི་གཅིག་རང་གཅིག་ཁོ་དང་འགལ་ཟླར་ཡོད་པ་ཤེས་མི་ཐུབ་ལ།   དེ་ཡང་མི་རྒན་འཁོགས་ཤིག་ཡིན་པ་ཤེས་མི་ཐུབ།   ཡིན་ན་ཡང་།  ཁོ་ཇི་འདྲའི་ཉ་ལེགས་པོ་ཞིག་རེད་ཨང་།  ཁོའི་ཤ་ཡག་པོ་ཡོད་ན་ཁོས་ཁྲོམ་ས་ལ་ཇི་འདྲ་ཞིག་འཁྱེར་ཡོང་ངམ།   ཁོས་ཕོ་ནང་བཞིན་ཁ་འབྲིད་བླངས་སོང་ལ།   ཁོས་ཕོ་ནང་བཞིན་འཐེན་གྱི་འདུགཁོའི་རྒོལ་འཛིང་གི་ནང་ན་སྐྲག་སྣང་སྣ་གཅིག་ཀྱང་མི་འདུགངས་ཤེས་ན་འདོད།   ཁོ་ལ་འཆར་གཞི་ཞིག་ཡོད་དམ་ཡང་ལ་ཁོ་ཡང་ང་བཞིན་ཤི་འཛིང་བྱེད་ཀྱི་ཡོད།   

ཁོས་ཐེངས་གཅིག་ཉ་མཱར་ལིན་ཟུང་གི་གཅིག་ལ་ལྕགས་ཀྱུ་བཏབ་པ་དེ་དྲན།   ཕོ་ཉ་ཡིས་ནམ་ཡིན་ཡང་མོ་ཉ་ལ་ཟས་སྔོན་ལ་ཟ་རུ་འཇུག ལྕགས་ཀྱུས་བཏབ་པའི་ཉ་སྟེ།   མོ་ཉ་ཡིས་སྨྱོ་འཚུབ་དང་དངངས་འཚབ་ཀྱི་ཐོག་ནས་ཤི་འཛིང་ཞིག་བྱས་པ་དེས་གང་མྱུར་ཁོ་མོ་ཡང་ཐང་ཆད་བཅུགདེ་ནས་དུས་ཡུན་དེའི་རིང་ལ་ཕོ་ཉ་དེ་ཉ་མོའི་མཉམ་དུ་བསྡད།   ཉ་ཐག་ནས་ཕར་བགྲོད་ཚུར་འོང་བྱེད་ལ་རྒྱ་མཚོའི་ངོས་སུ་ཉ་མོ་ལ་བསྐོར་འཁྱུག་བྱེད།   ཁོ་ཆེས་ཉེ་སར་བསྡད་སྟབས།   ཁོའི་མཇུག་མ་ཟོར་བ་ལྟར་རྣོ་ལ་ཧ་ལམ་དབྱིབས་དང་ཆེ་ཆུང་གཉིས་ཀ་ཡང་འདྲ་པོ་ཡོད་པ་དེས་ཉ་ཐག་གཅོད་ཀྱི་རེད་བསམས་ནས་རྒད་པོ་སྐྲག རྒད་པོས་ཉ་མོ་ལ་ཉ་མདུང་བཙུགས་ཤིང་ཉ་མོ་ལ་དབྱུག་པས་བསྣུན།   ཉ་མཆུ་རིང་ལ་རྩུབ་པ་དེའི་སྣེ་ནས་བཟུང་སྟེ་ཉ་མོའི་ཚོན་མདངས་ཧ་ལམ་མེ་ལོང་གི་རྒྱབ་གཡོགས་ཀྱི་མདངས་༼དངུལ་མདོག་༽བཞིན་མ་འགྱུར་བར་དུ་ཉ་མོའི་མགོ་གང་སར་དབྱུག་པས་བསྣུན།   དེ་ནས་བུ་ཆུང་གི་རོགས་བྱས་ཏེ་ཉ་མོ་གྲུའི་ནང་ལ་བཀྱགས་པའི་སྐབས་དེ་དག་ལ་ཉ་ཕོ་དེ་གྲུའི་འཁྲིས་ལ་བསྡད་པ་རེད།   དེ་ནས་རྒད་པོས་ཉ་ཐག་གློད་ཅིང་ཉ་མདུང་གྲ་སྒྲིག་བྱེད་པའི་སྐབས་དེར།   ཉ་ཕོ་དེ་གྲུའི་འཁྲིས་ཀྱི་བར་སྣང་ལ་མཆོངས་ནས་ཉ་མོ་གང་དུ་ཡོད་མེད་ལ་བལྟས་ཤིང་།   དེ་ནས་གཤོག་པ་མུ་མེན་མདོག་ཅན་སྟེ་ཁོའི་བྲང་ཟུར་ནས་འབུར་དུ་ཐོན་པའི་འགྲམ་གཤོག་རྣམས་དེ་རྒྱ་ཆེར་བཀྲལ་ཞིང་།   རྒྱ་ཆེ་བའི་མུ་མེན་མདོག་གི་ཐིག་ལེ་ཚང་མ་སྟོན་བཞིན་ཆུའི་གཏིང་དུ་མར་སོང་།   ཁོ་ནི་ཡིད་དུ་འོང་བ་ཞིག་རེད།   རྒད་པོས་རྗེས་སུ་དྲན།   ཁོ་སྡོད་དགོས་བྱུང་བ་རེད།

འདི་ནི་ངས་འདི་ཚོའི་མཉམ་མཐོང་བའི་གནས་ཚུལ་སྐྱོ་ཤོས་དེ་རེད།   རྒད་པོས་བསམས།   བུ་ཆུང་དེ་ཡང་སེམས་སྐྱོ་བ་རེད་ལ།   ང་ཚོས་ཁོ་མོར་དགོངས་དག་ཞུས་ཤིང་ཚུལ་མཐུན་གྱིས་བཤས་པ་ཡིན།

“ངས་བུ་ཆུང་འདི་རུ་ཡོད་ན་བསམས་ཀྱི་འདུག”གྲུའི་མདུན་གྱི་ཤིང་ལེབ་གོར་མོར་ཡོད་པ་ལ་རང་ཉིད་སྙེས་ནས་རྒད་པོས་སྐད་ཤུགས་ཆེན་པོས་བཤད།   རང་གིས་ཕྱོགས་གང་ཞིག་འདམས་པ་དེར་བབ་བརྟན་ངང་བསྐྱོད་ཀྱི་ཡོད་པའི་ཉ་ཆེན་འདིའི་སྟོབས་ཤུགས་དེ་ཁོའི་ཕྲག་པ་གཉིས་ཀར་བསྣོལ་ནས་བཟུང་བའི་ཉ་ཐག་ལས་ཚོར།

ངེད་ཀྱི་སྒྱུ་ཐབས་ལ་བརྟེན་ནས་སྐབས་གཅིག་གི་རིང་ལ་ཁོ་རང་ལ་འདམ་ཁ་གཅིག་འདམས་དགོས་བྱུང་པ་རེད།   རྒད་པོས་བསམས།

ཁོའི་འདམ་ཁ་ནི་རྒྱ་རྙི་དང་དྲ་བ།   སྒྱུ་ཐབས་ཀྱི་ཆེས་ཕ་རོལ་དུ་ཆུའི་གཏིང་ནག་ཏུ་སྡོད་རྒྱུ་དེ་རེད་ལ།   ངའི་འདམ་ཁ་ནི་དེ་རུ་སོང་ནས་མི་ཚང་མ་ལས་བརྒལ་ཏེ་ཁོ་རྙེད་པར་བྱ་རྒྱུ་དེ་རེད།   འཛམ་གླིང་གི་མི་ཡོད་ཚད་ལས་བརྒལ་ནས་རེད།   ད་ལྟ་ང་གཉིས་མཉམ་དུ་འཛོམས་པ་རེད།   དེ་ཡང་ཉིན་གུང་ནས་རེད།   ངེད་གཉིས་ཀྱི་སུ་ལའང་རོགས་པ་བྱེད་མཁན་གཅིག་ཀྱང་མེད།

ང་ཉ་པ་ཞིག་ཏུ་གྱུར་མེད་པ་ཡིན་ན།   རྒད་པོས་བསམས།   ཡིན་ནའང་།  དེ་ནི་ང་གང་གི་ཆེད་དུ་སྐྱེ་བའི་དོན་དེ་རེད།   ངས་ནམ་གསལ་རྗེས་ཉ་ཊུ་ན་ཟ་རྒྱུ་དེ་ཏན་ཏན་བརྗེད་མི་རུང་།   

ཉི་མ་མ་ཤར་བའི་སྔོན་ཙམ་ལ་ཁོའི་རྒྱབ་ན་ལུས་པའི་ཁ་འབྲིད་གཅིག་ཅིག་གིས་ཟས་པ་རེད།   ཁོས་ཤིང་ལྕུགས་ཆག་པའི་སྒྲ་གོ་ཞིང་ཉ་ཐག་དེ་གྲུའི་མུ་ཁྱུད་ཀྱི་སྟེང་ནས་ཤོར་མགོ་བཙུགས།   ནག་ཁུང་ནང་ཁོས་རང་གི་གློ་གྲི་དེ་བཏོན།   ཉ་ཐག་གི་ཤུགས་ཡོངས་རྫོགས་རང་གི་ཕྲག་པ་གཡོན་མར་བཀལ་ནས་རྒྱབ་ལ་སྙེས།   གྲུའི་མུ་ཁྱུད་ཀྱི་ཤིང་ངོས་ལ་བརྟེན་ནས་ཉ་ཐག་བཅད།   དེ་ནས་ཐག་ཉེ་སར་ཡོད་པའི་ཉ་ཐག་གཞན་པ་དེ་ཡང་བཅད།   ནག་ཁུང་ནང་ནས་ཉ་ཐག་འཁོར་འཁྱིལ་མ་ལྷག་མ་གཉིས་ཀྱི་སྣེ་མཐུད།   ཁོས་ལག་པ་ཡ་གཅིག་གིས་མཁས་པོའི་ཐོག་ནས་ལས་ཀ་དེ་བྱས།   མདུད་པ་རྣམས་དམ་པོར་རྒྱག་སྐབས་ཁོའི་རྐང་པ་ཉ་ཐག་ཐོག་བཞག་ནས་བཟུང་།   ད་ཁོ་ལ་ཉ་ཐག་འཁོར་འཁྱིལ་མ་ལྷག་མ་དྲུག་ཡོད།   ཁོས་གཏུབས་པའི་ཁ་འབྲིད་རེ་རེ་ལས་གཉིས་གཉིས་ཡོད་ཅིང་།   གཉིས་ནི་ཉས་ཟས་པའི་ཁ་འབྲིད་ལས་ཡིན་ལ།   དེ་ཚང་མ་མཐུད་ནས་ཡོད།   

ཉི་མ་ཤར་བ་དང་།  ཁོས་བསམས།   ངས་འདོམ་བཞི་བཅུ་ཅན་གྱི་ཉ་ཐག་ལ་སླར་ཡང་ལས་ཀ་བྱེད་ཀྱི་ཡིན།   དེ་ཡང་གཏུབས་ནས།   ཉ་ཐག་འཕར་མ་རྣམས་ལ་མཐུད་ཀྱི་ཡིན།   ངའི་ཉ་ཐག་ལེགས་པོ་ཁ་ཊ་ལོ་ནི་ཡ་[19]ལུང་པའི་ཉ་ཐག་ཁར་ཌེལ་ཟེར་བ་དེའི་འདོམ་གཉིས་བརྒྱ་དང་ལྕགས་ཀྱུ།   སྣེ་འཛིན་ལྕགས་སྐུད་བཅས་ཤོར་སོང་བ་རེད།   དེ་ཚོའི་ཚབ་གསབ་ཆོག་གི་རེད།    འོན་ཀྱང་ངས་ཉ་ཁ་ཤས་བཟུང་ཞིང་དེ་ནས་ཉ་འདི་གློད་པ་ཡིན་ན་སུས་ཉ་འདིའི་ཚབ་བྱེད་ཐུབ།   ངས་ད་ལྟ་ཁ་འབྲིད་ཟས་པའི་ཉ་དེ་གང་འདྲ་ཞིག་ཡིན་མི་ཤེས།   གཅིག་བྱས་ན་དེ་ནི་ཉ་མཱར་ལིན་ཞིག་རེད་ལ།   ཡང་ན།  ཉ་མཆུ་རིང་དང་།   ཡང་ན་ཉ་ཤྲག་ཅིག་རེད།   ངས་ཁོ་རྩ་ནས་ཚོར་མ་སོང་།   ངས་ཆེས་མགྱོགས་པོའི་ངང་ནས་ཁོ་གློད་དགོས་བྱུང་བ་རེད།

སྐད་ཆེན་པོས་ཁོས་བཤད།   “ང་ལ་བུ་ཆུང་དེ་ཡོད་ན།”

ཡིན་ནའང་ཁྱེད་རང་ལ་བུ་ཆུང་དེ་མེད།   ཁོས་བསམས།  ཁྱེད་རང་ལ་ཁྱེད་རང་གཅིག་པུ་ཡོད་རེད་ལ།  ད་ཁྱེད་རང་གིས་ཉ་ཐག་མཐའ་མ་དེ་ལ་ལས་ཀ་བྱས་ན་ཡག་གི་རེད།   ནག་ཁུང་ནང་ཡིན་ན་རུང་མིན་ན་རུང་།   ཉ་ཐག་ཕར་གཏུབས་ལ་ཐག་འཁྱིལ་འཕར་མ་གཉིས་ལ་མཐུད་དང་།

བྱས་ཙང་ཁོས་དེ་ལྟར་བྱས།   མུན་ནག་ནང་དེ་དག་བྱེད་དཀའ་ལ་ཐེངས་གཅིག་ཉ་ཡིས་འཁྱུགས་འཐེན་ཞིག་བྱས་པ་དེས་ཁོའི་གདོང་ས་ལ་བརྡབས་ཤིང་།   མིག་གི་འོག་དེར་རྨ་ཞིག་བཟོས།   ཁྲག་ཐིགས་རྣམས་ཁོའི་འགྲམ་ངོས་ནས་མར་ཅུང་ཙམ་བཞུར།   ཡིན་ནའང་ཁྲག་དེ་ཚོ་ཁོའི་མ་ནེ་ལ་མ་སླེབས་སྔོན་ལ་དཀག་ནས་སྐམ།   ཁོ་ལངས་ནས་སླར་གྲུའི་མདུན་ལ་སོང་ཞིང་།   ཤིང་ལ་སྙེས་ནས་ངལ་གསོ་བྱས།   ཁོས་སྒྱེ་སྣོད་དེ་བསྐྱར་སྒྲིག་བྱས་ཤིང་།   གཟབ་ནན་ངང་ཉ་ཐག་དེ་ཁོའི་ཕྲག་པའི་གནས་གསར་པ་ཞིག་ལ་བསྣོལ་ནས་ཡོང་བ་བྱས།   ཕྲག་པས་ཉ་ཐག་དེ་བརྟན་པོར་བཟུང་ནས།   གཟབ་གཟབ་ངང་ཉའི་འཐེན་ཤུགས་དེ་ཚོར་བར་བྱས།   དེ་ནས་ཆུའི་ནང་དུ་གྲུ་ཆུང་གི་རྒྱུ་བ་དེ་ལག་པས་ཚོར་བར་བྱས།

ག་རེ་བྱས་ནས་ཁོས་འཁྱུག་དེ་བརྒྱབ་པ་ཡིན་ནམ།   ཁོས་བསམས།  ཉ་ཐག་དེ་ཁོའི་ལུས་རྒྱབ་ཀྱི་རི་ངོགས་ནས་འདྲེད་བརྡར་ཤོར་པ་ཡིན་རྒྱུ་རེད།   ངའི་རྒྱབ་ཀྱིས་མྱོང་བ་བཞིན་ཁོའི་རྒྱབ་ཀྱིས་ན་ཟུག་མྱོང་མེད་ཐག་ཆོད་རེད།    ཁོ་ཇི་འདྲའི་སྟོབས་ཆེན་ཞིག་ཡིན་རུང་།   ཁོས་གྲུ་ཆུང་འདི་ནམ་ནམ་ཚེ་ཚེའི་བར་འཐེན་མི་ཐུབ།   ད་ནི་རྙོག་དྲ་བཟོ་སྲིད་པ་ཚང་མ་གཙང་མ་བཟོས་ཡོད་ལ།   ཉ་ཐག་འཕར་མ་ཆེན་པོ་གཅིག་ཡོད་ཅིང་།   ང་ལ་ཕོ་ཁྱོ་ག་ཞིག་གིས་འདོད་པ་བྱེད་ཚད་ཐོབ་ཡོད།

“ཉ།” ཁོས་སྐད་གཟེངས་མཐོ་ཞིང་འཇམ་པོའི་ངང་ནས་བོས།  “ང་ཤི་ཤི་བར་དུ་ཁྱེད་རང་གི་མཉམ་དུ་སྡོད་ཀྱི་ཡིན།”

ངའི་བསམ་ཚུལ་ལ།  ཁོ་ཡང་ངའི་མཉམ་དུ་སྡོད་ཀྱི་རེད།   རྒད་པོས་བསམས།   ཁོ་ནམ་གསལ་རྒྱུའི་ཆེད་སྒུག་པ་རེད།   ཉི་མ་མ་ཤར་བའི་གོང་ཙམ་ལ་ཤིན་ཏུ་གྲང་།   ཁོ་དྲོ་བོ་ཡོང་ཆེད་ཤིང་ལ་རྒྱབ་གཏད།   ཁོས་ཇི་སྲིད་ཐུབ་པ་དེ་སྲིད་དུ་ངས་ཀྱང་བྱེད་ཐུབ།   ཁོས་བསམས།  ནམ་ཐོག་མར་ལངས་པའི་སྐབས་དེར།   ཉ་ཐག་དེ་ཆུའི་ནང་དུ་ཕར་བསྲིངས་ནས་ཐུར་དུ་ཕྱིན་འདུགགྲུ་ཆུང་ཤར་བསྐྱོད་བྱེད་ཅིང་།    ཉི་མའི་ཟུར་ཐོག་མ་དེ་ཡར་འཕགས་སྐབས་དེ་རྒད་པོའི་ཕྲག་པ་གཡས་པ་ལ་ཕོག་པར་གྱུར།

“ཁོ་བྱང་ལ་གཏད་ནས་འགྲོ་གི་འདུག”ཁོས་བཤད།   རྒྱ་མཚོའི་རྒྱུ་བ་ཡིས་ང་ཚོ་ཐག་རིང་བའི་ཤར་ངོས་ལ་འདེད་དགོས་པ་རེད།   ཁོས་བསམས།  ཁོ་རྒྱ་མཚོའི་རྒྱུ་བ་དང་འགྲོགས་ནས་ཕྱིར་འཁོར་ན་ཅི་མ་རུང་།   དེས་ཁོ་ཐང་ཆད་ཀྱི་ཡོད་པ་མཚོན་གྱི་རེད།

ཉི་མ་ཤར་ནས་ཅུང་ཙམ་འགོར་བ་དང་།   རྒད་པོས་ཉ་དེ་ཐང་ཆད་ཀྱི་མེད་པ་ཤེས།   འདི་ན་ཡག་རྟགས་གཅིག་རང་གཅིག་འདུགདེ་ནི་ཉ་ཐག་གི་གསེག་ཕྱོགས་ལས་ཁོ་དེ་ཙམ་གཏིང་རིང་ཞིག་ལ་བརྐྱལ་གྱི་མེད་པ་སྟོན།   དེ་ནི་ཁོ་ཆུ་ཁར་མཆོངས་ངེས་པའི་རྒྱུ་མཚན་གང་ཡང་མིན།   ཡིན་ནའང་མཆོངས་སྲིད།

“དཀོན་མཆོགཁོ་མཆོངས་བཅུག་དང་།” རྒད་པོས་བཤད།   “ཁོ་ལག་བསྟར་བྱེད་རྒྱུ་ལ་ང་ལ་ཉ་ཐག་འདང་ངེས་ཡོད།”

གཅིག་བྱས་ན་ངས་ཁོ་ལ་འཚབ་ཤ་ཅུང་ཟད་ཅིག་སློང་ཞིང་།   དེས་ཁོ་ལ་ན་ཚ་གཏོང་གི་རེད་ལ་ཁོ་མཆོངས་གི་རེད།   རྒད་པོས་བསམས།   ད་ནི་ཉིན་མོའི་དུས་ཚོད་རེད།   ཁོང་མཆོངས་འཇུག་དང་།   དེ་ནས་ཁོས་རང་གི་རྒྱབ་རུས་ཀྱི་སྟེང་གི་སྒྱེ་སྣོད་རྣམས་ལ་རླུང་བུ་འགེང་གི་རེད་ལ།   དེ་ནས་ཁོ་ཤི་རྒྱུར་ཆུའི་གཏིང་ལ་འགྲོ་མི་ཐུབ།

ཁོས་འཚབ་ཤ་སློང་བའི་འབད་བརྩོན་བྱས།   ཡིན་ནའང་།  ཁོས་ཉ་ལ་ལྕགས་ཀྱུ་བསྐོན་པ་ནས་བཟུང་ཉ་ཐག་དེ་ཆད་ལ་ཁད་དུ་དམ་པོར་འཐེན་ཡོད་པ་དང་།   འཐེན་རྒྱུའི་ཆེད་དུ་རྒྱབ་ལ་སྙེས་དུས་དེ་ཉེན་ཁ་ཡོད་པ་ཚོར་ཞིང་།   ཁོས་དེ་ལ་ཤུགས་འཕར་མ་ཞིག་གང་ཡང་སྣོན་མི་རུང་བ་ཤེས།   ངས་གཡོ་འགུལ་ཆེན་པོ་ཞིག་རྩ་ནས་མི་ཐེབས་པ་བྱེད་དགོས།   ཁོས་བསམས།  གཡོ་འགུལ་ཆེན་པོ་རེ་རེས་ལྕགས་ཀྱུས་བཟོས་པའི་རྨ་ཁ་ཆེ་རུ་གཏོང་ལ།   དེ་ནས་ཁོ་མཆོངས་པ་ཡིན་ན་ཁོས་དེ་ཕར་གཡུགས་སྲིད།   གང་ལྟར་ཡང་ཉི་མ་ཡོད་སྟབས་ངས་སྐྱིད་པོ་ཚོར་ཞིང་།   སྐབས་གཅིག་རིང་ལ་ངས་ཉི་མ་ལ་ཐད་ཀར་ལྟ་མི་དགོས།

ཉ་ཐག་གི་སྟེང་དུ་མཚོ་རྩྭ་སེར་པོ་འདུགདེས་ཉ་ཐག་ལ་ལྗིད་སྣོན་བྱས་པ་རྒད་པོས་ཤེས་ནས་དགའ།   དེ་ནི་མཚན་མོའི་སྐབས་སུ་ཧ་ཅང་འོད་ཆེམས་ཆེམས་བཟོ་བའི་རྒྱ་མཚོའི་རྩྭ་སེར་པོ་ཞིག་རེད།

“ཉ།” ཁོས་བཤད།   “ང་ཁྱོད་ལ་དགའ་ཞིང་ངས་ཁྱེད་ལ་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད།   ཡིན་ན་ཡང་།  ཉི་མ་འདི་མ་རྫོགས་གོང་ལ་ངས་ཁྱོད་གསོད་ཀྱི་ཡིན།”

ང་ཚོས་རེ་བ་དེ་ལྟར་བྱེད།   ཁོས་བསམས།

བྱང་ཕྱོགས་ནས་བྱིའུ་ཞིག་གྲུ་ཆུང་གི་ཕྱོགས་ལ་ཡོང་།   དེ་བྱིའུ་ཝར་བྷི་ལཱར་ཞིག་རེད།   ཆུའི་ཁ་ལ་དམའ་མོར་འཕུར་གི་འདུག བྱིའུ་དེ་ཧ་ཅང་ཐང་ཆད་ཡོད་པ་དེ་རྒད་པོས་མཐོང་ཐུབ་ཀྱི་འདུག

བྱིའུ་དེ་གྲུའི་མཇུག་སྣེ་ལ་བབ་ནས་དེ་རུ་ངལ་གསོ་བརྒྱབ།   དེ་ནས་ཁོ་རྒད་པོའི་མགོ་ཐོག་ཏུ་འཕུར་ཞིང་ཉ་ཐག་ཐོག་ངལ་གསོ་བརྒྱབ་ཅིང་།   དེ་རུ་ཁོ་ཧ་ཅང་བདེ་པོ་འདུག

“ཁྱེད་རང་ལོ་ག་ཚོད་ཡིན།” རྒད་པོས་བྱིའུ་ལ་དྲིས།   “འདི་ཁྱེད་རང་གི་འགྲུལ་བསྐྱོད་ཐེངས་དང་པོ་དེ་ཡིན་ནམ།”

ཁོས་སྐད་ཆ་བཤད་པའི་སྐབས་ལ་བྱིའུ་ཡིས་ཁོ་ལ་བལྟས།   ཁོ་ཐང་ཆད་དྲགས་ནས་ ཉ་ཐག་ལ་བརྟག་རྒྱུར་ཡང་དཀའ་བའི་ཚོད་དུ་འདུགཁོའི་སྡེར་མོ་མཉེན་མོ་ཡིས་ཉ་ཐག་ལ་བསྡམས་དུས་ཁོ་དེའི་ཐོག་ནས་འཁྱོམ་འཁྱོམ་ཞིག་བྱས།

“ཉ་ཐག་དེ་བརྟན་པོ་ཡོད།” རྒད་པོས་ཁོ་ལ་བཤད།   “དེ་ཤིན་ཏུ་བརྟན་པོར་ཡོད།   རླུང་མེད་པའི་མཚན་མོ་ཞིག་གི་རྗེས་ལ་ཁྱེད་དེ་ཙམ་ཞིག་ཐང་ཆད་དགོས་པ་མ་རེད།   བྱིའུ་འདི་ཚོ་ལ་ག་རེ་ཡོང་གི་ཡོད་ན།”

བྱ་ཁྲ་དེ་ཚོ།   ཁོས་བསམས།   དེ་ཚོ་ཁོང་ཚོར་ཐུག་སླད་མཚོ་ལ་ཡོང་གི་ཡོད།   འོན་ཀྱང་།  ཁོས་འདི་བཤད་ཀྱང་ཤེས་མི་ཐུབ་པའི་བྱིའུ་ཞིག་ལ་གང་ལྟར་མ་བཤད།   ཁོས་གང་མྱུར་གྱིས་ཁྲའི་སྐོར་ཤེས་རྒྱུ་ཡིན་པ་རེད།

“བྱིའུ་ཆུང་ཆུང་།   ངལ་གསོ་ཡག་པོ་ཞིག་རྒྱོབས་ཨ།” ཁོས་བཤད།   “དེ་ནས་རྒྱུགས།   ཉའམ་བྱ།   ཡང་ན་མི་སུ་རུང་གིས་བྱེད་པ་ལྟར་རང་རང་གི་གོ་སྐབས་ལོངས།” 

དེས་ཁོ་ལ་སྐད་ཆ་ཤོད་རྒྱུའི་སྤོབས་པ་འཕར་བཅུགགང་ཡིན་ཟེར་ན།   མཚན་མོའི་སྐབས་སུ་ཁོའི་རྒྱབ་ཧྲེང་ནས་ད་ཆ་དངོས་གནས་ན་ཟུག་གཏོང་གི་འདུག

“ཁྱེད་རང་ལ་འདོད་པ་ཡོད་ན་ངའི་ཁང་པར་སྡོད་དང་།  བྱིའུ།” ཁོས་བཤད།   “དགོངས་པ་མ་ཚོམས།   ངས་གྲུ་དར་བསླངས་ནས་ལྡང་བཞིན་པའི་རླུང་བསིལ་མ་ཆུང་ཆུང་འདི་དང་མཉམ་དུ་ཁྱེད་རང་ནང་ལ་འཁྱེར་ཐུབ་པ་མི་འདུག ཡིན་ན་ཡང་།   ང་གྲོགས་པོ་ཞིག་དང་མཉམ་དུ་ཡོད།” 

མཚམས་དེར་ཉ་ཡིས་གློ་བུར་གྱི་ཡོམ་ཞིག་བརྒྱབ་ཅིང་།   དེས་རྒད་པོ་གྲུའི་མདུན་ངོས་སུ་དྲངས།   ཁོས་རང་ཉིད་སྐྱོར་ནས་ཉ་ཐག་ཅུང་ཟད་གློད་མེད་པ་ཡིན་ན་ཁོ་ཡང་གྲུའི་སྒང་ནས་ཕར་དྲངས་ཟིན་ཡོད།   

ཉ་ཐག་བརྡབས་འཐེན་བྱས་པའི་སྐབས་དེར་བྱིའུ་ཡང་འཕུར་འདུག   རྒད་པོས་ཐ་ན་བྱིའུ་འཕུར་བ་ཡང་མ་མཐོང་།   ཁོས་རང་གི་ལག་པ་གཡས་པས་གཟབ་གཟབ་ངང་ཉ་ཐག་ཚོར་བར་བྱས་ཤིང་།   ལག་པ་ན་ཁྲག་འཛགས་བཞིན་པ་ལ་དོ་སྣང་བྱུང་།

“དེས་ན་ཁོ་ལ་ཅིག་གིས་ན་ཟུག་སྤྲད་པ་རེད།” ཁོས་སྐད་མཐོན་པོས་བཤད།   ཁོས་ཉའི་ཁ་བསྒྱུར་ཐུབ་མིན་བལྟ་ཆེད་ཉ་ཐག་དེ་ཕྱིར་འཐེན།   ཡིན་ན་ཡང་།  ཐག་པ་ཆད་ལ་ཁད་བྱེད་སྐབས་ཁོང་གིས་ཐག་པ་བརྟན་པོར་བཟུང་།   ཐག་པའི་འཐེན་ཤུགས་ལ་ཁ་གཏད་ཀྱིས་བསྡད།   

“ཉ།   ད་ཁྱེད་ཀྱིས་འདི་ཚོར་གྱི་འདུག་གམ།” ཁོས་བཤད།   “དེ་ལྟར།   དཀོན་མཆོག་གིས་མཁྱེན་གྱི་རེད།   ངས་ཚོར་གྱི་ཡོད་པ།”

ད་ཁོས་བྱིའུ་དེ་འཚོལ་ཆེད་གཡས་གཡོན་ལ་བལྟས།   གང་ཡིན་ཟེར་ན།   རོགས་པ་ཞིག་ཡོང་ཆེད་ཁོ་དེ་ལ་དགའ་གི་རེད།   བྱིའུ་དེ་འཕུར་ཚར་འདུག

ཁྱེད་རང་ཡུན་རིང་ལ་བསྡད་མ་སོང་།   མི་འདིས་བསམས།   ཡིན་ན་ཡང་ཁྱེད་རང་མཚོ་འགྲམ་ལ་མ་སླེབས་བར་དུ་ཁྱེད་རང་འགྲོ་བའི་ཁ་ཕྱོགས་དེ་རྩུབ་པོ་ཡོད།    ཉས་མགྱོགས་འཐེན་གཅིག་བྱས་པ་ལ་བརྟེན་ནས་ངས་ང་ལ་རྨ་ཅིའི་ཕྱིར་བཟོ་བཅུག་པ་ཡིན་ནམ།   ངས་ངེས་པར་དུ་ལྐུགས་རྟགས་ཤིག་སྟོན་གིན་ཡོད་པ་རེད།   ཡང་ན།  གཅིག་བྱས་ན་ངས་བྱིའུ་ཆུང་ཆུང་ལ་ལྟ་གིན་ཡོད་པ་རེད་ལ།   དེ་ལ་བསམ་བློ་གཏོང་གིན་ཡོད་པ་རེད།   ད་ངས་ང་རང་གི་ལས་ཀ་ལ་དོ་སྣང་སྤྲོད་ཀྱི་ཡིན་ལ།   དེ་ནས་ངས་ཉ་ཊུ་ན་ཟ་གི་ཡིན།   དེ་ནས་ངའི་སྟོབས་ཤུགས་ཤོར་བ་ཡོང་གི་མ་རེད།

“བུ་ཆུང་དེ་འདི་རུ་ཡོད་ན།   ང་ལ་ཚྭ་ཅུང་ཟད་ཅིག་ཡོད་ན།” རྒད་པོས་སྐད་མཐོན་པོས་བཤད།

ཉ་ཐག་གི་ལྗིད་ཚད་དེ་ཕྲག་པ་གཡོན་པར་བཀལ་ཞིང་།   གཟབ་གཟབ་ངང་པུས་མོ་བཙུགས་ཏེ་རྒྱ་མཚོའི་ནང་རང་གི་ལག་པ་བཀྲུས།   ལག་པ་མཚོ་ལ་བཅུག དེ་རུ་དཔྱངས།   སྐར་མ་གཅིག་ལྷག་ལ་ཁྲག་ཤུལ་འཐེན་ནས་འགྲོ་བ་དང་།   གྲུ་ཆུང་བསྐྱོད་པ་དང་བསྟུན་ཁོའི་ལག་ངོས་སུ་ཕོག་བཞིན་པའི་ཆུའི་རྒྱུ་བ་བརྟན་པོ་དེ་ལ་བལྟས།

“ཁོ་ཆེས་དལ་དུ་སོང་འདུག” ཁོས་བཤད།

རྒད་པོས་རང་གི་ལག་པ་ཚྭ་ཆུའི་ནང་ཡུན་རིང་ཙམ་ལ་འཇོག་འདོད་མོད།   ཁོ་ཉ་ཡི་གློ་བུར་གྱི་བརྡབས་འཐེན་གཞན་ཞིག་ལ་སྐྲག་ཅིང་།   ཁོ་ཡར་ལངས་ནས་བརྟན་པོར་བསྡད།   ལག་པ་ཉི་འོད་ལ་བསྐམས།   དེ་ནི་ཉ་ཐག་བརྡར་ཤུགས་ཀྱིས་ཤ་གཏུབས་པ་ཙམ་རེད།   འོན་ཀྱང་རྨ་དེ་ཁོའི་ལས་ཀ་ཅན་གྱི་ལག་ངོས་ལ་འདུགཁོས་ལས་ཀ་འདི་བྱས་་མ་ཚར་བར་དུ་རང་གི་ལག་པ་དེ་དགོས་པ་ཤེས་ལ།   ལས་ཀའི་མགོ་མ་བཙུགས་སྔོན་ལ་ལག་པར་རྨ་བཟོས་པ་ལ་མ་དགའ།

“ད།” ཁོས་ལག་པ་སྐམ་པའི་རྗེས་སུ་དེ་ལྟར་བཤད།  “ད་ངས་ཉ་ཊུ་ནཱ་ཆུང་ཆུང་འདི་ཏན་ཏན་ཟ་དགོས་ཡོད།  ངས་ཉ་གཟོང་སྤྱད་ནས་སྙོབ་ཐུབ་ལ།   བདེ་བོའི་ངང་འདིར་ཟ།”

ཁོས་པུས་མོ་ས་ལ་བཙུགས།   གྲུ་མཇུག་གི་སྟེགས་འོག་ནས་ཉ་མཐོང་ཞིང་།   ཉ་ཐག་འཁོར་འཁྱིལ་མ་དེ་ལ་མ་རེག་པར་བྱས་ཏེ་ཉ་གཟོང་སྤྱད་ནས་ཁོའི་མདུན་ལ་འཐེན།   ལག་པ་དང་དཔུང་པ་གཡོན་པ་བརྟན་པོར་བྱས་ཏེ་ཉ་ཐག་དེ་ཡང་བསྐྱར་ཕྲག་པ་གཡོན་པས་བཟུང་ཞིང་།   ཉ་ཊུ་ནཱ་དེ་ཉ་གཟོང་གི་གཟོང་ལས་བཏོན།   ཉ་གཟོང་རང་འཇགས་བཞགཁོས་པུས་མོ་ཡ་གཅིག་ཉའི་སྟེང་ལ་བཞག   ཤ་དམར་ནག་དེའི་མགོ་རྒྱབ་ནས་མཇུག་མ་བར་དུ་ནར་མོར་གཏུབས།   དེ་དག་ནི་ཟུར་གསུམ་ནར་མོའི་དབྱིབས་སུ་འདུག་ལ།   ཁོས་དེ་རྣམས་རྒྱབ་ཀྱི་རུས་པའི་བར་ནས་གྲོད་པའི་ཟུར་བར་དུ་གཏུབས།   ཁོས་ཟུར་གསུམ་དྲུག་ཏུ་གཏུབས་ཚར་བའི་སྐབས་དེར་གྲུ་མདུན་གྱི་ཤིང་ལེབ་སྟེང་བཀྲམས་ཤིང་།   གྲི་དེ་རང་གི་རྐང་སྣམ་ལ་ཕྱིས་ནས།   ཉ་ཊུ་ན་དེའི་ལྷག་རོའི་མཇུག་མ་ནས་བཟུང་སྟེ་ཡར་བཀྱགས་ཏེ་གྲུའི་ཕྱི་རོལ་ལ་གཡུགས།

“ངས་འདི་ཚང་མ་ཟ་ཐུབ་ཀྱི་རེད་བསམས་ཀྱི་མི་འདུག”ཁོས་བཤད།   ཟུར་གསུམ་ནར་མོ་ཞིག་གི་ཕར་ཚུར་དུ་གྲི་དྲངས།   ཁོས་ཉ་ཐག་གིས་བརྟན་པོར་འཐེན་པ་དེ་ཚོར་ཐུབ་ཅིང་།   རང་གི་ལག་པ་གཡོན་མ་དེ་རེངས་པ་ཚོར།    དེ་ལྗིད་ཆེ་བའི་ཉ་ཐག་ལ་དམ་པོར་འཐམས་འདུགཁོ་ཞེན་པ་ལོག་པའི་ངང་ནས་ལག་པ་ལ་བལྟས།

“འདི་ལག་པ་ཅི་འདྲའི་རིགས་ཤིག་རེད།”ཁོས་བཤད།   “ཁྱོད་ལ་འདོད་པ་ཡོད་ན་རེངས་ཤིགཁྱེད་རང་སྡེར་མོར་བཟོས།   དེས་ཁྱེད་རང་ལ་ཕན་ཐོགས་བྱེད་མི་ཡོང་།”

དེ་འདྲ་མ་བྱེད་ཨང་།   ཁོས་བསམས།  ཆུ་སྔོ་ནག་གི་ནང་དུ་གསེག་ནས་ཡོད་པའི་ཉ་ཐག་ལ་བལྟས།   ད་དེ་ཟོ་དང་དེས་ལག་པ་ལ་ཟུངས་ཤུགས་སྟེར།   དེ་ལག་པའི་སྐྱོན་མ་རེད།   ཁྱེད་རང་ཉའི་མཉམ་དུ་ཆུ་ཚོད་མང་པོ་བསྡད་པ་རེད།   ཡིན་ན་ཡང་ཁྱོད་ནམ་ནམ་ཚེ་ཚེའི་བར་དུ་ཁོའི་མཉམ་དུ་སྡོད་ཐུབ་ཀྱི་རེད།   ད་ཉ་ཟོ་དང་།

ཁོས་ཟུར་གཅིག་བླངས་ནས་ཁ་ནང་དུ་བཅུགག་ལེར་བལྡད།   དེ་ནི་མི་ཞིམ་པ་ཞིག་མ་རེད།

ཡག་པོ་བྱས་ནས་བལྡད་ནས་ཁུ་བ་ཆ་ཚང་ལེན་དགོས།   ཁོས་བསམས།  ཚྭ་དང་ཡང་ན་སྐྱུར་ཏོག སྐྱུར་ཁུ་ཞིག་གི་མཉམ་འདི་ཟས་ན་སྡུག་ག་རང་མ་རེད།

“ལག་པ།   ཁྱེད་ཀྱིས་ཅི་འདྲ་ཞིག་ཚོར་གྱི་འདུག” ཁོས་ཧ་ལམ་མི་རོ་རེངས་པོ་བཞིན་དུ་རེངས་པར་གྱུར་པའི་ལག་པ་ལ་དྲིས།   “ངས་ཁྱེད་ཀྱི་ཆེད་དུ་ད་དུང་མང་བ་ཟ།”

ཁོས་ཆ་གཉིས་ལ་གཏུབས་པའི་ཆ་གཞན་པ་དེ་ཟས།   ཁོས་གཟབ་གཟབ་ངང་བལྡད་ནས་པགས་པ་དེ་མཆིལ་ཞགས་སུ་འཕངས།

“དེས་གང་འདྲ་བྱས་སོང་།   ལག་པ།   ཡང་ན།  འདི་ནི་ཤེས་རྒྱུ་ལ་ཆེས་སྔ་དྲགས་པ་རེད་དམ།”

ཁོས་དུམ་བུ་གཞན་ཞིག་བླངས་ནས་བལྡད།

“འདི་ཁྲག་གིས་ཁེངས་པའི་ཉ་སྟོབས་ཆེན་ཞིག་རེད།”ཁོས་བསམས།   “ཌོལ་ཕིན་གྱི་ཚབ་ལ་ཁོ་ཐོབ་པ་ནི་རླུང་རྟ་ལེགས་པ་རེད།   ཌོལ་ཕིན་དེ་ཆེས་མངར་མོ་ཡོད།   འདི་ནི་ཧ་ལམ་མངར་མོ་ཞིག་གཏན་ནས་མིན་མོད།   ད་དུང་བཅུད་ཚང་མ་འདིའི་ནང་འདུག”

ཁ་ཡོད་ལག་ཡོད་བྱེད་པ་ལས་གཞན་གང་ཡིན་ཡང་དོན་སྙིང་མི་འདུགཁོས་བསམས།   ང་ལ་ཚྭ་ཅུང་ཟད་ཅིག་ཡོད་ན།   ཡང་ཉི་མ་ཡིས་ཉ་ཤ་ཅུང་ཟད་ལྷག་པ་འདི་རུལ་དུ་འཇུག་གམ་སྐམ་རྒྱུ་ཡིན་ངས་མི་ཤེས།   དེ་བས་ང་ལྟོགས་ཀྱི་མེད་ནའང་ངས་དེ་ཟས་ན་ལེགས།   ཉ་འདི་བརྟན་པོ་དང་ལྷོད་ལྷོད་རེད།   ངས་དེ་ཚང་མ་ཟ་གི་ཡིན་ལ།   དེ་ནས་ང་གྲ་སྒྲིག་ཨང་གསར་ཡིན།

“བཟོད་སྒོམ་བྱོས་དང་།   ལག་པ།” ཁོས་བཤད།   “ངས་འདི་ཁྱེད་ཀྱི་ཆེད་དུ་བྱེད་ཀྱི་ཡོད།”

ངས་ཉ་ལ་ཟས་ཤིག་སྟེར་ཐུབ་པ་བྱུང་ན།   ཁོས་བསམས།  ཁོ་ངའི་སྤུན་རེད།   འོན་ཀྱང་ངས་ཁོ་ཏན་ཏན་གསོད་དགོས།   དེ་བྱེད་སླད་སྟོབས་ཤུགས་འཛིན་དགོས།   དལ་མོ་དང་ཤེས་བཞིན་དུ་ཁོས་ཟུར་གསུམ་ནར་མོའི་དབྱིབས་ཅན་གྱི་ཉ་ཤ་ཚང་མ་ཟས།

ཁོས་ལག་པ་རྐང་སྣམ་ལ་འཕྱིས་ནས་ཡར་དྲང་མོར་ལངས།   

“ད།” ཁོས་བཤད།   “ལག་པ།   ཁྱེད་ཀྱིས་ཉ་ཐག་འདི་གློད་ན་འགྲིག ཁྱེད་ཀྱིས་སྙིང་པོ་མེད་པ་འདི་མཚམས་མ་བཞག་བར་དུ།   ངས་ལག་པ་གཡས་པ་གཅིག་པུས་ཁོ་ལག་བསྟར་བྱེད་ཀྱི་ཡིན།” ཁོས་རང་གི་ལག་པ་གཡོན་མས་འཇུས་པའི་ཉ་ཐག་ལྗིད་མོའི་སྟེང་རང་གི་རྐང་པ་གཡོན་པ་བཞག འཐེན་ཤུགས་ལས་ལྡོག་སྟེ་རྒྱབ་ཕྱོགས་སུ་སྙེས་ཏེ་འཐེན།

“དཀོན་མཆོག་གིས་རེངས་པ་འདི་གྲོལ་བའི་རོགས་རམ་གནོངས།” ཁོས་བཤད།   “གང་ཡིན་ཟེར་ན།    ཉ་འདིས་ཅི་ཞིག་བྱེད་རྒྱུ་ཡིན་མིན་ངས་མི་ཤེས།”

ཡིན་ནའང་ བལྟས་ཚོད་ཀྱིས་ཁོ་ལྷོད་ལྷོད་རེད་འདུགཁོས་བསམས།   ཁོས་རང་གི་འཆར་གཞི་ལྟར་བྱེད་ཀྱི་འདུགཡིན་ནའང་ཁོའི་འཆར་གཞི་ཅི་ཞིག་ཡིན་ནམ།  ཁོས་བསམས།   ཡང་།   ངའི་འཆར་གཞི་ཅི་ཞིག་ཡིན་ནམ།   ཁོ་ཤིན་ཏུ་ཆེ་སྟབས།   ངའི་དེ་ནི་ཏན་ཏན་ཁོའི་དེ་ལ་ཅི་འོས་ཤིག་བྱེད་རྒྱུ་དེ་རེད།   གལ་སྲིད་ཁོ་མཆོངས་པ་ཡིན་ན་ངས་ཁོ་གསོད་ཐུབ།   འོན་ཀྱང་ཁོ་ནམ་ཡིན་ཡང་འོག་ལ་སྡོད་ཀྱི་འདུགདེས་ན་ང་ཡང་ཁོ་དང་མཉམ་དུ་ནམ་ཡིན་ཡང་སྡོད་ཀྱི་ཡིན།

ཁོས་ལག་པ་རེངས་པ་དེ་རང་གི་རྐང་སྣམ་གྱི་ངོས་ལ་དྲུད།   མཛུབ་མོ་རྣམས་གྲོལ་བའི་ཐབས་ཤེས་བྱས།   ཡིན་ནའང་དེ་ཚོ་ཁ་མི་འབྱེད།   གཅིག་བྱས་ན་དེ་ཚོ་ཉི་འོད་དང་མཉམ་དུ་ཁ་འབྱེད་སྲིད།   ཁོས་བསམས།   གཅིག་བྱས་ན་དེ་ཚོ་ཉ་ཊུ་ནཱ་རྗེན་པ་སྟོབས་ཅན་དེ་འཇུ་བའི་རྗེས་ནས་ཁ་འབྱེད་སྲིད།   གལ་སྲིད་དགོས་མཁོ་ལ་གཏུགས་ན།   གོང་ཚད་ག་ཚོད་སྤྲོད་དགོས་བྱུང་ནའང་ངས་ཁ་འབྱེད་ཀྱི་ཡིན།   ཡིན་ན་ཡང་ད་ཆ་ངས་བཙན་ཤེད་ཀྱིས་ཁ་འབྱེད་འདོད་མི་སྐྱེ།    ཁོ་རང་རང་ལ་ཁ་འབྱེད་འཇུག་ལ་ཁོ་རང་གི་ཚུལ་དང་བསྟུན་ནས་ཡོང་དུ་འཇུགམདོར་ན་མཚན་མོའི་སྐབས་སུ་ཉ་ཐག་དེ་དག་གློད་ནས་འཆང་མི་དགོས་པའི་སྐབས་སུ་ཡང་ངས་ལག་པ་ལ་ཐུབ་ཚོད་བཏང་བ་རེད།

ཁོས་རྒྱ་མཚོའི་གཡས་གཡོན་ལ་བལྟས་ཤིང་།   ཁོ་རང་ཇི་འདྲའི་ཁེར་རྐྱང་ཞིག་ཡིན་པ་ཤེས།   ཡིན་ནའང་ཁོས་རྒྱ་མཚོའི་གཏིང་ནག་གི་ནང་ནས་འོད་ཀྱི་ཟེར་མ་དག་དང་།   ཉ་ཐག་མདུན་དུ་བསྲིངས་པ།   ལྷིང་འཇགས་ཀྱི་ཡོ་འཁྱོམ་ཁྱད་མཚར་བ་དེ་མཐོང་ཐུབ།   ཚོང་རླུང་[20]སླེབས་ནས་སྤྲིན་རྣམས་ཡར་བརྩེགས་བཞིན་འདུག་ལ།   ཁོས་ཡར་བལྟས་སྐབས།   རྒྱ་མཚོའི་སྟེང་གི་ནམ་མཁའ་ལ་ངང་པའི་ཁྱུ་ཚོགས་གཅིག་གིས་རི་མོ་བྲིས་ཤིང་།   དེ་ཚོ་གསལ་བོ་དང་ཡང་རབ་རིབ་ཏུ་གྱུར་ཅིང་།   མི་ཞིག་རྒྱ་མཚོའི་ནང་ཁེར་རྐྱང་གཏན་ནས་མིན་པ་ཁོས་ཤེས།

མི་ཁ་ཤས་ས་གཞི་མཐོང་ས་ན་མེད་པར་གྲུ་ཆུང་ཞིག་ལ་འགྲོ་བར་ཇི་ལྟར་སྐྲག་པའི་སྐོར་ལ་ཁོས་བསམ་བློ་བཏང་།   གློ་བུར་གྱི་གནམ་གཤིས་ངན་པ་ཡོང་བའི་ཟླ་བ་ཁ་ཤས་རིང་ཁོང་ཚོ་སྐྲག་པ་དེ་བདེན་པ་ཡིན་པ་ཁོས་ཤེས།   ཡིན་ན་ཡང་ད་ནི་རྒྱ་མཚོའི་རླུང་འཚུབ་[21]ཀྱི་ནམ་ཟླ་རེད།   ཡིན་ན་ཡང་རྒྱ་མཚོའི་རླུང་འཚུབ་མེད་པའི་སྐབས་ལ།    རྒྱ་མཚོའི་རླུང་འཚུབ་ཀྱི་ནམ་ཟླ་དེ་ནི་ལོ་གཅིག་གི་ནང་གི་ནམ་ཟླ་ཡག་ཤོས་དེ་རེད།

གལ་སྲིད་རྒྱ་མཚོའི་རླུང་འཚུབ་ཡོད་ན།   ཁྱེད་རང་རྒྱ་མཚོའི་ནང་ཡོད་ན།   དུས་རྒྱུན་ཉིན་འགའ་ཞིག་གི་སྔོན་ནས་ནམ་མཁའ་ནས་དེའི་རྟགས་དང་མཚན་མ་མཐོང་གི་རེད།   ཁོང་ཚོས་མཚོ་འགྲམ་ནས་དེ་ཚོ་མི་མཐོང་།   གང་ཡིན་ཟེར་ན།   ཁོང་ཚོས་གང་ལ་བལྟ་དགོས་པ་དེ་མི་ཤེས།   ཁོས་དེ་ལྟར་བསམས།   ས་གཞིས་ཀྱང་སྤྲིན་པའི་དབྱིབས་ལ་མི་འདྲ་བ་ཞིག་ཏན་ཏན་བཟོ་གི་རེད།   ཡིན་ན་ཡང་དེ་རིང་རྒྱ་མཚོའི་རླུང་འཚུབ་ཡོང་གི་མི་འདུག

ཁོས་གནམ་ལ་བལྟས།  འཁྱག་དར་མངར་མོའི་ཁ་ཟས་སྤུངས་པ་ལྟ་བུའི་ཡིད་འོང་སྤྲིན་དཀར་གྱི་ཚོགས་བརྩེགས་འདུག་ལ།   ཟླ་དགུ་བའི་དགུང་སྔོན་མོའི་མཐོ་ས་ན་སྤྲིན་སྲབ་མོའི་གཤོག་པ་བརྐྱངས་འདུག

“རླུང་འཇམ་པོ།༼སེཔེན་གྱི་སྐད་ལ་བཱ་རི་ས་༽”ཁོས་བཤད།   “ཨེ་ཉ།   ཉ་ཁྱོད་ལས་མི་ང་ལ་གནམ་གཤིས་བཟང་བ་འདུག”

ཁོའི་ལག་པ་གཡོན་མ་ད་དུང་རེངས་ནས་འདུག་མོད།   དལ་པོའི་ངང་ནས་མདུད་པ་གྲོལ་བཞིན་འདུག

ང་རེངས་པ་ལ་ཁོང་ཁྲོ་ལང་གི་འདུགཁོས་བསམས།   འདི་ནི་སོ་སོ་རང་ཉིད་ཀྱི་གཟུགས་པོའི་གཡོ་འཕྲུལ་ཞིག་རེད།   ཟས་དུག་ལ་བརྟེན་ནས་གྲོད་ཁོག་བཤལ་བ་དང་སྐྱུག་པ་ཤོར་བ་དེ་ཚོ་མི་གཞན་གྱི་མདུན་ནས་ངོ་ཚ་ཡོང་བ་ཞིག་རེད།   ཡིན་ནའང་།  རེངས་པ་དེ་ནི།   ཁོས་བསམས།   ཁ་ལམ་བཱ་རེ་[22]འདི་སོ་སོ་རང་ལ་ངོ་ཚ་བཟོ་བ་ཞིག་རེད།   དམིགས་བསལ་གྱིས་སོ་སོ་ཁེར་རྐྱང་ཡིན་པའི་སྐབས་ལ་དེ་ལྟར་རེད།

གལ་སྲིད་བུ་ཆུང་འདི་ལ་ཡོད་ན་ཁོས་དཔུང་པ་ནས་མར་མཉེལ་མཉེལ་བཏང་ནས་གློད་ཐུབ་གི་རེད།   ཁོས་བསམས།  ཡིན་ནའང་འདི་ལྷོད་ཡོང་གི་འདུག

དེ་ནས།   ཁོས་ཆུའི་ནང་གི་གསེག་ཚད་ཡར་སླེབས་པ་མ་མཐོང་གོང་ནས།   ཁོས་རང་གི་ལག་པ་གཡས་པས་ཉ་ཐག་གི་འཐེན་ཤུགས་ལ་འགྱུར་བ་སོང་བ་ཤེས།   དེ་ནས།  ཁོ་ཉ་ཐག་གི་ལྡོག་ཕྱོགས་སུ་སྙེས་ནས་འཐེན་པ་དང་མཉམ་དུ་རང་གི་ལག་པ་གཡོན་མས་ཤུགས་ཀྱིས་བརླ་ངོས་སུ་མྱུར་མོར་བརྡབས།   ཁོས་ཉ་ཐག་གི་གསེག་ཚད་དེ་ག་ལེར་ཡར་ཡོང་གི་ཡོད་པ་མཐོང་།

“ཁོ་ཡར་ཡོང་གི་འདུག” ཁོས་བཤད།   “ལག་པ།   དེ་འདྲ་མ་བྱེད་དང་།   ཐུགས་རྗེས་གཟིགས།”

ཉ་ཐག་དེ་དལ་བོ་དང་བརྟན་པོའི་ངང་ནས་ཡར་ཡོང་།   དེ་ནས་གྲུ་ཆུང་གི་མདུན་ཕྱོགས་སུ་རྒྱ་མཚོའི་ངོས་འབུར་གྱིས་ཐོན།   དེ་ནས་ཉ་དེ་ཕྱིར་ཐོན།   ཁོ་རྫོགས་རྒྱུ་མེད་པར་ཕྱི་རོལ་ཏུ་ཐོན།   ཆུ་རྣམས་ཁོའི་ཕྱོགས་གཡས་གཡོན་ནས་བཞུར།   ཉི་འོད་འོག་ཁོ་འོད་མདངས་ཆེ།   ཁོའི་མགོ་དང་རྒྱབ་དེ་སྨུག་ཅིང་ནག་ལ།   ཉི་འོད་འོག་ཁོའི་གཞོགས་གཉིས་སུ་ཡོད་པའི་ཁྲ་ཐིག་རིང་མོ་རྣམས་ལ་མུ་མེན་གྱི་མདོག་ལྡན་ཅིང་།   ཁོའི་སྣ་དེ་དབྱུག་པའི་སྤོ་ལོའི་དབྱུག་པ་བཞིན་རིང་ལ་རལ་གྲི་བཞིན་རྣོ།   ཆུའི་ནང་ནས་ཁོའི་གཟུགས་ཚད་ཡོངས་སུ་རྫོགས་པར་ལངས་ཏེ།   ཆུ་འཛུལ་རྐྱལ་མཁན་ཞིག་དང་མཚུངས་པར་འཇམ་ཞིག་གེར་ཆུའི་ནང་ཡང་བསྐྱར་འཛུལ།   རྒད་པོས་ཉ་ཡི་ཟོར་དབྱིབས་ཅན་གྱི་མཇུག་མ་ཆེན་པོ་ཆུའི་འོག་ལ་ཕྱིན་པ་དེ་མཐོང་།   ཉ་ཐག་དེ་ཡང་བསྐྱར་ཤོར་མགོ་བཙུགས།   

“ཁོ་གྲུ་ཆུང་འདི་ལས་ཁྲུ་གཉིས་ཀྱིས་རིང་བ་འདུག”རྒད་པོ་འདིས་བཤད།   ཉ་ཐག་དེ་མགྱོགས་པོར་ཤོར་བཞིན་ཡོད་མོད།   ཡིན་ནའང་བརྟན་པོར་འགྲོ་གི་འདུགཉ་ལ་སྐྲག་སྣང་མི་འདུགརྒད་པོས་ལག་པ་གཉིས་ཀྱིས་ཉ་ཐག་མི་ཆད་ཙམ་དུ་འཛིན་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད།   བརྟན་ལྷིང་གི་ཤུགས་ཚད་ཅིག་གིས་ཉ་དལ་དུ་གཏོང་མ་ཐུབ་ན་ཉ་ཡིས་ཐག་པ་ཡོད་ཚད་འཁྱེར་ཏེ་གཅོད་སྲིད་པ་རྒད་པོས་ཤེས་ཀྱི་ཡོད།

ཁོ་ཉ་རླབས་ཆེན་ཞིག་རེད།    ངས་ཁོ་ངེས་པར་དུ་འགུག་དགོས།   ཁོས་བསམས།   ངས་ཁོ་ལ་ཁོའི་སྟོབས་ཤུགས་ཤེས་སུ་འཇུག་གི་མིན་ལ།   ཁོ་རྒྱུགས་པ་ཡིན་ན་ཁོས་ཅི་ཞིག་བྱེད་ཐུབ་པ་དེ་ཡང་ཤེས་སུ་འཇུག་གི་མིན།   གལ་སྲིད་ང་ཉ་ཡིན་ན།   ངས་ཡོད་ཚད་སྤྱད་ནས་ཅ་ལག་ཅིག་མ་ཆག་གི་བར་དུ་འགྲོ་གི་ཡིན།   ཡིན་ན་ཡང་།  ཁོང་ཚོ་ནི་ང་ཚོ་ལས་ཡ་རབས་པ་དང་སྟོབས་འཛོམས་པ་ཞིག་ཡིན་ན་ཡང་།   དཀོན་མཆོག་མཁྱེན།   ཁོ་ཚོ་ནི་ཁོ་ཚོ་གསོད་མཁན་གྱི་ང་ཚོ་ནང་བཞིན་སྤྱང་གྲུང་ལྡན་པ་ཞིག་མ་རེད།

རྒད་པོ་འདིས་ཉ་སྟོབས་ཆེན་མང་པོ་མཐོང་མྱོང་།   ཁོས་ལྗིད་ཚད་རྒྱ་མ་སྟོང་ཕྲག་བརྒལ་བའི་ཉ་དེ་འདྲ་མང་པོ་མཐོང་མྱོང་།   ཁོའི་མི་ཚེའི་ནང་ཆེ་ཆུང་དེ་འདྲ་ཅན་གྱི་ཉ་གཉིས་བཟུང་མྱོང་།   ཡིན་ན་ཡང་ཁེར་རྐྱང་གཏན་ནས་མིན།   ད་ནི་ཁེར་རྐྱང་ཡིན་ལ།   ས་གཞི་མཐོང་ས་ལ་མེད་ཅིང་།   ད་བར་མཐོང་མྱོང་མེད་པའི་ཉ་ཆེ་ཤོས་ཤིག་ལ་ཁོ་རང་བཀྱིགས་ནས་ཡོད།   ཁོ་རང་གིས་ཐོས་མྱོང་ཡོད་པ་དག་ལས་ཀྱང་ཆེ་བ་རེད།   ཁོའི་ལག་པ་གཡོན་མ་དེ་ད་དུང་གླག་གི་སྡེར་མོ་ཞིག་བསྡམས་པ་བཞིན་དམ་པོར་འདུག

ག་ལེར་དེ་མ་རེངས་པར་ཆགས་ཀྱི་རེད།   ཁོས་བསམས།  ཏན་ཏན་ངའི་ལག་པ་གཡས་པ་ལ་རོགས་རམ་བྱེད་ཆེད་དེ་མ་རེངས་པ་ཆགས་ཀྱི་རེད།   སྤུན་ཟླ་ཡིན་པའི་ཅ་ལག་གསུམ་་ཡོད་ཅིང་།   དེ་ནི་ཉ་དང་ངའི་ལག་པ་གཉིས་བཅས་རེད།   དེ་ཏན་ཏན་མ་རེངས་པ་ཆགས་ཀྱི་རེད།   རེངས་ནས་སྡོད་པ་ལ་རིན་ཐང་ཡོད་པ་མ་རེད།   ཉ་ཡང་བསྐྱར་དལ་བོ་བྱས་སོང་ལ།   ཁོའི་རྒྱུན་ལྡན་གྱི་འགྲོས་ལ་འགྲོ་བཞིན་འདུག

ཁོ་ཅིའི་ཕྱིར་མཆོངས་པ་ཡིན་ནམ།   རྒད་པོས་བསམས།   ཧ་ལམ་ཁོ་ཅི་ཙམ་གྱིས་ཆེ་བ་དེ་ང་ལ་སྟོན་ཆེད་མཆོངས་པ་འདྲ་པོ་འདུག གང་ཡིན་ཡང་ད་ནི་ངས་ཤེས།   ཁོས་བསམས།  ངས་ཁོ་ལ་ང་མི་ཅི་འདྲ་ཞིག་ཡིན་པ་དེ་སྟོན་ཐུབ་པ་ཡིན་ན།   ཡིན་ནའང་།  དེ་ནས་ཁོས་ངའི་ལག་པ་རེངས་པ་དེ་མཐོང་གི་རེད།   ང་ནི་ང་རང་རང་ལས་ལྷག་པའི་ཕོ་ཁྱོ་ག་ཞིག་ཡིན་པ་ཁོ་ལ་བསམ་དུ་འཇུགང་དེ་ལྟར་ཆགས་ཀྱི་རེད།   ང་ཉ་དེ་ཡིན་ན་བསམས་ཀྱི་འདུགཁོ་ལ་རྒོལ་མཁན་ཡོད་ཚད་ནི་ངའི་ཆོད་སེམས་དེ་དང་ངའི་སྤྱང་གྲུང་ཙམ་ཞིག་རེད།

ཁོ་ཤིང་ལ་སྙེས་ནས་བདེ་བོར་བསྡད་ཅིང་།   ན་ཟུག་ཡོང་རིམ་བཞིན་སྒོམ།   ཉ་དེ་བརྟན་ལྷིང་ངང་རྐྱལ་ཞིང་གྲུ་ཆུང་ཡང་ཆུ་སྔོ་ནག་ནང་ག་ལེར་འགྲོ་བཞིན་འདུགཤར་ཕྱོགས་ནས་རླུང་ལྡང་བ་དང་མཉམ་དུ་རྦ་རླབས་ཁ་ཤས་གཡོ།   ཉིན་གུང་གི་སྐབས་རྒད་པོའི་ལག་པ་གཡོན་མ་རེངས་པ་ལས་གྲོལ།

“ཉ།   ཁྱེད་རང་ལ་གསར་འགྱུར་ངན་པ་ཞིག་འདུག” ཁོས་བཤད་ཅིང་།   ཕྲག་པར་བཀབ་པའི་སྒྱེ་སྣོད་ཀྱི་སྟེང་ནས་ཉ་ཐག་བརྗེས།

ཁོ་བདེ་བོར་ཡོད་ནའང་མནར་བཞིན་ཡོད།    འོན་ཀྱང་ཁོང་གིས་མནར་གཅོད་དེ་ངོས་ལེན་གཏན་ནས་མ་བྱས།   

“ང་ཆོས་པ་མིན།” ཁོས་བཤད།   “ཡིན་ནའང་།   ཉ་འདི་འཛིན་དགོས་པའི་རྒྱུ་མཚན་གྱིས་ངས་ཡབ་ཆེན་གྱི་སྨོན་ལམ་ཚར་བཅུ་དང་ཡུམ་ཆེན་གྱི་སྨོན་ལམ་ཚར་བཅུ་འདོན།   ངས་ཁོ་བཟུང་བ་ཡིན་ན།   ཁོབ་རེ་ཡུལ་གྱི་ཝར་ཇིན་[23]ལ་གནས་སྐོར་བྱེད་པའི་ཁས་ལེན་བྱེད།   དེ་ནི་ཁས་ལེན་ཞིག་ཡིན།”

ཁོས་རང་ཤུགས་ཀྱིས་སྨོན་ལམ་རྣམས་འདོན་མགོ་བཙུགས།   མཚམས་མཚམས་ལ་ཐང་ཆད་ཐག་ཆོད་ནས་སྨོན་ལམ་ཡང་དྲན་ཐུབ་ཀྱི་མི་འདུགདེ་ནས་ཁོས་སྨོན་ལམ་རྣམས་མགྱོགས་པོར་འདོན་ལ།  དེས་དེ་ཚོ་ཡང་རང་ཤུགས་ཀྱིས་ཁ་ལ་ཡོང་།  ཡུམ་ཆེན་གྱི་སྨོན་ལམ་དེ་ཡབ་ཆེན་གྱི་སྨོན་ལམ་ལས་འདོན་སླ་བ་འདུགཁོས་བསམས།   

“དཀོན་མཆོག་གི་དགེ་བས་ཁེངས་པའི་ཡུམ་ཆེན་ཁྱོད།

བུད་མེད་གྲས་ནས་བྱིན་རླབས་རི་མོར་ཕབ།

ཡི་ཤུ་མངལ་དུ་འཁོར་བའི་བྱིན་རླབས་འཛིན།

དཀོན་མཆོག་གི་ཡུམ་ཆེན་མེ་རེ་ལགས།

ད་ལྟ་དང་ང་ཚོའི་འཆི་དུས་ལ།

སྡིག་ཅན་ང་ཚོའི་ཆེད་སྨོན་ལམ་ཐོབས།   དེ་དེ་བཞིན་ནོ།།”

དེ་ནས་ཁོས་བསྣན་ཏེ།   

“བྱིན་གྱིས་བརླབས་པའི་པད་མ་ཅན།   

ཁོ་ནི་ཡ་མཚན་ཅན་ཞིག་ཡིན་ནའང་།   

ཉ་ཡི་འཆི་བའི་སླད་དུ་སྨོན་ལམ་ཐོབས།” 

ཁོས་སྨོན་ལམ་བཏོན་ཟིན་པ་དང་སེམས་ཇེ་སྐྱིད་ལ་སོང་མོད།   ན་ཟུག་ཆེ་ཆུང་རང་འཇགས་ཡིན་ཁར།   གཅིག་བྱས་ན་ཅུང་ཟད་ཆེ་རུ་སོང་འདུགཁོ་གྲུ་མདུན་གྱི་ཤིང་ལ་སྙེས་ཞིང་ངམ་ངམ་ཤུགས་ཀྱིས་ཁོའི་ལག་པ་གཡོན་མའི་མཛུབ་མོ་ཡིས་ལས་ཀ་བྱེད་མགོ་བཙུགས།   

ད་ནི་ཉི་མ་ཤིན་ཏུ་ཚ་ན་ཡང་རླུང་ག་ལེར་ལྡང་གིན་འདུག

“ངས་གྲུ་མཇུག་ནས་ཉ་ཐག་ཐུང་བ་ཞིག་ལ་ཡང་བསྐྱར་ཁ་འབྲིད་སྦྱར་ན་ཡག་གི་རེད།” ཁོས་བཤད།   “གལ་སྲིད་ཉ་ཡིས་ཡང་བསྐྱར་མཚན་མོ་གཅིག་ལ་སྡོད་རྒྱུའི་ཐག་གཅོད་བྱས་ན།   ང་ལ་ཟ་རྒྱུ་དགོས་ལ།   ཤེལ་དམ་ནང་ཆུ་ཉུང་ཉུང་གཅིག་ལས་མི་འདུགའདི་ནས་ང་ལ་ཌོལ་ཕིན་མ་གཏོགས་གཞན་ཅི་ཡང་རག་གི་རེད་མི་བསམས་མོད།   གལ་སྲིད་ངས་ཌོལ་ཕིན་སོས་པ་ཟས་པ་ཡིན་ན་དེ་ཡང་སྡུག་ག་མ་རེད།   དོ་ནུབ་འཕུར་ཉ་ཞིག་གྲུ་ལ་ཡོང་ན་བསམས་ཀྱི་འདུགཡིན་ན་ཡང་དེ་ཚོ་འགུག་རྒྱུའི་ཆེད་ང་ལ་གློག་མེད།   འཕུར་ཉ་རྣམས་རྗེན་པར་ཟས་ན་ཤིན་ཏུ་ཡག་པོ་ཡོད།   ངས་དེ་གཏུབས་ཀྱང་མི་དགོས།   ད་ངས་རང་གི་སྟོབས་ཤུགས་དེ་ངེས་པར་གསོག་དགོས།   དཀོན་མཆོག་མཁྱེན།   ངས་ཁོ་དེ་ཙམ་ཆེ་བ་དེ་ཤེས་མ་སོང་།”

“ཡིན་ནའང་ངས་ཁོ་གསོད་ཀྱི་ཡིན།” ཁོས་བཤད།   “ཁོའི་རླབས་ཆེ་བ་ཡོད་ཚད་དང་གཟི་བརྗིད་ཀྱི་ཁྲོད་ནས།”

ཡིན་ནའང་དེ་ནི་དྲང་བདེན་ཞིག་མ་རེད།   ཁོས་བསམས།  ཡིན་ན་ཡང་ངས་ཁོ་ལ་ཕོ་ཁྱོ་ག་ཞིག་གིས་ཅི་ཞིག་བྱེད་ཐུབ་པ་དང་ཕོ་ཁྱོ་ག་ཞིག་གིས་ཅི་ཙམ་དཀའ་ཐུབ་སྤྱོད་པ་དེ་སྟོན་གྱི་ཡིན།

“ངས་བུ་ཆུང་ལ་ང་ནི་རྒད་པོ་ཁྱད་མཚར་ཞིག་ཡིན་ཞེས་ལབ་པ་ཡིན།” ཁོས་བཤད།   “ད་ནི་ངས་དེ་ཁུངས་སྐྱེལ་བྱེད་པའི་དུས་ཚོད་རེད།”

ཐེངས་མ་སྟོང་ཕྲག་མང་པོར་ཁོས་དེ་ལྟར་ཁུངས་བསྐྱལ་ཟིན་པ་དེ་ཅི་ལའང་མི་བརྩི།   ད་ཡང་བསྐྱར་ཁོས་ཁུངས་སྐྱེལ་བྱེད་ཀྱི་འདུགཐེངས་རེ་རེ་ལ་དུས་ཚོད་གསར་པ་རེད།   ཁོས་ད་ལྟའི་ལས་ཀ་བྱེད་བཞིན་པའི་སྐབས་སུ་སྔོན་མའི་སྐོར་ལ་བསམ་བློ་བཏང་མ་མྱོང་།

ངའི་འདོད་པ་ལ་ཁོ་གཉིད་པ་ཡིན་ན།   ང་ཡང་གཉིད་ནས་སེང་གེའི་སྐོར་ལ་རྨི་ལམ་གཏོང་ཐུབ་ཀྱི་རེད།   ཁོས་བསམས།  རྒྱུ་མཚན་ཅིའི་ཕྱིར་སེང་གེ་རྣམས་དོན་ལྷག་མ་རྣམས་ཀྱི་ཁྲོད་ནས་གཙོ་བོ་དེ་རེད།   རྒད་པོ།  བསམ་བློ་མ་གཏོང་།   ཁོས་རང་ལ་ཁེར་བཤད་བྱས།   གཟབ་ནན་ངང་ཤིང་ལ་སྙེས་ནས་ངལ་གསོ་རྒྱོབས།   གང་ལ་ཡང་བསམ་བློ་མ་གཏོང་།   ཉ་ཁོས་ལས་ཀ་བྱེད་ཀྱི་འདུགཁྱེད་ཀྱིས་གང་ཐུབ་ཐུབ་ཀྱིས་ལས་ཀ་གང་ཆུང་ཆུང་རེ་བྱོས།

ད་ནི་ཕྱི་དྲོ་སླེབས་བཞིན་འདུག  ད་དུང་གྲུ་ཆུང་ཡང་དལ་བོ་དང་བརྟན་པོའི་ངང་འགྲོ་གི་འདུགཡིན་ནའང་ད་ཆ་ཤར་རླུང་ལ་བརྟེན་ནས་འཐེན་ཤུགས་སྣོན་མ་ཞིག་སླེབས་ཤིང་།   རྒད་པོ་ཞི་དལ་གྱིས་མཚོ་རླབས་ལ་ཞོན་ཅིང་།   ཉ་ཐག་གི་ཟུག་གཟེར་དེ་ཁོའི་རྒྱབ་ཡས་མས་སུ་ལས་སླ་བོ་དང་འཇམ་འཇམ་གྱིས་སླེབས།    

ཕྱི་དྲོའི་སྐབས་སུ་ཐེངས་གཅིག་ལ་ཉ་ཐག་དེ་ཡང་བསྐྱར་ཡར་འགྱོགས་མགོ་བརྩམས།   ཡིན་ནའང་ཉ་དེ་མུ་མཐུད་ནས་ཅུང་ཟད་མཐོ་བོར་བྱས་ཏེ་བརྐྱལ་བ་ཙམ་ཞིག་རེད།   ཉི་འོད་དེ་རྒད་པོའི་ལག་པ་གཡོན་མ་དང་ཕྲག་པ།   རྒྱབ་བཅས་ཀྱི་སྟེང་ལ་འདུགདེའི་སྟབས་ཀྱིས་ཉ་དེ་བྱང་ཤར་ལ་ཁ་བསྒྱུར་བ་ཁོས་ཤེས།

ད་ནི་ཁོས་ཐེངས་གཅིག་ལ་ཁོ་མཐོང་མྱོང་ཞིང་།   ཆུའི་ནང་དུ་མུ་མེན་མདོག་གི་འགྲམ་གཤོག་དེ་དག་གཤོག་པ་བཞིན་བཀྲལ་ནས་རྐྱལ་བཞིན་པ་དང་།   ཤིན་ཏུ་འགྲེངས་པའི་མཇུག་མས་ནག་ཁུང་གཤགས་ནས་འགྲོ་བཞིན་པའི་རི་མོ་ཡིད་ལ་ཤར་ཐུབ།   ཁོས་གཏིང་རིང་པོ་དེ་ན་ཅི་ཙམ་ཞིག་མཐོང་ཐུབ་ཀྱི་ཡོད་དམ།   རྒད་པོས་བསམས།   ཁོའི་མིག་ཤིན་ཏུ་ཆེ།   རྟ་ལ་མིག་དེ་ལས་ཆེས་ཆུང་བ་ཞིག་ཡོད་མོད་ནག་ཁུང་ནང་མཐོང་ཐུབ།   སྐབས་གཅིག་ལ་ངས་ཀྱང་ནག་ཁུང་ནང་ཅུང་ལེགས་པོ་ཞིག་མཐོང་ཐུབ།   ནག་ཁུང་ནག་རྐྱང་གི་ནང་མ་རེད།   ཡིན་ནའང་ཧ་ལམ་ཞི་མི་གཅིག་གིས་མཐོང་བ་ཙམ་ཞིག་རེད།

ཉི་མ་དང་དེ་བཞིན་ཁོའི་མཛུབ་མོ་མུ་མཐུད་ནས་འགུལ་བསྐྱོད་བྱས་པ་ལ་བརྟེན་ནས་ཁོའི་ལག་པ་གཡོན་མ་དེ་སངས་དྲགས་སུ་གྱུར།   ཁོས་དེ་ལ་ལས་ཤུགས་ཆེ་བ་སྤྲོད་པའི་མགོ་བཙུགས་ཤིང་།   ཉ་ཐག་གི་ན་ཟུག་དེ་ཅུང་ཙམ་ཞིག་སྤོར་ཆེད་ཁོས་རང་གི་རྒྱབ་ཀྱི་རྩ་རྒྱུས་རྣམས་སྤྲུགས་སྤྲུགས་བྱས།

“ཨེ་ཉ།    ཁྱེད་ཐང་ཆད་མེད་པ་ཡིན་ན།” རྒད་པོས་སྐད་གཟེངས་མཐོན་པོས་བཤད།   “ཁྱེད་ཏན་ཏན་ཧ་ཅང་ཡ་མཚན་ཞིག་རེད།”

ད་ནི་ཁོ་ཤིན་ཏུ་ཐང་ཆད་ཡོད་ཅིང་།   ཁོས་མཚན་མོ་ཡང་གང་མྱུར་ཡོང་གི་ཡོད་པ་ཤེས།   ཁོས་གནད་དོན་གཞན་གྱི་སྐོར་ལ་བསམ་བློ་གཏོང་བའི་ཐབས་ཤེས་བྱས།   ཁོས་རྩེད་མོའི་མཐུན་ཚོགས་ཀྱི་སྐོར་བསམས་ཤིང་།   ཁོ་ལ་དེ་ཚོ་ནི་གྷི་རན་ལི་གཱ་ས[24]རེད།   ནིའུ་ཡོག་གི་ཡན་ཀེ་(Yankees)རུ་ཁག་དེ་  ཌི་ཊི་རོའེ་ཊི་ཡི་ཊེ་གཱར་(Tigers)རུ་ཁག་དང་མཉམ་རྩེ་གིན་ཡོད་པ་ཁོས་ཤེས།

འདི་ནི་ངས་ཝེ་གོ་སི་[25]ཡི་མཇུག་འབྲས་མ་ཤེས་པའི་ཉི་མ་གཉིས་པ་དེ་རེད།   ཁོས་བསམས།  ང་ལ་ཏན་ཏན་གདེང་ཚོད་ཡོད་ན་ཡག་གི་རེད།  ང་རླབས་ཆེན་ཌི་མཱ་ཇའོ་ཡི་རིན་ཐང་ཡོད་པ་ཞིག་ཏན་ཏན་བྱེད་ལ།   ཐ་ན་ཁོའི་ཕྱི་རྟིང་ལ་རུས་ལྷག་གི་ན་ཟུག་ཡོད་ནའང་ཁོས་ཡོད་ཚད་གྲ་ལེགས་པོ་ཞིག་གི་ཐོག་ནས་བྱེད།   རུས་ལྷག་ཟེར་བ་འདི་ག་རེ་ཡིན་ནམ།   ཁོས་ཁོ་ལ་དྲིས།   ཨུན་ཨེ་སེ་པོའུ་ལ་དེའུན་སོ།[26]ང་ཚོ་ལ་དེ་མེད།   བྱ་ཕོ་ཡི་སྡེར་འཛིང་བྱེད་པའི་སྐབས་སྡེར་མོ་ལ་ན་ཟུག་ཡོད་པ་བཞིན་ཕྱི་རྟིང་ལ་ན་ཟུག་ཡོད་པ་ཞིག་ཡིན་ནམ།    བྱ་ཕོ་དེ་ཚོ་ནང་བཞིན་མིག་འབྲས་གཅིག་ཤོར་པ་དང་མིག་འབྲས་གཉིས་ཀ་ཤོར་ནའང་མུ་མཐུད་ནས་འཛིང་པ་དེ་ཚོ་བཟོད་སྒོམ་བྱེད་ཐུབ་ཀྱི་མ་རེད།   ཕོ་ཁྱོ་ག་རྣམས་རླབས་ཆེན་གྱི་བྱ་དང་གཅན་གཟན་རྣམས་དང་བསྡུར་ན་དེ་ཙམ་ཞིག་ཡོད་པ་མ་རེད།   ཡིན་ན་ཡང་ང་ད་དུང་མ་གིའི་མཚོ་ནག་པོའི་ནང་ཡོད་པའི་གཅན་གཟན་དེ་ཡིན་ན་འདོད།

“ཉ་ཤྲག་ཡོང་ན་མ་གཏོགས།” ཁོས་སྐད་ཆེན་པོས་བཤད།   “གལ་སྲིད་ཉ་ཤྲག་ཡོང་ན།   དཀོན་མཆོག་གིས་ང་དང་ཁོ་ལ་ཐུགས་རྗེས་གཟིགས།”

ང་ཉ་འདིའི་མཉམ་དུ་ཇི་སྲིད་སྡོད་པའི་དུས་ཡུན་དེ་སྲིད་ཇི་བཞིན་རླབས་ཆེན་ཌི་མཱ་ཇའོ་ཡང་ཉ་གཅིག་གི་མཉམ་སྡོད་རྒྱུ་རེད་བསམས་པའི་ཡིད་ཆེས་ཁྱེད་ལ་ཡོད་དམ།   ཁོས་བསམས།  ཁོ་ཏན་ཏན་ཁོ་སྡོད་ཀྱི་རེད་ལ།   ལོ་ན་ཆུང་ཞིང་སྟོབས་ཆེན་ཡིན་སྟབས་ཡུན་རིང་ང་ཞིག་ལ་སྡོད་ཀྱི་རེད་བསམས།   ད་དུང་ཁོའི་ཕ་ཡང་ཉ་པ་ཞིག་རེད།   ཡིན་ན་ཡང་རུས་ལྷག་དེས་ཁོ་ལ་ན་ཟུག་ཆེན་པོ་གཏོང་གི་ཡོད་དམ།

“ངས་ཤེས་ཀྱི་མེད།” ཁོས་སྐད་ཆེན་པོས་བཤད།   “ང་ལ་རུས་ལྷག་ཅིག་གཏན་ནས་བྱུང་མ་མྱོང་།”

ཉི་མ་ནུབ་རིམ་བཞིན་ཁོས་ཁོ་ལ་གདེང་ཚོད་མང་བ་ཡོང་ཆེད་ཁོས་འདི་དག་དྲན།   དུས་ཚོད་ཅིག་ལ་ཁཱ་སཱ་བ་ལན་ཁ་[27]ཞེས་པའི་གྲོང་ཁྱེར་གྱི་ཆང་ཁང་ཞིག་ཏུ།   མཚོ་ཁ་དེ་རུ་སྟོབས་ཆེ་ཤོས་ཡིན་ཞིང་།   སཱིན་ཕུའི་གོ་སི་[28]ཞེས་པ་ནས་ཡིན་པའི་མི་ནག་སྟོབས་ཆེན་ཞིག་ཡོད་པ་དང་མཉམ་དུ་ལག་ཤུགས་འགྲན་པའི་རྩེད་མོ་རྩེས་ཤིང་།   ས་སྨྱུག་གིས་ཐིག་འཐེན་པའི་ཅོག་ཙེ་གཅིག་གི་སྟེང་དུ་ཁོང་གཉིས་ཀྱིས་གྲུ་མོ་བཙུགས་ནས་ལག་ངར་གཉིས་ཐད་ཀར་ཡར་བསླངས།   ལག་པ་གཉིས་ཀྱིས་དམ་པོར་བསྡམས་ཏེ་ཉིན་གཅིག་དང་མཚན་གཅིག་སོང་།   གཅིག་གིས་གཅིག་གི་ལག་པ་དེ་ཅོག་ཙེའི་ངོས་ལ་མར་གནོན་པའི་རྩོལ་བ་བྱེད།   ས་སྣུམ་གྱི་ཞུན་མའི་འོད་ཀྱི་འོག་ཏུ་མི་མང་པོ་ནང་ལ་ཡོང་ཞིང་ཕྱིར་ཐོན་ལ།   རྒྱན་འཇོག་བྱེད་མཁན་ཤིན་ཏུ་མང་།   ཁོས་མི་ནག་དེའི་གདོང་དང་།   དེ་བཞིན་ལག་པ་དང་དཔུང་བ་ལ་བལྟས།   ཐོག་མའི་ཆུ་ཚོད་བརྒྱད་ཀྱི་རྗེས་སུ་ཁོང་ཚོས་ཆུ་ཚོད་བཞི་བཞིའི་མཚམས་ནས་དཔང་པོ་བརྗེས་ཤིང་།   དེ་ནི་དཔང་པོ་རྣམས་གཉིད་ཁུག་ཐུབ་པའི་ཆེད་རེད།   མི་ནག་དང་ཁོ་གཉིས་ཀའི་མཛུབ་མོའི་སེན་མོའི་འོག་ནས་ཁྲག་འཛགས་ལ།   ཁོང་གཉིས་ཀྱིས་ཕན་ཚུན་གྱི་མིག་དང་ལག་པ།   དཔུང་པ་ལ་བལྟས་ཤིང་།   རྒྱན་འཇོག་མཁན་རྣམས་ཁང་པའི་ཕྱིར་ཐོན་ཞིང་ཡང་ནང་ལ་ཡོང་བ་དང་།   རྩིག་པའི་འཁྲིས་ཀྱི་རྐུབ་སྟེགས་མཐོན་པོར་བསྡད་ནས་བལྟས།   རྩིག་པ་རྣམས་ཤིང་གིས་བཟོས་ཤིང་ཚོན་སྔོ་སྐྱ་ཞིག་བཏང་འདུག་ལ།   ཞུན་མའི་འོད་ཀྱིས་ཁོང་གཉིས་ཀྱི་གྲིབ་ནག་དེ་རྩིག་པའི་ངོས་ལ་འཕངས།   མི་ནག་དེའི་གྲིབ་ནག་དེ་ཤིན་ཏུ་ཆེ་ལ།   རླུང་གིས་ཞུན་མ་སྒུལ་རིམ་བཞིན་གྲིབ་ནག་དེ་རྩིག་ངོས་ནས་འགུལ།

ཐོབ་ཤོར་གྱི་རླུང་རྟ་དེ་མཚན་གང་བོར་ཕར་ཚུར་གྱི་ཕྱོགས་གཉིས་ཀར་བརྗེས་ཤིང་།   ཁོང་ཚོས་མི་ནག་ལ་ཨ་རག་རཱམ་དང་ཐ་མག་ལ་མེ་སྦར་ནས་སྟེར་ཞིང་།   ཨ་རག་འཐུང་རྗེས་མི་ནག་དེས་ཤུགས་ཡོད་ཚད་ཀྱིས་ཐབས་ཤེས་ཤིག་བྱེད།   ཐེངས་གཅིག་ཁོས་རྒད་པོ་དེ་སོར་གསུམ་ཙམ་ཞིག་ཡོ་བར་བྱས།   དེ་དུས་ཁོང་རྒད་པོ་མིན་ལ།   ཁོང་སན་ཊི་ཡ་གོ་ཨེལ་ཁེམ་པེ་འོན[29]རེད།   ཡང་བསྐྱར་རྒད་པོས་ཀྱང་ཁོའི་ལག་པ་དེ་ཡར་བསྟད་ནས་ཆ་སྙོམ་པོར་བཟོས།   དེ་ནས་ཁོས་མི་ནག་འདི་ཐུབ་ཐུབ་པ་ཤེས།   མི་ནག་དེ་ཡང་ཕོ་ཁྱོ་ག་བདེ་མོ་ཞིག་དང་།   རྩལ་དང་ལྡན་པ་ཞིག་རེད།   ཉི་མ་ཤར་བ་དང་རྒྱན་འཇོག་མཁན་ཚོས་འགྲན་བསྡུར་འདི་རྒྱལ་ཕམ་མཉམ་པར་བརྩི་དགོས་པའི་རེ་སྐུལ་བྱེད་ལ།   དཔང་པོས་ཁོའི་མགོ་བོ་གཡུགས་ཀྱི་འདུགཁོས་རང་གི་སྟོབས་ཤུགས་ཡོད་ཚད་བཏོན།   མི་ནག་གི་ལག་པ་ཤིང་ལེབ་སྟེང་དུ་མ་མནན་བར་དུ་ཐུར་ནས་ཐུར་དུ་ཤུགས་ཀྱིས་མནན།   རྩེད་མོའི་འགྲན་བསྡུར་འདི་གཟའ་ཉི་མའི་ཞོགས་ཀར་མགོ་ཚུགས་ཤིང་།   གཟའ་ཟླ་བའི་ཞོགས་ཀར་མཇུག་སྒྲིལ།   རྒྱན་འཇོག་པ་མང་པོས་རྒྱལ་ཕམ་མཉམ་པ་ཞིག་གི་རེ་སྐུལ་བྱེད་དོན་ནི།   ཁོང་ཚོས་གྲུ་ཁ་ལ་བྱེ་མ་ཀ་རའི་སྒྱེ་བསྐྱལ་དགོས་པའམ།   ཡང་ན་ཧ་ཝ་ནཱ་རྡོ་སོལ་བཟོ་གྲྭ་ལ་ལས་ཀ་བྱེད་དུ་འགྲོ་དགོས་པ་རེད།   དེ་མིན་ཚེ་མི་ཚང་མས་རྩེད་མོ་འདིའི་མཇུག་མཐའ་བར་དུ་སོང་ན་འདོད།   འོན་ཀྱང་།  ཁོས་གང་ལྟར་ཡང་ཚར་བ་བྱས་པ་རེད་ལ།   དེ་ཡང་མི་ཚང་མའི་ལས་ཀའི་དུས་ཚོད་ཀྱི་སྔོན་ལ་རེད།

འདིའི་རྗེས་ནས་དུས་ཚོད་རིང་པོ་ཞིག་ལ་མི་ཚང་མས་ཁོ་ལ་སྟོབས་ཆེན་ཨང་དང་པོ་ཞེས་བོས།   དཔྱིད་ཀའི་སྐབས་སུ་ཡང་རྩེད་འགྲན་བསྐྱར་མ་ཞིག་ཡོད་མོད་སྒོར་མོའི་རྒྱན་འཇོག་དེ་ཙམ་མེད་ཅིང་།   རྩེད་འགྲན་དང་པོའི་སྐབས་སུ་ཁོས་སཱིན་ཕུའི་གོས་ཞེས་པ་ནས་ཡིན་པའི་མི་ནག་དེའི་སྤོབས་པ་བཅོམ་པའི་རྐྱེན་གྱིས།    ཁོ་ཅུང་ལས་སླ་བོའི་ངང་ཐོབ་པ་རེད།   དེའི་རྗེས་ལ་ཁོ་རྩེད་མོ་ཐེངས་ཁ་ཤས་རྩེས་ཤིང་།   དེ་ནས་མ་རྩེས་པ་རེད།   ཁོས་རང་ཉིད་ཀྱིས་ཤིན་ཏུ་འདོད་ན་མི་སུ་ཡིན་ཡང་ཕམ་དུ་འཇུག་ཐུབ་པར་ཐག་གཅོད་བྱས་ཤིང་།   དེས་ཉ་ལས་བྱེད་པ་ལ་རང་གི་ལག་པ་གཡས་པ་ལ་གནོད་པར་ཐག་གཅོད་བྱས་པ་རེད།   ཁོས་ཚོད་ལྟའི་རྩེད་འགྲན་ཁ་ཤས་རང་གི་ལག་པ་གཡོན་མས་རྩེས་མོད།   ཁོའི་ལག་པ་གཡོན་མ་དེ་ནམ་ཡིན་ཡང་བསླུ་བྲིད་མཁན་ཞིག་རེད་ལ།   ཁོས་ལག་པ་ལ་བྱེད་དུ་རེ་བ་རྣམས་དེས་མི་བྱེད་ཅིང་།   ཁོས་ཀྱང་དེ་ལ་ཡིད་ཆེས་མ་བྱས་པ་རེད།

ད་ཉི་མ་ཡིས་དེ་ཡག་པོ་བྱས་ནས་ལྡེས་ཡོད།   ཁོས་བསམས།  མཚན་མོའི་སྐབས་སུ་ཤིན་ཏུ་གྲང་མོ་ཆགས་ན་མ་གཏོགས།   ལག་པ་རེངས་པ་དེ་ངའི་སྟེང་ལ་ཡོང་དོན་མེད།   མཚན་མོ་འདིས་ག་རེ་འཁྱེར་ཡོང་གི་ཡོད་དམ།

སྟེང་ནས་གནམ་གྲུ་ཞིག་མཱ་ཡ་མེ་[30]གྲོང་ཁྱེར་གྱི་ཕྱོགས་ལ་འཕུར་སོང་།   དེའི་གྲིབ་ནག་གིས་འཕུར་ཉའི་ཁྱུ་གཅིག་སྐྲག་སྣང་གིས་འདུ་བར་བྱེད་པ་ལ་བལྟས།

“འཕུར་ཉ་མང་པོ་ཡོད་ན་དེའི་མཉམ་དུ་ཌོལ་ཕིན་ཡོད་དགོས།” ཁོས་བཤད།   ཁོས་རང་གི་ཉ་ཡི་ཐོག་ནས་ཅུང་ཟད་ཅིག་འཐེན་ཐུབ་མིན་ལ་བལྟ་ཆེད་རྒྱབ་ཏུ་སྙེས་ནས་ཉ་ཐག་འཐེན།   འོན་ཀྱང་ཁོས་མ་ཐུབ།   ཉ་ཐག་མཁྲེགས་པོར་བསྡད་ཅིང་།   ཐག་པ་མ་ཆད་གོང་ལ་འདར་ནས་ཆུ་ཐིགས་འཛགས་པ་དེའི་ཚད་ན་འདུགགྲུ་ཆུང་དེ་ག་ལེར་མདུན་དུ་བསྐྱོད།   གནམ་གྲུ་དེ་མཐོང་ཡུལ་ལས་ཡལ་བའི་བར་དུ་ཁོས་གནམ་གྲུ་ལ་བལྟས།   

གནམ་གྲུའི་ནང་ཏན་ཏན་ཡ་མཚན་ཞིག་ཡིན་རྒྱུ་རེད།   ཁོས་བསམས།  མཐོ་ཚད་དེ་ཙམ་ཞིག་ནས་བལྟས་ན་རྒྱ་མཚོ་འདི་ག་འདྲ་ཞིག་ཡིན་ནམ།   གལ་སྲིད་ཁོ་ཚོ་དེ་ཙམ་གྱི་མཐོ་ས་ཞིག་ནས་མ་འཕུར་བ་ཡིན་ན་ཁོང་ཚོས་ཉ་འདི་ཡང་མཐོང་ཐུབ་ཀྱི་རེད།   ང་འདོམ་ཉིས་བརྒྱ་ཙམ་གྱི་བར་སྣང་ལ་ག་ལེར་འཕུར་ན་འདོད་ཅིང་།   སྟེང་ཕྱོགས་ནས་ཉ་འདི་ལ་བལྟས་ན་འདོད།   ང་ཡང་རུས་སྦལ་གྲུ་གཟིངས་ཀྱི་སྟེང་དར་ཤིང་རྩེའི་ཤིང་བསྣོལ་མ་ལ་བསྡད་པ་ཡིན་ལ།   མཐོ་ས་དེ་ཙམ་ཞིག་ནས་ཀྱང་ངས་ཆེས་མང་བ་ཞིག་མཐོང་།   དེ་ནས་བལྟས་ན་ཌོལ་ཕིན་རྣམས་ཆེས་ལྗང་ཁུར་སྣང་ལ།   ཁྱེད་ཀྱིས་ཁོ་ཚོའི་ཐིག་ཤར་དང་ཁོ་ཚོའི་མུ་མེན་གྱི་ཐིག་ལེ་མཐོང་ཐུབ།   ཁོ་ཚོ་ཆུ་ལ་རྐྱལ་སྐབས་ཁྱེད་ཀྱིས་ཁོང་ཚོའི་ཁྱུ་ཚང་མ་མཐོང་ཐུབ།   ཅིའི་ཕྱིར་རྒྱ་མཚོའི་རྒྱུ་བ་སྔོ་ནག་ནང་གི་ཉ་མགྱོགས་པོ་ཚང་མ་ལ་རྒྱབ་ཀྱི་མདོག་དམར་སྨུག་དང་།   ཡང་ན་རྒྱུན་དུ་ཁོང་ཚོར་དམར་སྨུག་གི་ཐིག་ཤར་དང་དམར་སྨུག་གི་ཐིག་ལེ་ཡོད་པ་རེད།   ཌོལ་ཕིན་རྣམས་དངོས་གནས་གསེར་མདོག་ལྡན་པའི་སྟབས་ཀྱིས་ལྗང་ཁུར་མཐོང་གི་རེད།   ཡིན་ནའང་ཁོ་ཟས་ལ་ཡོང་སྐབས་དངོས་གནས་ལྟོགས་ཡོད་ན།   ཉ་ཆེན་མཱར་ལིན་བཞིན་ཁོའི་གཞོགས་གཉིས་སུ་མུ་མེན་མདོག་གི་ཐིག་ཤར་སྟོན།   དེ་རླུང་ལངས་པ་ཡིན་ནམ།   ཡང་ན།  ཁོས་རྒྱུགས་ཚད་ཆེས་མགྱོགས་པོར་བཏང་བས་དེ་ཕྱི་ལ་བཏོན་པ་ཡིན།

ས་མ་རུབ་གོང་ཙམ་ལ།   ཉལ་གོས་སེར་པོ་ཞིག་གི་འོག་ཏུ་རྒྱ་མཚོ་ཡིས་དངོས་པོ་ཞིག་དང་མཉམ་དུ་འཁྲིག་པ་སྤྱོད་བཞིན་པ་དང་མཚུངས་པའི་མཚོ་རྩྭ་ སཱར་གོ་སོ་ ཅན་གྱི་མཚོ་གླིང་ཞིག་སྟེ།   མཚོ་ཡང་མོའི་ནང་མཚོ་རྩྭ་རྣམས་བརྩེགས་ཤིང་གཡེངས་ནས་ཡོད་པ་ཞིག་བརྒྱུད་པའི་སྐབས་དེར།    ཁོའི་ཉ་ཐག་ཐུང་བ་ཞིག་ཌོལ་ཕིན་གྱིས་བཟུང་།   དེ་བར་སྣང་ལ་མཆོངས་པའི་སྐབས་སུ་ཁོས་ཐོག་མར་མཐོང་ཞིང་།   ཉི་འོད་མཐའ་མའི་ནང་དེ་དངོས་གནས་གསེར་མདོག་ལྡན་ལ།   བར་སྣང་ལ་རྒྱ་ཆེ་བའི་ངང་ནས་ལྡེམ་ལྡེམ་དང་སྒུར་སྒུར་བྱེད་བཞིན་འདུག སྐྲག་སྣང་དང་བསྟུན་ནས་ཤུགས་ཀྱིས་ཡང་ཡང་མཆོངས་པར་བྱེད།   ཁོ་གྲུ་མཇུག་ཏུ་སླར་ལོག་ཅིང་།   ཙོག་པུར་ཉ་ཐག་ཆེ་བ་དེ་རང་གི་དཔུང་བ་དང་ལག་པ་གཡས་པས་བཟུང་ཞིང་།   ལག་པ་གཡོན་པས་ཌོལ་ཕིན་དེ་འཐེན།   རང་གི་རྐང་པ་གཡོན་མ་རྐང་རྗེན་མ་དེས་ཐག་པ་འཐེན་རིམ་བཞིན་མནན།   ཉ་དེ་གྲུ་མཇུག་ཏུ་སླེབས་མཚམས་དངངས་འཚབ་ཀྱི་ངང་ནས་གཞོགས་གཅིག་ནས་གཅིག་ཏུ་གཅོད་ཅིང་དཔྱངས།   རྒད་པོ་གྲུའི་སྣེ་མོར་སྙེས་ནས་མུ་མེན་གྱི་ཁྲ་ཐིག་ཅན་གྱི་འོད་འཚེར་བའི་གསེར་མདོག་གི་ཉ་དེ་གྲུའི་ནང་ལ་དྲངས།   དེའི་འགྲམ་སོ་རྣམས་ཀྱིས་ལྕགས་ཀྱུ་ལ་སོ་མྱུར་མོར་འདེབས་པའི་ལས་འདི་དྲག་པོར་བསྟེན་ལ།   དེའི་ལེབ་ལ་རིང་བའི་གཟུགས་པོ་དང་།   དེའི་མགོདེའི་མཇུག་མ་བཅས་ཀྱིས་གྲུ་ཆུང་གི་མཐིལ་ལ་རྡེག་པ་འདི།   ཁོས་གསེར་མདོག་ཆེམས་ཆེམས་ཀྱི་མགོའི་གང་སར་དབྱུག་པས་བསྣུན་ནས།   འདར་སིག་ཅིག་བརྒྱབ་ནས་ལྷོད་ཞིག་གེར་མ་བསྡད་བར་དུ་མཚམས་མ་བཞག

རྒད་པོས་ཉ་དེ་ལས་ལྕགས་ཀྱུ་བཏོན་ནས་ཉ་ཐག་ལ་ཁ་འབྲིད་ཀྱི་ཉ་སཱར་ཌཱིན་གཞན་ཞིག་བརྒྱུན་ཏེ་གྲུའི་སྟེང་ནས་འཕངས།   དེ་ནས་ཁོ་སླར་ཡང་ག་ལེར་གྲུ་མདུན་ལ་ལོག  ཁོས་རང་གི་ལག་པ་གཡོན་མ་བཀྲུས་ཤིང་དེ་རང་གི་རྐང་སྣམ་ཐོག་ཕྱིས།   དེ་ནས་ཁོས་ཉ་ཐག་ལྗིད་ཆེ་བ་དེ་རང་གི་ལག་པ་གཡས་པ་ནས་ལག་པ་གཡོན་མ་ལ་སྤོར་ཞིང་།   རང་གི་ལག་པ་གཡས་པ་རྒྱ་མཚོའི་ནང་བཀྲུ་ཞོར་དུ་ཉི་མ་རྒྱ་མཚོའི་ནང་ཐིམ་པ་དང་ཉ་ཐག་ཆེ་བ་གསེག་ནས་ཡོད་པ་ལ་བལྟས།

“ཁོ་ལ་འགྱུར་བ་གཏན་ནས་སོང་མི་འདུག”ཁོས་བཤད།   ཡིན་ནའང་ཁོའི་ལག་པ་ལ་ཕོག་པའི་ཆུའི་འགུལ་ཤུགས་ལ་བལྟས་ན།   ཚོར་ཐུབ་པ་ཞིག་གི་ཚོད་ཀྱིས་དལ་བུར་འགྲོ་བ་ལྟ་བུར་སྣང་།

“ངས་གྲུ་ཁྱེམ་གཉིས་མཉམ་དུ་གྲུ་མཇུག་ལ་འཕྲེད་དུ་བཀྱིགས་རྒྱུ་ཡིན་ལ།   དེས་ཁོ་མཚན་མོར་དལ་དུ་གཏོང་གི་རེད།” ཁོས་བཤད།   “ཁོང་མཚན་མོ་ལ་བཟང་ལ།   དེས་ན་ང་ཡང་།”

ཤ་གསེང་ལ་ཡོད་པའི་ཁྲག་ལ་གཅེས་ཕྱིར་ངས་ཅུང་ཟད་འགོར་རྗེས་ཌོལ་ཕིན་གྱི་ནང་ཁྲོལ་བཏོན་ན་ཡག་གི་རེད།   ཁོས་བསམས།  ངས་དེ་ཅུང་ཟད་ཅིག་གི་རྗེས་ནས་བྱེད་ཆོགདེ་དང་མཉམ་དུ་གྲུ་ཁྱེམ་གཉིས་བཀྱིགས་ནས་འདྲུད་དུ་འཇུགངས་ད་ལྟ་ཉ་འདི་མ་འདྲོགས་པར་འཇོག་དགོས་ལ།  ཉི་ནུབ་ཀྱི་མཚམས་འདིར་ཁོང་ལ་བར་ཆད་མང་བོ་མི་བྱེད།   ཉི་མ་ནུབ་པའི་དུས་ཚོད་ནི་ཉ་ཚང་མ་ལ་དཀའ་སྡུག་ཆེ་བའི་དུས་ཤིག་རེད།

ཁོས་རང་གི་ལག་པ་དེ་རླུང་ལ་བསྐམས་ཤིང་།   དེ་ནས་ཉ་ཐག་ལ་སྦར་བསྡམས་བྱས།   ཁོས་གང་ཐུབ་ཐུབ་ཀྱིས་རང་ཉིད་གང་ལྷོད་ལྷོད་ཅིག་ཡོང་ཐབས་བྱས།   ཤིང་ལ་སྙེས་ནས་ཁོ་རང་མདུན་དུ་འཐེན་དགོས་པ་ཞིག་བྱས་བརྟེན།   གྲུ་ཆུང་གིས་འཐེན་ཤུགས་མང་ཆེ་བའམ་ཡང་ན་ཁོ་རང་ལས་མང་བ་ཞིག་བླངས།

ངས་ཇི་ལྟར་བྱེད་དགོས་མིན་དེ་སློབ་ཀྱི་འདུགཁོས་བསམས།   གང་ལྟར་ཡང་།   ཆ་ཤས་འདི་སློབ་ཀྱི་འདུགདེ་ནས་ད།   ད་དུང་འདི་དྲན་དགོས།   ཁོས་ཁ་འབྲིད་བླངས་ནས་བཟུང་ཟས་ཟས་མེད།   ཁོ་ནི་ཆེན་པོ་ཞིག་རེད་ལ་ཟས་མང་པོ་དགོས།    ངས་ཉ་བྷོ་ནི་ཊོ་ཆ་ཚང་ཞིག་ཟས་པ་རེད།   སང་ཉིན་ངས་ཉ་ཌོལ་ཕིན་ཟ་གི་ཡིན།   ཁོས་དེ་ལ་ཌོ་རཱ་ཌོ་[31]ཞེས་བོས།   གཅིག་བྱས་ན་ངས་དེ་གཙང་མ་བཟོས་མཚམས་ཅུང་ཙམ་ཟ་དགོས།   འདི་ཉ་བྷོ་ནི་ཊོ་ལས་ཟ་ཁག་ག་ཡོང་གི་རེད།   ཡིན་ན་ཡང་།  དེ་ནས།   གང་ཡིན་ཡང་ལས་སླ་བོ་ཞིག་ཡོད་པ་མ་རེད།   

“ཨེ་ཉ།   ཁྱོད་ཀྱིས་ཇི་འདྲ་ཚོར་རམ།” ཁོས་སྐད་བརྒྱབ་ནས་དྲིས།   “ངས་སྐྱིད་པོ་ཚོར་ལ།   ངའི་ལག་གཡོན་མ་ཡང་ཡག་ག་འདུགང་ལ་ཉིན་གཅིག་དང་མཚན་གཅིག་གི་ཟས་ཡོད།  ཨ་རོ་ཉ།   གྲུ་འཐེན་དང་།”

ཁོས་དངོས་གནས་སྐྱིད་པོ་ཞིག་མ་ཚོར།   གང་ཡིན་ཟེར་ན།   ཉ་ཐག་ལས་བྱུང་བའི་ཁོའི་རྒྱབ་ཀྱི་ན་ཟུག་དེ་ཕལ་ཆེར་ན་ཟུག་ལས་བརྒལ་ཏེ་རང་གིས་ཡིད་ཆེས་དཀའ་བའི་སྦྲིད་པ་ཞིག་གི་ནང་སོང་ཟིན་འདུགཡིན་ན་ཡང་།   ང་ལ་འདི་ལས་སྡུག་ག་ཡོང་ཡོད་ཀྱི་རེད།   ཁོས་བསམས།  ངའི་ལག་པ་ལ་རྨ་ཆུང་ཆུང་ཞིག་ལས་མེད་ལ།  གཞན་པ་དེ་ནས་རེངས་པ་ཡང་ཡལ་ཚར་སོང་།  ངའི་རྐང་པ་གཉིས་བདེ་མོ་ཡིན།   ད་ནི་ཁ་ཟས་ཀྱི་ཐོག་ནས་ཀྱང་ང་ཁོ་ལས་རྒྱལ་ཡོད།

ཟླ་དགུ་བའི་ནང་ཉི་མ་ནུབ་པ་དང་མུན་ནག་མགྱོགས་པོར་ཡོང་བ་ལྟར་ད་ནི་མུན་ནག་རེད།   ཁོ་གྲུ་མདུན་གྱི་ཤིང་ཟད་པོ་ལ་སྙེས་ཤིང་།   རང་གི་ཐུབ་ཚོད་ཀྱིས་ངལ་གསོ་བརྒྱབ།   སྐར་མ་ཐོག་མ་རྣམས་ཕྱིར་མངོན།   ཁོས་སྐར་མ་རི་གེལ་[32]གྱི་མིང་མི་ཤེས་མོད་ཁོས་དེ་མཐོང་ཞིང་།   གང་མྱུར་གྱིས་སྐར་མ་ཚང་མ་ཕྱིར་མངོན་རྒྱུ་ཡིན་པ་ཤེས་ལ།   ཁོ་ལ་རང་གི་ཐག་རིང་གི་གྲོགས་པོ་ཚང་མ་ཡོད་པ་རེད།

“ཉ་འདི་ཡང་ངའི་གྲོགས་པོ་རེད།” ཁོས་སྐད་ཆེན་པོས་བཤད།   “ཉ་འདི་འདྲ་ཞིག་ངས་གཏན་ནས་མཐོང་མ་མྱོང་ལ་གོ་ཡང་མ་མྱོང་།   ཡིན་ན་ཡང་།  ངས་ཁོ་གསོད་དགོས།   ང་ཚོས་སྐར་མ་རྣམས་གསོད་པའི་ཐབས་ཤེས་བྱེད་མི་དགོས་པ་དེ་ལ་ང་དགའ་བ་ཡིན།”

ཡིད་ལ་སྒོམས་དང་།   གལ་སྲིད་མི་ཞིག་གིས་ཉིན་རེ་རེ་ལ་ཟླ་བ་གསོད་པའི་ཐབས་ཤེས་བྱེད་དགོས་ན།   ཁོས་བསམས།  ཟླ་བ་ཕར་བྲོས་འགྲོ་གི་རེད།   ཡིན་ན་ཡང་།   ཡིད་ལ་སྒོམས་དང་།   གལ་སྲིད་མི་ཞིག་གིས་ཉིན་རེ་རེ་ལ་ཉི་མ་གསོད་པའི་ཐབས་ཤེས་བྱེད་དགོས་ན།   ང་ཚོ་སྐལ་བ་བཟང་བོ་ཞིག་ལ་སྐྱེས་པ་རེད།   ཁོས་བསམས།

དེ་ནས་ཟས་ཁམ་གང་ཡང་མེད་པའི་ཉ་སྟོབས་ཆེན་འདི་ལ་ཁོང་སྙིང་རྗེ་སྐྱེས།   ཉ་འདི་ལ་བཟུང་བའི་འགྱོད་གདུང་དེའི་ཁྲོད་ནས་ཉ་འདི་གསོད་འདོད་ཀྱི་འདུན་པ་དེ་ནམ་ཡང་ལྷོད་མ་མྱོང་།   ཉ་འདིས་མི་ག་ཚོད་ལ་ཟས་སྦྱིན་ནམ།   ཁོས་བསམས།  ཡིན་ནའང་མི་དེ་ཚོ་ལ་ཁོ་ཟ་རྒྱུའི་བསོད་ནམས་ཡོད་དམ།   ཡོད་མ་རེད།  ཏན་ཏན་ཡོད་མ་རེད།   ཁོའི་སྤྱོད་པ་སྟོན་སྟངས་དང་རླབས་ཆེ་བའི་མཚན་མཐོང་ལ་བལྟས་ན།   ཁོ་ཟ་བའི་བསོད་ནམས་ཅན་སུ་ཡང་ཡོད་པ་མ་རེད།

ངས་དོན་དག་འདི་ཚོ་ཤེས་ཀྱི་མི་འདུགཁོས་བསམས།   ཡིན་ནའང་།   ང་ཚོས་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་གསོད་ཐབས་བྱེད་མི་དགོས་པ་འདི་དོན་བཟང་བོ་ཞིག་རེད།   རྒྱ་མཚོའི་ངོས་སུ་བསྡད་ནས་ང་ཚོའི་སྤུན་ངོ་མ་རྣམས་གསོད་པ་འདི་ཙམ་ཞིག་གིས་འགྲིག་ཐག་ཆོད་རེད།

ད་ནི།   ཁོས་བསམས།   ངས་ཡིན་གཅིག་མིན་གཅིག་འཐེན་ལུགས་འདི་ལ་བསམས་དགོས།   དེ་ལ་ཉེན་ཁ་དང་དགེ་བ་གཉིས་ཀ་འདུགགལ་སྲིད་ཁོས་འབད་བརྩོན་བྱས་ཚེ།   གྲུ་ཁྱེམ་གྱིས་ཕྱིར་འཐེན་བཅུག་ཡོད་པ་དང་།   གྲུ་ཆུང་གིས་རང་གི་ཡང་མོའི་རང་བཞིན་ཡོད་ཚད་ཤོར་བ།   དེ་ནས་ངའི་ཉ་ཐག་མང་པོ་ཤོར་ནས་ཁོ་ཤོར་སྲིད་པ་རེད།   ཡང་མོའི་རང་བཞིན་དེས་ང་ཚོ་གཉིས་ཀའི་སྡུག་བསྔལ་རིང་དུ་གཏོང་མོད།   ཁོ་ལ་རང་གིས་གཏན་ནས་བཀོལ་མྱོང་མེད་པའི་རང་གི་མགྱོགས་ཚད་ཆེན་པོ་དེ་ཡོད་སྟབས།   ཡང་མོའི་རང་བཞིན་དེ་ནི་ངའི་སྲུང་སྐྱོབ་རེད།   དོན་དག་གང་འདྲ་ཞིག་བྱུང་རུང་།   ངས་ཏན་ཏན་ཌོལ་ཕིན་གྱི་ནང་ཁྲོལ་འདོན་གྱི་ཡིན།   དེས་ཁོ་མ་རུལ་བ་བྱེད་ལ།   ང་ལ་སྟོབས་སླེབས་ཆེད་ཁོའི་ཅུང་ཟད་ཅིག་ཟ་གི་ཡིན།

ད་ ང་གྲུ་མཇུག་ལ་སོང་ནས་ལས་ཀ་དེ་མ་བྱས་པ་དང་ཐག་གཅོད་དེ་མ་བྱས་པའི་སྔོན་ལ།    ངས་ཡང་བསྐྱར་ཆུ་ཚོད་གཅིག་ངལ་གསོ་བྱས་ནས་ཁོ་ད་དུང་བརྟན་པོ་དང་བབ་བརླིང་ཡིན་པ་དེ་ཚོར་བ་བྱེད་ཀྱི་ཡིན།   དེའི་རིང་ལ།  ངས་ཁོས་ཇི་ལྟར་རྣམ་འགྱུར་སྟོན་པ་དང་།  ཁོ་ལ་འགྱུར་བ་ཕྱིན་ཡོད་མེད་དེ་བལྟ་གི་ཡིན།   གྲུ་ཁྱེམ་དེ་སྒྱུ་ཐབས་ཡག་པོ་ཞིག་རེད།   ཡིན་ནའང་།  ད་བརྟན་པོ་བྱེད་པའི་དུས་ཚོད་ཅིག་ལ་སླེབས་པ་རེད།   ཁོ་ད་དུང་ཉ་ཉ་རྐྱང་ཞིག་རེད།   ལྕགས་ཀྱུ་དེ་ཁོའི་ཁའི་ཟུར་ལ་ཡོད་པ་དེ་ངས་མཐོང་བྱུང་།   ཁོས་རང་གི་ཁ་དེ་དམ་པོར་བསྡམས་འདུགལྕགས་ཀྱུའི་ཉེས་ཆད་དེ་ཚོ་གང་ཡང་མ་རེད།  ཁོས་གཏན་ནས་མི་ཤེས་ཤིང་ཁོ་ལ་འཕྲད་ཡོད་པའི་བཀྲེས་ལྟོགས་ཀྱི་ཉེས་ཆད་འདི་ནི་ཡོངས་སུ་རྫོགས་པ་དེ་རེད།   རྒད་པོ།  ད་ངལ་གསོ་བྱོས་དང་།   ཁྱེད་ཀྱི་ལས་འགན་རྗེས་མ་དེ་མ་སླེབས་བར་དུ་ཁོ་ལ་ལས་ཀ་བྱེད་དུ་ཆུགས།

ཁོ་རང་ཆུ་ཚོད་གཉིས་ཡིན་བསམས་བསམས་ཤིག་ལ་ངལ་གསོ་བརྒྱབ།   ད་ལྟ་ཟླ་བ་དེ་ཕྱི་པོ་ལ་མ་གཏོགས་ཤར་གྱི་མེད་ལ།   ཁོ་ལ་ཆུ་ཚོད་ཏག་ཏག་བརྟག་པའི་ཐབས་ཡོད་མ་རེད།   ལྟོས་འཇོག་རེ་ཟུང་ཙམ་མ་གཏོགས་ཁོས་དངོས་གནས་ངལ་གསོ་ཡང་བྱེད་ཀྱི་མེད།   ཁོས་ད་དུང་ཉ་ཐག་གི་འཐེན་ཤུགས་དེ་ཕྲག་པའི་སྟེང་སྒོམ་བཞིན་ཡོད།   ཡིན་ནའང་ཁོའི་ལག་པ་གཡས་པ་དེ་གྲུ་མདུན་གྱི་མུ་ཁྱུད་ལ་བཞག་ཡོད་ལ།   དེས་ཉ་ལ་སྦྱིན་པའི་རྒོལ་ཤུགས་ཆེ་རུ་ཆེ་རུ་གཏོང་བ་དེ་གྲུ་ཆུང་རང་ལ་བཅོལ་བ་རེད།

གལ་སྲིད་ངས་ཉ་ཐག་འདི་བསྡམས་པ་ཡིན་ན་དེ་ཅི་ཙམ་གྱི་ལས་སླ་བོ་ཞིག་ཡིན་ནམ།   ཁོས་བསམས།  ཡིན་ནའང་ཁོའི་གཡོ་འཁྱོམ་ཆུང་བ་ཞིག་གིས་ཀྱང་དེ་གཅོད་སྲིད།   ངས་ཡིན་གཅིག་མིན་གཅིག་ངའི་གཟུགས་པོ་དེ་ཉ་ཐག་གི་འཐེན་ཤུགས་འོག་གི་འབོལ་གདན་བྱེད།   ནམ་ཡིན་ཡང་ལག་པ་གཉིས་ཀས་ཉ་ཐག་གློད་ཆོག་ཆོག་གི་གྲ་སྒྲིག་བྱེད།   

“ཡིན་ནའང་།   ད་དུང་ཁྱེད་གཉིད་ཡོད་པ་མ་རེད།   རྒད་པོ།”ཁོས་སྐད་གཟེངས་མཐོན་པོས་བཤད།   “ཉི་མ་ཕྱེད་དང་མཚན་གཅིག་རེད་ལ།   ད་ཡང་བསྐྱར་ཉི་མ་གཅིག་བཅས་ལ་ཁྱེད་རང་གཉིད་ཡོད་པ་མ་རེད།   ཁྱེད་ཀྱིས་ངེས་པར་དུ་ཐབས་ཤིག་འཚོལ་དགོས།   དེ་ནས་ཁོ་ཞི་འཇམ་དང་གཏན་འཇགས་ཡིན་ན་ཁྱོད་ཅུང་ཟད་གཉིད།   གལ་སྲིད་ཁྱེད་རང་མ་གཉིད་ན་ཁྱེད་ཀྱི་མགོའི་ནང་གསལ་པོ་མེད་པ་ཆགས་ཀྱི་རེད།”

ངའི་མགོའི་ནང་གསལ་ཆ་འདང་ངེས་པ་ཞིག་ཡོད།   ཁོས་བསམས།  ཤིན་ཏུ་གསལ་པོ་ཡོད།   ངའི་སྤུན་ཟླ་ཡིན་པའི་སྐར་མ་དེ་ཚོ་ནང་བཞིན་ང་གསལ་པོ་ཡིན།   ད་དུང་ང་ཏན་ཏན་གཉིད་དགོས།   ཁོ་ཚོ་གཉིད་ཀྱི་རེད་ལ།   ཟླ་བ་དང་ཉི་མ་ཡང་གཉིད་ཀྱི་རེད།   མཐའ་ན་ཉི་མ་རེ་འགའི་རིང་ལ་རླབས་མེད་ཅིང་ལྷིང་འཇགས་ལེབ་མོ་ཡིན་པའི་སྐབས་དེར་རྒྱ་མཚོ་ཡང་མཚམས་མཚམས་ལ་གཉིད་ཀྱི་རེད།

ཡིན་ན་ཡང་།  གཉིད་རྒྱུ་མ་བརྗེད་ཨང་།   ཁོས་བསམས།   ཁྱེད་རང་རང་ལ་དེ་ལྟར་བྱེད་དུ་ཆུགས།   ཉ་ཐག་གི་སྐོར་ལ་སྟབས་བདེ་དང་ཏན་ཏན་ཡིན་པའི་ཐབས་ཤེས་ཤིག་འཚོལ།   ད་ཕྱིར་སོངས།   ཌོལ་ཕིན་ཟ་ཆོག་ཆོག་བྱོས།   གལ་སྲིད་ཁྱེད་རང་གཉིད་དགོས་ན།   གྲུ་ཁྱེམ་ལ་འདྲུད་འཇུག་པ་དེ་ལ་ཡིད་ཆེས་བྱས་ན་ཧ་ཅང་ཉེན་ཁ་ཆེན་པོ་རེད།

ང་མ་གཉིད་པར་ཡང་བྱེད་ཐུབ་མོད།   ཁོས་ཁེར་བཤད་བྱས།   དེ་ནི་ཆེས་ཉེན་ཁ་ཆེ་བ་ཞིག་ཆགས་ཀྱི་རེད།

ཁོས་ཉ་ཐག་ལ་འགུལ་ཙམ་ཡང་མི་ཐེབས་པའི་ཆེད་དུ་གཟབ་གཟབ་བྱས་ཁར།   ལག་པ་དང་པུས་མོ་བཙུགས་ནས་ཕྱིར་གྲུ་མཇུག་གི་ཕྱོགས་སུ་འགྲོ་མགོ་བཙུགས།   ཁོ་ཡང་གཉིད་མ་སད་ཀྱི་སྐབས་ཤིག་ལ་ཡོད་ས་རེད།   ཁོས་བསམས།  ཡིན་ནའང་ངས་ཁོ་ལ་ངལ་གསོ་བྱེད་འཇུག་འདོད་མེད།   ཁོ་ཤི་ཤི་བར་དུ་ཡིན་གཅིག་མིན་གཅིག་འཐེན་དགོས་རེད།   

གྲུ་མཇུག་ལ་སླེབས་ནས་ཁོ་ཁ་བསྒྱུར།    དེ་ནས།   ཁོས་རང་གི་ལག་པ་གཡོན་མས་ཉ་ཐག་གི་འཐེན་ཤུགས་དེ་རང་གི་ཕྲག་པ་ནས་བཟུང་།   རང་གི་ལག་པ་གཡས་པས་གྲི་དེ་གྲི་ཤུབས་ནས་བཏོན།   ད་ཆ་སྐར་མ་རྣམས་འོད་ཆེམས་ཆེམས་བྱེད་ལ།   ཁོས་ཌོལ་ཕིན་དེ་གསལ་པོར་མཐོང་།   ཁོས་རང་གི་གྲི་དེའི་རྩེ་མོ་ཁོའི་མགོ་ལ་བཙུགས་ནས་གྲུ་མཇུག་གི་སྟེགས་འོག་ནས་ཕྱིར་དྲུད།   ཁོས་རང་གི་རྐང་པ་ཡ་གཅིག་དེ་ཉའི་སྒང་ལ་བཞགབཤང་ལམ་ནས་མ་མགལ་གྱི་འོག་བར་དུ་མགྱོགས་པོར་གཤགས།   ཁོས་གྲི་ས་ལ་བཞག་ནས།    ལག་པ་གཡས་པས་ནང་ཁྲོལ་རྣམས་བཏོན།   ལག་པས་བྲད་ནས་གཙང་མ་བཟོས་ཤིང་།    དབུགས་དབང་རྣམས་བཀོག རང་གི་ལག་པའི་ནང་དེའི་གྲོད་པུ་དེ་ལྗིད་པོ་དང་འཇམ་ཤ་ཅན་དུ་ཚོར།   ཁོས་དེ་གཤགས་ནས་ཁ་ཕྱེས།   དེའི་ནང་ལ་འཕུར་ཉ་གཉིས་འདུགདེ་ཚོ་ནི་སོས་པ་དང་མཁྲེགས་པོ་རེད།     ཁོས་དེ་གཉིས་གཅིག་གི་འགྲམ་ལ་གཅིག་བཞག་སྟེ་ཐང་ལ་བཀྲམས།   དབུགས་དབང་དང་ནང་ཁྲོལ་རྣམས་གྲུ་མཇུག་གི་སྟེང་ནས་མཚོ་ལ་འཕངས།   དེ་ཚོས་འོད་ཆེམ་ཆེམས་ཤིག་ཤུལ་དུ་བཞག་ནས་ཆུའི་ནང་ཐིམ་པར་གྱུར།   ཉ་ཌོལ་ཕིན་དེ་གྲང་མོ་རེད་ལ།   ད་ནི་སྐར་མའི་འོད་ཀྱི་འོག་མཛེ་ནད་མདོག་གི་དཀར་སྐྱ་ཞིག་རེད།   རྒད་པོས་རང་གི་རྐང་པ་གཡོན་མ་དེ་ཉའི་མགོ་ལ་བཞག་ནས་ཁོའི་པགས་པ་གཞོགས་གཅིག་དེ་བཤུས།   དེ་ནས་ཁ་བསྒྱུར་ཏེ་གཞོགས་གཞན་དེའི་པགས་པ་བཤུས།   ཕྱོགས་རེ་རེ་ནས་མགོ་དང་མཇུག་མ་བར་སླེབས་དུས་བཅད།   

ཁོས་རུས་པ་རྣམས་གྲུའི་ངོས་ནས་ཕར་ཤུད་དུ་བཅུག་ཅིང་།   ཆུའི་ནང་ནས་བསྐོར་འཁྱིལ་བྱེད་ཀྱི་ཡོད་མེད་ལ་བལྟས།   ཡིན་ནའང་དེ་ག་ལེར་མར་ཐིམ་པའི་འོད་ཆུང་ཆུང་གཅིག་ལས་གང་ཡང་མི་འདུགདེ་ནས་ཁོ་ཁ་ཕྱིར་འཁོར་ནས་འཕུར་ཉ་གཉིས་པོ་དེ་ཉའི་ཤ་ཁོག་ལེབ་མོ་གཉིས་ཀྱི་བར་བཅུགརང་གི་གྲི་དེ་གྲི་ཤུབས་ལ་བཅུག་ནས་དལ་བོའི་ངང་གྲུ་མདུན་ལ་ལོག  ཉ་ཐག་གི་ལྗིད་དེ་རྒྱབ་ལ་བཀལ་བས་ཁོའི་རྒྱབ་སྒུར་ནས་འདུགཁོས་རང་གི་ལག་པ་གཡས་པས་ཉ་དེ་འཁྱེར།

གྲུ་མདུན་ལ་སླེབས་མཚམས་ཁོས་ཉའི་ཤ་ཁོག་ཕྱེད་གཉིས་དེ་ཤིང་ལེབ་སྟེང་བཀྲམས།   འཕུར་ཉ་གཉིས་དེའི་འཁྲིས་ལ་བཞགདེའི་རྗེས་ལ་ཁོས་ཉ་ཐག་དེ་རང་གི་ཕྲག་པའི་སྟེང་གི་གནས་གསར་པ་ཞིག་ལ་སྤོར་ནས་ཉ་ཐག་བཟུང་ཞིང་།   ལག་པ་གཡོན་པ་གྲུ་མདུན་གྱི་མུ་ཁྱུད་ལ་བཞག་ནས་ངལ་གསོ་བྱས།   དེ་ནས་ཁོ་རང་ཕྱོགས་གཅིག་ལ་སྙེས་ནས་འཕུར་ཉ་དེ་ཆུའི་ནང་ལ་བཀྲུས་པ་དང་།   རང་གི་ལག་པར་ཕོག་པའི་ཆུའི་རྒྱུགས་ཚད་དེ་ཚོར་བར་བྱས།   ཉའི་པགས་པ་བཤུས་པའི་རྐྱེན་གྱིས་ཁོའི་ལག་པ་འོད་ཆེམས་ཆེམས་བྱེད་ལ།   ཁོའི་རང་གི་ལག་པའི་ངོས་སུ་ཆུ་འཕྱོ་བ་ལ་བལྟས།   ཆུའི་འཕྱོ་ཤུགས་དེ་ཤུགས་ཆུང་ང་རེད་ལ།   ཁོས་རང་གི་ལག་པའི་ངོས་གྲུ་ཆུང་གི་ཤིང་ལེབ་ལ་འཕྱིས་པས།   འོད་ཅན་གྱི་ཙག་ཙིག་ཅིག་མར་ཟགས་ཤིང་དལ་བོ་བྱས་ནས་གྲུ་མཇུག་ཏུ་མར་འཁུར།

“ཁོ་ཐང་ཆད་བཞིན་འདུགཡང་ནཁོས་ངལ་གསོ་བྱེད་ཀྱི་འདུག” རྒད་པོས་བཤད།   “ད་ཆ་ང་ལ་ཌོལ་ཕིན་འདི་ཟ་རྒྱུའི་གོ་རིམ་ནང་སྡོད་ཆུགས།   ངལ་གསོ་ཅུང་ཙམ་ཞིག་བྱོས།   གཉིད་ཅུང་ཟད་ཁུགས།”

སྐར་མའི་འོག་དང་མཚན་གང་བོར་ཤིན་ཏུ་གྲང་བའི་སྐབས་འདིར་ཁོས་ཉ་ཌོལ་ཕིན་གྱི་ཕྱེད་གཅིག་ཟས།   འཕུར་ཉ་གཅིག་གི་ནང་ཁྲོལ་བཏོན་ཅིང་མགོ་གཏུབས་ནས་ཟས།

“བཙོས་ནས་ཟས་ན་ཌོལ་ཕིན་གྱི་ཉ་ཤ་འདི་ཇི་འདྲའི་ཞིམ་པོ་ཡོད།” ཁོས་བཤད།   “ཇི་འདྲའི་སྐྱུགས་བྲོ་བའི་ཉ་ཤ་རྗེན་པ་ཞིག་རེད་ཨང་།   ང་ལ་ཚྭ་དང་སྐྱུར་ཏོག་མེད་པར་གྲུ་གཟིངས་ལ་ཡང་བསྐྱར་གཏན་ནས་འགྲོ་གི་མིན།”

གལ་སྲིད་ང་ལ་ཀླད་པ་ཞིག་ཡོད་ན།   ངས་ཉིན་གང་བོར་མཚོ་ཆུ་དེ་གྲུའི་གདོང་སྣེ་ལ་སྟོར་ཞིང་སྐམ་དུ་བཅུག་ཡོད་ཀྱི་རེད་ལ།   དེས་ཚྭ་བཟོས་ཡོད་ཀྱི་རེད།   ཁོས་བསམས།  ཡིན་ནའང་།   དེ་ནས་ཕལ་ཆེར་ཉི་མ་མ་ནུབ་ཙམ་གྱི་བར་དུ་ངས་ཌོལ་ཕིན་འདི་བཟུང་ཡོད་མ་རེད།   ད་དུང་འདི་གྲ་སྒྲིག་གིས་མ་འདང་བ་ཞིག་རེད།   ཡིན་ནའང་ངས་དེ་ཚང་མ་ཡག་པོ་བྱས་ནས་བལྡད་པ་ཡིན་ལ་སྐྱུགས་མེར་ཡང་ལང་གི་མི་འདུག

ཤར་ཕྱོགས་ནས་ནམ་མཁའ་ལ་སྤྲིན་པ་ལངས་ཤིང་།   ཁོས་ངོ་ཤེས་པའི་སྐར་མ་རྣམས་གཅིག་རྗེས་གཅིག་མཐུད་ཀྱིས་ཡལ་ཚར་འདུགད་ནི་ཁོ་རང་སྤྲིན་པའི་ལུང་ཤུར་རིང་མོ་ཞིག་ཏུ་རྒྱུ་བ་དང་ཤིན་ཏུ་མཚུངས།  རླུང་ལྡང་བ་ཡང་ཡལ་ཚར་འདུག

“ཉི་མ་གསུམ་དང་བཞིའི་ནང་གནམ་གཤིས་སྡུག་ག་ཞིག་ཡོང་གི་རེད།” ཁོས་བཤད།   “ཡིན་ན་ཡང་དོ་ནུབ་ཡོང་གི་མ་རེད་ལ་སང་ཉིན་ཡང་ཡོང་གི་མ་རེད།   རྒད་པོ།  ཉ་འདིས་སྙུགས་བསྲིངས་ནས་ཞི་འཇམ་ངང་འགྲོ་བའི་སྐབས་གཉིད་ཏོག་ཙམ་ཁུག་ཆེད་དུ་གྲུ་ཆུང་སྒྲིག་དང་།” 

ཁོས་ལག་པ་གཡས་པས་ཉ་ཐག་དམ་པོར་བཟུང་།   དེ་ནས་རང་གི་གཟུགས་པོའི་ལྗིད་ཡོད་ཚད་དེ་གྲུ་མདུན་གྱི་ཤིང་ངོས་ལ་སྦྱར་བ་དང་མཉམ་དུ་བརླ་ཤ་ཡིས་རང་གི་ལག་པ་གཡས་པ་དེ་ཡར་བཙིར།   དེ་ནས་ཁོས་ཉ་ཐག་དེ་རང་གི་ཕྲག་པ་གཉིས་ཀྱི་ཅུང་དམའ་སར་ཕབ་ཅིང་།   དེའི་སྟེང་རང་གི་ལག་པ་གཡོན་མ་བཞག་ཏེ་བརྟན་པོར་བྱས།

ཇི་ཙམ་གྱི་རིང་ལ་སྐྱོར་བསྡད་པ་དེ་ཙམ་གྱི་རིང་ལ་ངའི་ལག་པ་གཡས་པས་འདི་འཛིན་ཐུབ་རྒྱུ་རེད།   ཁོས་བསམས།  ང་གཉིད་པའི་སྐབས་ལ་ལག་གཡས་པ་ལྷོད་པ་ཡིན་ན།   ཉ་ཐག་ཤོར་པ་དང་མཉམ་དུ་ངའི་ལག་པ་གཡོན་མས་ང་གཉིད་སད་རྒྱུ་རེད།   ཐག་པ་ཤོར་ན་དེ་ལག་པ་གཡས་པ་ལ་སྡུག་བསྔལ་ཆེ་བ་ཡོང་གི་རེད།   ཡིན་ནའང་།  ཁོ་དཀའ་སྡུག་ལ་གོམས་ཡོད་པ་རེད།   མ་མཐའ་ཡང་ང་སྐར་མ་ཉི་ཤུ་དང་ཡང་ན་ཆུ་ཚོད་ཕྱེད་ཀ་ཙམ་ལ་གཉིད་ན་ཡང་དེ་ཡག་པོ་རེད།   ཁོ་མདུན་ལ་སྙེས་ནས་ཉ་ཐག་གི་སྟེང་ཁོའི་གཟུགས་པོ་ཡོངས་རྫོགས་བཀུམས་ནས་བསྡད་ཅིང་།   གཟུགས་པོའི་ལྗིད་ཡོད་ཚད་ལག་པ་གཡས་པའི་སྟེང་བཀལ་ནས་གཉིད་དུ་ཡུར།

ཁོས་སེང་གེ་རྣམས་རྨི་ལམ་མ་རྨིས།   དེའི་ཚབ་ལ་ཉ་པོར་པོའི་སེའི་ཁྱུ་ཆེན་པོ་ཞིག་མེལ་ལེ་(mile)བརྒྱད་དམ་བཅུ་ལ་བཀྲམས་ནས་ཡོད་ལ།   སྐབས་འདི་ནི་ཁོང་ཚོའི་གཉེན་བསྡེབས་ཀྱི་དུས་ཚོད་ཡིན་ཅིང་།   ཁོང་ཚོ་བར་སྣང་དུ་མཆོངས་ཤིང་།   བར་སྣང་ལ་མཆོངས་པའི་སྐབས་སུ་ཆུའི་ནང་བཟོས་པའི་ཨི་ཁུང་དེ་རང་དུ་ཕྱིར་འཛུལ་བ་རྨིས།

དེ་ནས་ཁོས་རང་གི་གྲོང་གསེབ་ཏུ་ཉལ་ཁྲིའི་སྟེང་ཉལ་ཡོད་པ་རྨིས་ཤིང་།   དེ་ལ་བྱང་རླུང་གྲང་མོ་ཡོད་ལ།   ཁོ་ཤིན་ཏུ་གྲང་།   ཁོའི་ལག་པ་གཡས་པ་སྦྲིད་འདུགགང་ཡིན་ཟེར་ན།   རང་གི་མགོ་ནི་སྔས་མགོའི་སྟེང་ལ་འཇོག་རྒྱུའི་ཚབ་ལ་དེའི་སྟེང་ལ་བཞག་འདུག

དེའི་རྗེས་ལ་ཁོས་མཚོ་འགྲམ་རིང་མོ་གསེར་མདོག་ཅན་ཞིག་རྨི་ལམ་རྨི་མགོ་ཚུགས།   ཁོས་ས་རུབ་ཙམ་ལ་མཚོ་འགྲམ་དེ་ལ་སེང་གེ་ཐོག་མ་རྣམས་མར་བབས་པ་མཐོང་།   དེ་ནས་སེང་གེ་གཞན་པ་རྣམས་ཡོང་།   མཚོ་འགག་གི་དགོང་མོའི་གྲང་རླུང་དང་ལྷན་དུ་གཏིང་རྡོ་ལ་བཏགས་ཡོད་པའི་གྲུ་གཟིངས་མདུན་སྣེའི་པང་ལེབ་ལ་རང་གི་མ་ནེ་བཞག་ནས།   སེང་གེ་ད་དུང་མང་བ་ཡོང་གི་ཡོད་མེད་ལ་བལྟ་ཕྱིར་ཁོ་སྒུག་སྟེ་བསྡད་འདུག་ཅིང་།   ཁོ་ཤིན་ཏུ་སྐྱིད།

ཟླ་བ་ཤར་ནས་ཡུན་རིང་པོ་འགོར་ནའང་ཁོ་མུ་མཐུད་གཉིད་དུ་ཡུར།   ཉ་ཡིས་སྙུགས་བསྲིངས་ནས་དྲུད་ཅིང་།   གྲུ་ཆུང་དེ་སྤྲིན་ཚོགས་ཀྱི་སྦུབས་ལམ་ནང་དུ་འཛུལ།

ཁོའི་ལག་པ་གཡས་པའི་ཁུ་ཚུར་དེ་གདོང་ལ་ཕོག་པའི་འགུལ་འཐེན་གཅིག་དང་མཉམ་དུ་གཉིད་ལས་སད།   ཉ་ཐག་དེ་ཁོའི་ལག་པ་གཡས་པའི་ནང་བརྡར་ནས་ཤོར་བཞིན་འདུགཁོ་ལ་རང་གི་ལག་པ་གཡོན་མའི་ཚོར་བ་མེད་མོད།  ཁོས་རང་གི་ལག་པ་གཡས་པས་གང་ཐུབ་ཐུབ་ཀྱིས་ཉ་ཐག་བཀག་ཅིང་།   ཉ་ཐག་དེ་ཕྱི་རོལ་དུ་འཆོར་བཞིན་འདུགམཐའ་མ་ལ་ཁོའི་ལག་པ་གཡོན་མས་ཉ་ཐག་རྙེད།  ཉ་ཐག་དེ་ཕྱིར་འཐེན་ནས་རྒྱབ་ཏུ་སྙེས།  ད་ནི་ཉ་ཐག་གིས་ཁོའི་རྒྱབ་དང་ལག་པ་གཡོན་མ་ལ་ཚ་བརྡར་བྱས་སོང་།   ཁོའི་ལག་པ་གཡོན་མས་འཐེན་ཤུགས་ཡོད་ཚད་ལེན་གྱི་འདུག་ལ་རྨ་ངན་པ་བཟོ་བཞིན་འདུགཁོ་ཁ་ཕྱིར་འཁོར་ནས་ཉ་ཐག་གི་ཐག་འཁྱིལ་ལ་བལྟས་ཤིང་།   དེ་དག་ནི་འཇམ་པོའི་ངང་ཤོར་བཞིན་འདུགདེ་ཙམ་ཞིག་ལ་ཉ་དེས་རྒྱ་མཚོ་ཤུགས་ཀྱིས་བརྟོལ་ནས་ཡར་མཆོངས་ཤིང་།   ལྗིད་ཆེན་པོས་མར་ཟགས།   དེ་ནས་ཁོ་ཡང་དང་ཡང་དུ་མཆོངས།   གྲུ་ཆུང་ཆེས་མྱུར་མོར་འགྲོ་བཞིན་ཡོད་ཀྱང་ཉ་ཐག་དེ་ཡང་ད་དུང་ཤོར་འགྲོ་བཞིན་འདུགརྒད་པོས་ཤུགས་བསྐྱེད་ནས་ཉ་ཐག་ཆད་ལ་ཁད་དུ་འཐེན་ཅིང་།   ཡང་ནས་ཡང་དུ་དེ་ཆད་ལ་ཁད་དུ་འཐེན།   ཁོ་ནི་གྲུ་མདུན་གྱི་ངོས་ལ་ཤུགས་ཀྱིས་དྲུད་པར་གྱུར་ཅིང་།   ཁོའི་གདོང་པ་དེ་ཌོལ་ཕིན་གྱི་ཤ་ལེབ་མོར་གཏུབས་པ་དེའི་ནང་ཡོད།   ཁོ་འགུལ་མི་ནུས་པར་གྱུར།

འདི་ང་ཚོས་གང་ལ་སྒུག་པའི་དོན་དེ་རེད།   ཁོས་བསམས།  དེས་ན་ང་ཚོས་དོན་དེ་བྱེད་དོ།།

ཁོ་ལ་ཉ་ཐག་གི་རིན་སྤྲོད་དུ་འཇུག ཁོས་བསམས།   ཁོ་ལ་དེའི་རིན་སྤྲོད་དུ་འཇུག

ཁོས་ཉ་ཡི་མཆོངས་པ་དེ་མི་མཐོང་མོད།   མཚོ་བརྟོལ་ནས་ཡོང་བ་དང་མར་ཟགས་སྐབས་ཀྱི་ཆུ་འཕྱོ་བའི་བརྡབས་སྒྲ་ཁོ་ན་ཐོས།   ཉ་ཐག་གི་མགྱོགས་ཚད་དེས་ཁོའི་ལག་པ་ལ་རྨ་ཆེན་པོ་བཟོ་བཞིན་འདུག་མོད།   འདི་ཡོང་རྒྱུ་ཡིན་པ་ནི་ཁོས་སྔ་མོ་ནས་ཤེས་ཡོད།   ཁོས་རང་གི་སྐྱི་པགས་མཐུག་སའི་ངོས་ལ་རྨ་བཟོ་བ་ལས།   ཉ་ཐག་དེ་ལག་མཐིལ་གྱི་ནང་ངོས་ལ་མི་འཁེལ་བ།   མཛུབ་མོ་མི་གཅོད་པ་བཅས་ཀྱི་ཐབས་ཤེས་བྱས་པ་རེད།

གལ་སྲིད་བུ་ཆུང་འདི་ལ་ཡོད་ན་ཁོས་ཉ་ཐག་འཁྱིལ་མ་འདི་རློན་པ་བཟོ་གི་རེད།   ཁོས་བསམས།  རེད།   བུ་ཆུང་འདི་ལ་ཡོད་ན།   བུ་ཆུང་འདི་ལ་ཡོད་ན།

ཉ་ཐག་དེ་ཕྱི་རོལ་ནས་ཕྱི་རོལ་དང་།   ཕྱི་རོལ་ལ་ཤོར་མོད།   ད་ཆ་དེ་དལ་བོ་རེད་ལ།   ཁོས་ཉ་ལ་དེའི་སོར་གཅིག་ཚུན་ནས་རྩོལ་ལེན་བྱེད་དགོས་པ་ཞིག་བཟོ་བཞིན་ཡོད།   ད་ཆ་ཁོས་ཤིང་ལེབ་ནས་མགོ་ཡར་བཀྱགས་ཤིང་།   ཉ་ཤ་ལེབ་མོའི་ནང་ནས་ཀྱང་ཕྱིར་བཏོན།   དེ་ནས་པུས་མོའི་སྟེང་ལངས།   དེ་ནས་ཁོ་ག་ལེར་རྐང་པའི་སྟེང་ཡར་ལངས།   ཁོས་ཉ་ཐག་ཤོར་ཡོད་ན་ཡང་།   ནམ་ཡིན་ཡང་ཆེས་དལ་བོར་ཤོར་འཇུག་གི་ཡོད།   ཁོ་རྒྱབ་བཤིག་བྱས་ནས་རྐང་མྱངས་ཀྱིས་རང་གིས་མཐོང་མི་ཐུབ་པའི་ཉ་ཐག་འཁྱིལ་མ་རྣམས་ཚོར་བར་བྱས།   ཉ་ཐག་མང་པོ་ད་དུང་ལྷག་ཡོད་ཅིང་།   ད་ནི་བརྡར་ཤུད་བྱས་པའི་ཉ་ཐག་གསར་པ་ཡོངས་རྫོགས་ཉ་ཡིས་ཆུའི་ནང་ནས་འཐེན་དགོས་པ་རེད།

རེད།   ཁོས་བསམས།   ད་ཆ་ཁོ་ཆུའི་ནང་ནས་ཐེངས་བཅུ་གཉིས་ལྷག་མཆོངས་ཟིན་ཅིང་།   རང་གི་རྒྱབ་ངོས་ཀྱི་སྒྱེ་མོ་རྣམས་དབུགས་ཀྱིས་བཀང་ཡོད།   ངས་ཡར་འཐེན་མི་ཐུབ་པའི་གཏིང་རིང་ས་ཞིག་ལ་ཤི་བའི་ཆེད་མར་འགྲོ་ཐུབ་ཀྱི་མ་རེད།   ཁོས་གང་མྱུར་སྐོར་ར་བྱེད་པའི་མགོ་འཛུགས་ཀྱི་རེད་ལ།   དེ་ནས་ངས་ཁོ་ལ་ལས་ཀ་བྱེད་དགོས།   ཅི་ཞིག་གིས་ཁོ་ལ་གློ་བུར་དུ་འདི་བྱེད་བཅུག་པ་ཡིན་ནམ།   དེ་ནི་ཁོ་ལྟོགས་དྲགས་ནས་འུ་ཐུག་པ་ཡིན་ནམ།   ཡང་ན་མཚན་མོར་དངོས་པོ་ཞིག་གིས་ཁོ་ལ་འཇིགས་དངངས་བསླངས་པ་ཡིན།   གཅིག་བྱས་ན་ཁོས་གློ་བུར་དུ་སྐྲག་སྣང་ཞིག་ཚོར་པ་རེད།   ཡིན་ནའང་།  ཁོ་ནི་དེ་འདྲའི་ཉ་ལྷོད་པོ་དང་སྟོབས་ཆེན་ཞིག་རེད།   བལྟས་ཚོད་ཀྱིས་ཁོ་ནི་དེ་འདྲའི་འཇིགས་པ་མེད་པ་དང་གདེང་ཚོད་ཅན་ཞིག་རེད།   ཡ་མཚན།

“རྒད་པོ།   ཁྱེད་རང་རང་ཉིད་འཇིགས་པ་མེད་པ་དང་གདེང་ཚོད་ཆེ་ན་ཡག་གི་རེད།” ཁོས་བཤད།   “ཁྱེད་ཀྱིས་ཁོ་ཡང་བསྐྱར་བཟུང་ཡོད་མོད་ཁྱེད་ཀྱིས་ཉ་ཐག་ཚུར་ལེན་མི་ཐུབ།    འོན་ཀྱང་ཁོས་གང་མྱུར་སྐོར་ར་རྒྱག་དགོས་པ་རེད།”

ད་ཆ་རྒད་པོས་རང་གི་ཕྲག་པ་དང་ལག་པ་གཡོན་མས་ཁོ་འཛིན་བཞིན་ཡོད།   ཁོས་རང་གི་གདོང་བ་ལ་འགོས་པའི་ཌོལ་ཕིན་གྱི་ཤ་དེ་མར་འདེད་ཆེད་སྒུར་ནས་ལག་ཁྱོར་གཡས་པས་ཆུ་ཡར་བཅུས།   དེས་ཁོ་ལ་སྐྱུགས་མེར་ལངས་བཅུག་ནས་སྐྱུགས་པ་ཤོར་ན་རང་གི་སྟོབས་ཤོར་སྲིད་ཅེས་ཁོ་སྐྲག ཁོས་རང་གི་གདོང་གཙང་མ་བཟོས་རྗེས།   གྲུའི་གཞོགས་གཅིག་ནས་རང་གི་ལག་པ་གཡས་པ་དེ་ཆུའི་ནང་ལ་བཀྲུས།   ཁོས་ལག་པ་ཚྭ་ཆུའི་ནང་བཞག་ནས་ཉི་མ་མ་ཤར་གོང་གི་ཉི་འོད་ཐོག་མ་དེ་ཡོང་བ་ལ་བལྟས།   ཁོ་ཧ་ལམ་ཤར་གྱི་ཕྱོགས་ལ་ཁ་གཏད་འདུགཁོས་བསམས།   དེའི་དོན་ནི་ཁོ་ཐང་ཆད་པ་རེད་ལ་ཁོ་རྒྱ་མཚོའི་རྒྱུ་ཕྱོགས་དང་བསྟུན་ནས་འགྲོ་གི་ཡོད་པ་རེད།   གང་མྱུར་ཁོས་སྐོར་ར་བྱེད་དགོས་པ་རེད།   དེ་ནས་ང་ཚོའི་ལས་ཀ་ངོ་མ་དེ་མགོ་ཚུགས་པ་རེད།

ཁོས་རང་གི་ལག་པ་གཡས་པ་ཆུའི་ནང་དུ་བཞག་ནས་དུས་ཚོད་འདང་ངེས་པ་ཞིག་ཕྱིན་པ་དཔགས་རྗེས།   ལག་པ་ཕྱིར་བཏོན་ཅིང་དེ་ལ་བལྟས་ནས།

“དེ་ནི་སྡུག་ག་རང་མ་རེད།” ཁོས་བཤད།   “ཕོ་ཁྱོ་ག་ཞིག་ལ་ན་ཟུག་ནི་ཅི་ཡང་མ་རེད།”

ཁོས་ཉ་ཐག་དེ་རྨ་ཁ་སོས་པ་རྣམས་ཀྱི་ཤུལ་ལ་མི་ཕོག་ཆེད་གཟབ་གཟབ་ཀྱིས་བཟུང་ནས།   ཁོས་རང་གི་ལྗིད་དེ་སྤོར་ཤིང་།   དེས་གྲུ་ཆུང་གི་གཞོགས་གཞན་དེ་ནས་རང་གི་ལག་པ་གཡོན་མ་མཚོའི་ནང་ལ་འཇོག་ཐུབ་གི་རེད།

“ཁྱེད་ཀྱིས་ལས་ཀ་སྡུག་པོ་རང་བྱས་མ་སོང་།  སྙིང་པོ་མེད་པའི་དོན་དེ་འདྲའི་སླད་དུ།”ཁོས་རང་གི་ལག་པ་གཡོན་མ་ལ་དེ་ལྟར་བཤད།  “ཡིན་ན་ཡང་སྐབས་གཅིག་གི་རིང་ངས་ཁྱོད་རྙེད་མ་སོང་།” 

ང་ཅིའི་ཕྱིར་ལག་པ་བཟང་པོ་གཉིས་ཀྱི་མཉམ་དུ་མ་སྐྱེས་པ་རེད།   ཁོས་བསམས།  གཅིག་བྱས་ན་ཡ་གཅིག་དེ་ལ་སྦྱོང་བརྡར་ཡག་པོ་ཞིག་མ་སྤྲད་སྟབས་དེ་ནི་ང་ལན་པ་རེད།   ཡིན་ནའང་།  ཁོ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་འདང་ངེས་པ་ཞིག་བྱུང་བ་དེ་དཀོན་མཆོག་གིས་མཁྱེན་གྱི་རེད།   འོན་ཀྱང་མཚན་མོའི་སྐབས་སུ་ཁོས་སྡུག་ག་རང་བྱས་མ་སོང་།  ཁོ་ཐེངས་གཅིག་ཁོ་ན་ལ་རེངས་པ་རེད།   ཁོ་ཡང་བསྐྱར་རེངས་ན་ཉ་ཐག་གིས་ཁོ་གཅོད་དུ་འཇུག

ཁོས་ཁོ་རང་གི་རིག་པ་གསལ་པོ་མིན་པ་ཤེས་ཡོད་བསམས་པའི་སྐབས་དེར་ ཌོལ་ཕིན་གྱི་ཤ་མང་བ་བལྡད་དགོས་བསམས།   ཡིན་ནའང་ངས་བལྡད་ཐུབ་པ་མི་འདུགཁོས་ཁེར་བཤད་བྱས།   སྐྱུགས་མེར་ལངས་ནས་ལུས་ཟུངས་ཤོར་དུ་འཇུག་རྒྱུ་ལས་རིག་པ་མི་གསལ་བ་ཞིག་བྱས་ན་བཟང་།   ངས་གདོང་པ་དེའི་ནང་ལ་སོང་སྟབས་ངས་དེ་ཟས་པ་ཡིན་ན་མི་འཇུ་བ་ཤེས་ཀྱི་ཡོད།   དེ་མ་རུལ་བར་དུ་ཛ་དྲག་གི་ཆེད་ཉར་གྱི་ཡིན།   ཡིན་ན་ཡང་།  ད་ནི་ཟས་བཅུད་ལ་བརྟེན་ནས་སྟོབས་འཚོལ་བ་དེ་ཧ་ཅང་འཕྱིས་དྲགས་པ་རེད།   ཁྱེད་རང་གླེན་པ་རེད།   ཁོས་ཁེར་བཤད་བྱས།   འཕུར་ཉ་གཞན་དེ་ཟོ་དང་།

འཕུར་ཉ་དེ་དེ་རུ་གཙང་མ་དང་ཟ་ཆོག་ཆོག་བྱས་ནས་འདུགཁོས་རང་གི་ལག་པ་གཡོན་མས་དེ་བླངས་ཤིང་།  རུས་པ་རྣམས་གཟབ་གཟབ་བྱས་ནས་བལྡད་ཞོར་ཟས།  ཉ་ཡི་མཇུག་མའི་བར་དུ་ཚང་མ་ཟས།

ཧ་ལམ་ཉ་གང་ཡིན་དང་བསྡུར་ན་འདི་ལ་བཅུད་མང་བ་ཡོད་རེད།   ཁོས་བསམས།  མ་མཐའ་ལ་ཡང་ང་ལ་དགོས་པའི་བཅུད་ཀྱི་རིགས་དེ་ཡོད་རེད།   ད་ནི་ངས་བྱེད་ཐུབ་པ་དེ་ཚོ་བྱས་པ་ཡིན།   ཁོས་བསམས།  ད་ཁོ་ལ་སྐོར་ར་བྱེད་དུ་འཇུག་ལ།   འཐབ་འཛིང་འདི་ཡོང་དུ་འཇུག

ཉ་ཡིས་སྐོར་ར་བྱེད་མགོ་བཙུགས་པའི་སྐབས་དེ་ནི་ཁོ་མཚོ་ལ་ཞུགས་པ་ནས་བརྩིས་ན་ཉི་མ་ཐེངས་གསུམ་པ་དེ་ཤར་བཞིན་པའི་སྐབས་རེད།

ཉ་ཐག་གི་གསེག་ཕྱོགས་ལ་བལྟས་ནས་ཉ་ཡིས་བསྐོར་བཞིན་པ་དེ་མཐོང་མི་ཐུབ་ཅིང་།   དེ་ནི་དེ་ལྟར་མཐོང་བ་ལ་ཆེས་སྔ་དྲགས་པ་རེད།   ཁོས་ཉ་ཐག་གི་འཐེན་ཤུགས་ཏོག་ཙམ་ཉམས་པ་ཞིག་ཚོར་ཞིང་།   ཁོས་ལྷོད་འཇམ་གྱི་ངང་ནས་རང་གི་ལག་པ་གཡས་པས་དེ་འཐེན་མགོ་བཙུགས།   དེ་ནམ་རྒྱུན་བཞིན་དམ་པོར་འདུགཡིན་ནའང་།   ཁོས་ཆད་ལ་ཁད་ཀྱི་མཚམས་བར་དུ་འཐེན་དུས་ཉ་ཐག་ཚུར་ཡོང་མགོ་བཙུགས།   ཁོས་རང་གི་ཕྲག་པ་དང་མགོ་བོ་དེ་ཉ་ཐག་གི་འོག་ནས་བཏོན་ཞིང་།   ཉ་ཐག་དེ་ལྷོད་འཇམ་དང་བསྟུད་མར་ནང་དུ་འཐེན་མགོ་བཙུགས།   ཁོས་རང་གི་ལག་པ་གཉིས་ཆ་ཡས་འཁྱོར་མས་འཁྱོར་གྱི་རྣམ་པར་སྤྱད་ནས།   གཟུགས་པོ་དང་རྐང་ཤུགས་སྦྲེལ་ནས་རང་གི་ཐུབ་ཚོད་ཀྱིས་འཐེན་པའི་འབད་བརྩོན་བྱས།   ཁོའི་རྐང་པ་དང་ཕྲག་པ་བགྲེས་པོ་རྣམས་ཀྱིས་འཐེན་པའི་ཡོམ་འཁྱོར་དེའི་སྐྱོར་རྟེན་བྱས་འདུག

“འདི་སྐོར་ར་ཆེན་པོ་གཅིག་རེད།” ཁོས་བཤད།   “ཡིན་ན་ཡང་ཁོས་སྐོར་ར་བྱེད་ཀྱི་འདུག”

དེ་ནས་ཉ་ཐག་དེ་ཡར་མི་ཡོང་བ་འདུག་ལ།   ཉི་འོད་འོག་ཁོས་ཉ་ཐག་ལས་ཆུ་ཐིགས་རྣམས་མཆོངས་པར་གྱུར་པ་དེ་མ་མཐོང་བར་བཟུང་ནས་བསྡད།   དེ་ནས་ཉ་ཐག་ཕྱི་ལ་ཤོར་མགོ་བཙུགས།   རྒད་པོས་པུས་མོ་ས་ལ་བཙུགས།   ཁོས་མི་འདོད་བཞིན་དུ་ཉ་ཐག་དེ་ཆུ་གཏིང་ནག་གི་ནང་ཕྱིར་ཤོར་དུ་བཅུག

“ཁོས་ཁོའི་སྐོར་ར་ཡི་ཐག་རིང་བའི་ཆ་དེ་བྱེད་ཀྱི་འདུག” ཁོས་བཤད།   ངས་ཐུབ་ཚོད་ཀྱིས་ཁོ་འཛིན་དགོས།   ཁོས་བསམས།  འཐེན་ཤུགས་ཀྱིས་ཐེངས་མ་རེ་རེ་བཞིན་ཁོའི་སྐོར་ར་ཇེ་ཆུང་ལ་གཏོང་གི་རེད།   གཅིག་བྱས་ན་ཆུ་ཚོད་གཅིག་གི་ནང་ཚུན་ལ་ངས་ཁོ་མཐོང་གི་རེད།   ད་ངས་ཏན་ཏན་ཁོ་ཡིད་ཁུག་པ་ཞིག་བྱེད་ལ།   དེ་ནས་ངས་ཁོ་ངེས་པར་དུ་གསོད།

ཡིན་ན་ཡང་།  ཉ་ཡིས་མུ་མཐུད་ནས་སྐོར་བ་དལ་བོར་བྱས།   ཆུ་ཚོད་གཉིས་ཀྱི་རྗེས་ལ་རྒད་པོ་རྔུལ་ནག་གིས་རློན་པ་ཆགས་ཤིང་།   ཁོའི་རུས་པའི་རྐང་ནས་ཐང་ཆད་འདུགཡིན་ན་ཡང་།   ད་ཆ་སྐོར་ར་དེ་ཆེས་ཇེ་ཆུང་ལ་སོང་ཞིང་།   ཉ་ཐག་གི་གསེག་ཕྱོགས་ལ་བལྟས་ན་ཉ་དེ་རྐྱལ་བའི་ཞོར་ལ་བསྟུད་མར་ཡར་ཡོང་གི་ཡོད་པ་ཤོད་ཐུབ་པ་འདུག

ཆུ་ཚོད་གཅིག་གི་རིང་ལ་རྒད་པོའི་མིག་གིས་རབ་རིབ་ཅིག་མཐོང་ཞིང་།   རྔུལ་ནག་གིས་ཁོའི་མིག་ཚྭ་ཁུ་ཅན་དུ་བཟོས་པ་དང་།   ཁོའི་ཐོད་པ་དང་མིག་གི་སྟེང་གི་རྨ་ཁ་རྣམས་ཚྭ་ཁུ་ཅན་དུ་བཟོས།   ཁོ་རབ་རིབ་མཐོང་བ་ལ་མ་སྐྲགཉ་ཐག་འཐེན་པའི་འཚབ་ཤ་འདིའི་ནང་རབ་རིབ་མཐོང་བ་དེ་སྤྱིར་བཏང་ཞིག་རེད།   དེ་ལས།  ཐེངས་གཉིས་ལ་ཁོ་མགོ་ཡོམ་འཁོར་ཞིང་དྲན་པ་མི་གསལ་བ་ཞིག་ཡོང་།   དེས་ཁོ་ལ་སེམས་ཁྲལ་བསླངས།

“ངས་རང་ཉིད་བསླུས་ནས་ཉ་འདི་འདྲ་ཞིག་གི་ཐོག་ལ་ཤི་མི་རུང་།”ཁོས་བཤད།   “ང་ལ་ད་ནི་ཁོ་འདི་ལྟར་སྙིང་རྗེ་པོ་ཞིག་གི་ངང་ཡོང་གིན་ཡོད་ལ།   དཀོན་མཆོག་གིས་འདི་མཐའ་འཁྱོལ་བའི་རོགས་གྱིས་ཤིགངས་ཡབ་ཆེན་དང་ཡུམ་ཆེན་གྱི་སྨོན་ལམ་བརྒྱ་ཚར་འདོན་ངེས་ཡིན།   ཡིན་ན་ཡང་ངས་ད་ལྟ་དེ་ཚོ་འདོན་མི་ཐུབ།”

ངས་དེ་བཏོན་ཚར་པའི་དགོངས་བཞེས་གནང་རོགས།   ཁོས་བསམས།  ངས་རྗེས་ལ་དེ་ཚོ་འདོན་གྱི་ཡིན།   

མཚམས་དེ་ལ་ཁོའི་ལག་པ་གཉིས་ཀྱིས་བཟུང་བའི་ཉ་ཐག་དེའི་སྟེང་གློ་བུར་དུ་རྡེག་པ་དང་འདར་པ་ཞིག་ཚོར།   དེ་ནི་རྩུབ་པོ་དང་མཁྲེགས་པོའི་ཚོར་བ་ཅན།   ལྗིད་ཆེ་བ་ཞིག་རེད།

ཁོས་ལྕགས་ཀྱུའི་སྣེ་འཛིན་ལྕགས་སྐུད་ལ་སྣ་རྩེ་རིང་མོས་གཞུ་གིན་འདུགཁོས་བསམས།   དེ་ནི་ཡོང་ངེས་པ་ཞིག་རེད།   ཁོས་དེ་བྱེད་དགོས་པ་རེད།   གཅིག་བྱས་ན་དེས་ཁོ་མཆོངས་འཇུག་མོད།   ད་ལྟ་ངས་ཁོ་མུ་མཐུད་ནས་སྐོར་བ་བརྒྱབ་བཅུག་ན་འདོད།   རླུང་ལེན་ཕྱིར་མཆོངས་རྒྱུ་དེ་ཁོ་ལ་དགོས་ངེས་ཤིག་རེད།   ཡིན་ན་ཡང་།  ཐེངས་རེ་རེའི་རྗེས་ལ་ལྕགས་ཀྱུ་བསྐོན་པའི་རྨ་ཁ་ཇེ་ཆེར་འགྲོ་ཞིང་།   དེ་ནས་ཁོས་ལྕགས་ཀྱུ་གཡུགས་ཐུབ།

“ཨེ་ཉ།    མ་མཆོངས་དང་།  ཁོས་བཤད།   “མ་མཆོངས།”

ཉ་ཡིས་ལྕགས་སྐུད་ལ་ཐེངས་ཁ་ཤས་ཀྱིས་མང་བ་གཞུས་ཤིང་།   ཐེངས་རེ་རེ་ལ་རྒད་པོས་མགོ་གཡུགས་ཤིང་ཉ་ཐག་ཅུང་ཙམ་རེ་གློད།

ངས་ཁོའི་ན་ཟུག་དེ་གང་ན་ཡོད་པ་དེར་འཇོག་དགོས།   ཁོས་བསམས།  ངའི་དེ་གང་ཡང་བྱེད་ཀྱི་མ་རེད།   ངའི་དེ་ངས་སྒོམ་ཐུབ།   ཡིན་ན་ཡང་ཁོའི་ན་ཟུག་གིས་ཁོ་སྨྱོན་པ་བཟོ་གི་རེད།

ཅུང་ཙམ་འགོར་ནས་ཉ་ཡིས་ལྕགས་སྐུད་ལ་རྡེག་པ་མཚམས་བཞགཡང་བསྐྱར་ག་ལེར་སྐོར་བ་བྱེད་པའི་མགོ་བཙུགས།  རྒད་པོས་ད་ནི་ཉ་ཐག་དེ་བསྟུད་མར་ཚུར་འཐེན་གྱི་ཡོད།   ཡིན་ན་ཡང་།  ཡང་བསྐྱར་ཁོ་མགོ་ཡོམ་འཁོར་བ་ཞིག་ཚོར།  ཁོས་རང་གི་ལག་པ་གཡོན་མས་རྒྱ་མཚོ་ནས་ཆུ་བླངས་ནས་རང་གི་མགོ་ལ་བླུགས།   དེ་ནས་ཆུ་མང་བ་བཅུས་ནས་རང་གི་སྐེ་དང་སྐེ་རྒྱབ་ལ་བླུགས་ཤིང་མཉེ།

“ང་ལ་ད་ལྟ་རེངས་པ་གང་ཡང་མེད།” ཁོས་བཤད།   “ཁོ་མགྱོགས་པོར་ཡར་ཡོང་གི་རེད་ལ།   ངས་འདི་མཐར་འཁྱོལ་ཐུབ།   ཁྱོད་ཀྱིས་མཐར་འཁྱོལ་དགོས།   དེའི་སྐོར་ལ་སྐད་ཆ་ཡང་མ་བཤད།”

ཁོས་གྲུ་མདུན་ལ་པུས་མོ་བཙུགས།   སྐད་ཅིག་གི་རིང་ལ་ཁོའི་རྒྱབ་ནས་ཉ་ཐག་དེ་ཡང་བསྐྱར་ཤོར།   ཁོ་ཕྱིར་སོང་ནས་སྐོར་ར་བྱེད་པའི་སྐབས་འདི་ལ་ངས་ངལ་གསོ་བྱེད་ཀྱི་ཡིན་ལ།   དེ་ནས་ཁོ་ཚུར་ཡོང་དུས་ང་ཡར་ལངས་ཏེ་ཁོ་ལ་ལས་ཀ་བྱེད་ཀྱི་ཡིན།   ཁོས་ཐག་གཅོད་བྱས།

གྲུ་མདུན་ནས་ངལ་གསོ་བྱེད་པ་འདི་ནི་ཧ་ཅང་གི་འདོད་རྔམ་ཆེན་པོ་ཞིག་རེད།   ཉ་ཐག་གང་ཡང་ཚུར་མ་བླངས་པར་ཉ་རང་གིས་སྐོར་བ་གཅིག་བྱེད་དུ་འཇུགཡིན་ན་ཡང་།   འཐེན་ཤུགས་ཀྱིས་ཉ་དེ་གྲུ་ཆུང་གི་ཕྱོགས་ལ་ཚུར་ཡོང་བ་བསྟན་དུས་རྒད་པོ་རང་གི་རྐང་པའི་ཐོག་ཡར་ལངས།   བརྟན་པོར་བསྡད།   འཁྱོར་བཞིན་འཐེན།   ཉས་དྲངས་པའི་ཉ་ཐག་ཚང་མ་ནང་དུ་བླངས།

ང་ད་བར་དུ་ཐང་ཆད་མ་མྱོང་བ་ཞིག་ཐང་ཆད་འདུགཁོས་བསམས།   ད་ནི་རྒྱ་མཚོའི་ཚོང་རླུང་ལངས་བཞིན་འདུག འོན་ཀྱང་།    དེ་ནི་ཁོ་ངའི་མཉམ་དུ་འཁྱེར་རྒྱུ་ལ་ཕན་པ་ཞིག་རེད།   དེ་ང་ལ་ཤིན་ཏུ་མཁོ།

“ཁོ་སྐོར་ཐེངས་རྗེས་མའི་སྐབས་ཕྱིར་འགྲོ་དུས་ངས་ངལ་གསོ་བྱེད་ཀྱི་ཡིན།” ཁོས་བཤད།   “ངས་ཧ་ཅང་བཟང་བ་ཚོར།   དེ་ནས་ཐེངས་གཉིས་དང་གསུམ་གྱི་ནང་ཚུན་ལ་ང་ལ་ཁོ་ཐོབ་ཀྱི་རེད།”

ཉ་ཡིས་ཁ་བསྒྱུར་བ་ཚོར་སྐབས།   ཉ་ཐག་གི་འཐེན་ཤུགས་ཀྱིས་ཁོ་གྲུ་ཆུང་གི་གདོང་སྣེར་བརྡབས་ཤིང་།   ཁོའི་རྩྭ་ཞྭ་དེ་མགོ་ལྟག་ལ་སླེབས་འདུག

ཁྱོད་ཀྱིས་ལས་ཀ་བྱོས་དང་།   ཉ།   ཁོས་བསམས།   ཁྱོད་ཀྱིས་ཁ་བསྒྱུར་དུས་ངས་ཁྱོད་ལེན་གྱི་ཡིན།

རྒྱ་མཚོ་དེ་དཔག་ཚོད་ཀྱིས་རྒྱས་འདུགཡིན་ན་ཡང་གནམ་གཤིས་བཟང་པོའི་རླུང་ལྡང་ལ།  ཁྱིམ་ལ་ལོག་ཆེད་ཁོ་ལ་རླུང་དེ་ཡོད་དགོས་པ་ཞིག་རེད།

“ངས་ལྷོ་དང་ནུབ་ལ་ཁ་བསྒྱུར་ཙམ་བྱེད་ཀྱི་ཡིན།”ཁོས་བཤད།   “རྒྱ་མཚོའི་ནང་ཕོ་ཁྱོ་ག་ཞིག་བོར་མྱོང་མེད་ལ།  རྒྱ་མཚོ་ནི་མཚོ་གླིང་རིང་མོ་ཞིག་རེད།”

ཁོས་ཉ་ཐོག་མར་མཐོང་དུས་ནི་སྐོར་ར་ཐེངས་གསུམ་པ་དེ་རེད།   

ཁོས་ཐོག་མར་གྲིབ་མ་ནག་པོ་ཞིག་ལྟར་མཐོང་ཞིང་།   དེ་གྲུ་ཆུང་གི་འོག་ནས་བརྒལ་ཏེ་འགྲོ་རྒྱུ་ལ་དུས་ཚོད་རིང་པོ་འགོར།   ཁོ་འདིའི་རིང་ཚད་ལ་ཡིད་ཆེས་མི་ཐུབ་པར་གྱུར།

“མ་རེད།” ཁོས་བཤད།   “ཁོ་དེ་ཙམ་གྱིས་ཆེན་པོ་ཞིག་ཡིན་མི་སྲིད།”

ཡིན་ནའང་།  ཁོ་དེ་ཙམ་ཞིག་ཆེ་ཞིང་།   སྐོར་ར་འདིའི་མཐའ་མ་ལ་ཁོ་གོམ་པ་སུམ་ཅུ་ཙམ་གྱི་ཕ་རོལ་ནས་རྒྱ་མཚོའི་ཁ་ལ་ཐོན་པར་གྱུར།   མི་འདིས་ཁོའི་མཇུག་མ་དེ་ཆུའི་ཕྱི་རོལ་དུ་ཡོད་པ་མཐོང་།   དེ་ནི་ཟོར་བ་རིང་མོ་ཞིག་ལས་མཐོ་ལ།   ཆུ་སྔོ་ནག་གི་སྟེང་ན་མུ་མེན་གྱི་མདོག་སྐྱ་བོ་ཞིག་ཏུ་འདུགཉ་དེ་རྒྱ་མཚོའི་ངོས་ཀྱི་གཤམ་དེར་རྐྱལ་རིམ་བཞིན།   མཇུག་མ་དེ་ཕྱིར་གཡབ་མོ་བྱེད་ཅིང་།   རྒད་པོས་ཁོ་ལ་བརྒྱན་པའི་མུ་མེན་མདོག་གི་ཁྲ་ཐིག་ཆེན་པོ་དག་མཐོང་ཐུབ་ཀྱི་འདུགཁོའི་ཟེ་བའི་གཤོག་པ་མར་ཉལ་ཞིང་།   ཁོའི་ཟུར་གྱི་གཤོག་པ་གཉིས་རྒྱ་ཆེར་བཀྲལ་ནས་འདུག

སྐོར་ར་འདིའི་སྐབས་ལ་རྒད་པོས་ཉ་འདིའི་མིག་དང་འཇིབ་ཉ་སྐྱ་བོ་གཉིས་ཀྱིས་ཁོའི་མཐའ་ལ་སྐོར་ཏེ་རྐྱལ་རྒྱག་པ་མཐོང་ཐུབ།   མཚམས་རེར་དེ་ཚོ་ཁོ་ལ་འབྱར་ཏེ་སྡོད་ཅིང་།   མཚམས་མཚམས་ལ་ཁ་བྲལ་ནས་འགྲོམཚམས་མཚམས་ལ་ཁོའི་གྲིབ་མའི་ནང་ལས་སླ་པོར་རྐྱལ་རྒྱག ཁོ་ཚོ་རེ་རེ་བཞིན་ཁྲུ་གསུམ་ལས་རིང་བ་འདུགཁོང་ཚོ་རྐྱལ་མགྱོགས་པོར་རྒྱག་སྐབས་ཁོང་ཚོའི་གཟུགས་པོ་ཡོད་ཚད་སྦྲེལ་ནས་མཚོ་སྦྲུལ་ཨེལ་ལྟར་འདུག

ད་ནི་རྒད་པོ་ལ་རྔུལ་ནག་ཐོན་གྱི་འདུགདེ་ཡང་ཉི་མའི་འོད་དང་དེ་མིན་གྱི་གཞན་ཞིག་ནས་རེད།   ཉ་ཡིས་ངང་རིང་གི་སྐོར་ར་བྱེད་ཐེངས་རེ་ལ་ཁོས་ཉ་ཐག་ཚུར་ལེན་གྱིན་ཡོད།   སྐོར་ར་བྱེད་ཐེངས་བསྐྱར་མ་གཉིས་ཀྱི་ནང་དུ་མདུང་བསྣུན་པའི་གོ་སྐབས་ཡོང་གི་ཡོད་པ་ཁོ་ལ་ཏན་ཏན་འདུག

ཡིན་ནའང་།  ངས་ཁོ་ཐག་ཉེ་ནས་ཐག་ཉེ་དང་།   ཐག་ཉེར་ལེན་དགོས།   ཁོས་བསམས།   ངས་ཏན་ཏན་མགོ་ལ་རྒྱག་རྩིས་བྱེད་མི་རུང་།   ངས་སྙིང་ལ་ཕོག་པ་བྱེད་དགོས།

“རྒད་པོ།   ལྷོད་ལྷོད་དང་སྟོབས་ལྡན་བྱོས་ཨ།” ཁོས་བཤད།

སྐོར་ར་རྗེས་མ་དེ་ལ་ཉ་ཡི་རྒྱབ་དེ་ཕྱིར་ཐོན་མོད།   ཁོ་གྲུ་ཆུང་དང་ཅུང་ཐག་རིང་ས་ན་འདུགསྐོར་ར་དེའི་རྗེས་མ་ལ་ཁོ་ད་དུང་ཡང་ཐག་ཅུང་རིང་ས་ལ་འདུག་མོད།   ཁོ་ཆུ་ལས་ཕྱིར་ཐོན་ཚད་མཐོ་རུ་སོང་འདུགརྒད་པོ་ལ་ཡང་ཁོས་ཉ་ཐག་ཅུང་མང་བ་ཞིག་ཚུར་ལེན་ཐུབ་པ་ཡིན་ན།    ཁོ་འཁྲིས་ལ་ལེན་ཐུབ་པའི་གདེང་ཚོད་སླེབས།

ཆེས་སྔ་མོ་ཞིག་ནས་ཁོས་རང་གི་ཉ་མདུང་དེ་གྲ་སྒྲིག་བྱས་ཟིན་ཡོད་ལ།   དེའི་ཉ་ཐག་ཡང་མོའི་ཐག་འཁྱིལ་དེ་སླེ་བོ་གོར་མོ་ཞིག་གི་ནང་དུ་ཡོད་ཅིང་།   དེའི་སྣེ་དེ་གྲུ་ཆུང་གི་མདུན་སྣེའི་ཕུར་བུ་ལ་བཏགས་ཡོད།

ཉ་དེ་ཁོའི་སྐོར་རའི་ནང་ཕྱོགས་ལ་ཡོང་བཞིན་འདུག་ལ་ལྷོད་ལྷོད་དང་མཛེས་སྡུག་ལྡན་པ་ཞིག་རེད།   ཁོའི་རླབས་ཆེན་གྱི་མཇུག་མ་ཁོ་ན་འགུལ་གྱི་འདུགརྒད་པོས་ཁོ་རང་གི་ཐག་ཉེ་སར་ལེན་ཆེད་གང་ཐུབ་ཐུབ་ཀྱིས་འཐེན།   སྐད་ཅིག་གི་ཡུན་ལ་ཉ་དེ་ཁོའི་གཞོགས་གཅིག་ལ་ཅུང་ཙམ་དཀྱོགས་ཤིང་།   དེ་ནས་ཁོ་རང་དྲང་མོར་བསྲིངས་ཏེ་སྐོར་ར་གཞན་ཞིག་གི་མགོ་བཙུགས།

“ངས་ཁོ་འགུལ་བཅུག་པ་རེད།” རྒད་པོས་བཤད།   “དེས་ན།   ངས་ཁོ་འགུལ་བཅུག་པ་རེད།”

ད་ཆ་ཁོ་ཡང་བསྐྱར་མགོ་ཡོམ་འཁོར།  ཡིན་ནའང་།   ཁོས་ཤུགས་ཡོད་ཚོད་ཀྱིས་ཉ་རླབས་ཆེན་འདི་བཟུང་ནས་བསྡད།   ངས་ཁོ་འགུལ་བཅུག་པ་རེད།   ཁོས་བསམས།  གཅིག་བྱས་ན།   ཐེངས་འདིར་ངས་ཁོ་ལེན་ཐུབ་ཀྱི་རེད།   འཐེན་ཞིག ལག་པ་གཉིས།   ཁོས་བསམས།  བཟུང་ལ་སྡོད།   རྐང་པ་གཉིས།   ངའི་ཆེད་དུ་མཐར་འཁྱོལ་བ་བྱོས་དང་།   མགོ ངའི་ཆེད་དུ་མཐར་འཁྱོལ་བ་བྱོས་དང་།   ཁྱོད་གཏན་ནས་སོང་མེད།   ཐེངས་འདིར་ངས་ཁོ་ཚུར་འཐེན་གྱི་ཡིན།

ཡིན་ན་ཡང་།  ཁོས་རང་གི་འབད་བརྩོན་ཡོངས་སུ་རྫོགས་པ་དེ་བསྟེན་ཞིང་ཤུགས་ཡོངས་སུ་རྫོགས་པ་བཀོལ་ནས་ཉ་འདི་འཁྲིས་ལ་མ་བླངས་བར་དུ་ཆེས་ལེགས་པོར་ཡོང་མོད།   ཉ་ཡིས་རྒྱང་བསྐྱེད་ཅིང་།  དེ་ནས་རང་ཉིད་དྲང་མོར་བཟོས་ཏེ་རྐྱལ་བརྒྱབ་ནས་ཕར་སོང་།

“ཨེ་ཉ།” རྒད་པོས་བཤད།   “ཨེ་ཉ།   གང་ལྟར་ཡང་ཁྱེད་རང་ཤི་དགོས་པ་རེད།   ཁྱེད་ཀྱིས་ང་ཡང་གསོད་དགོས་སམ།”

དེ་ལྟར་བྱས་ན་གྲུབ་འབྲས་གང་ཡང་མེད་པ་རེད།   ཁོས་བསམས།  ཁོའི་ཁ་ནི་སྐད་ཆ་བཤད་རྒྱུ་ལ་ཤིན་ཏུ་སྐམ་ནས་ཡོད་མོད་ད་ལྟ་ཁོ་ཆུ་ལ་སྙོབ་ཐུབ་པ་མི་འདུག ཐེངས་འདིར་ངས་ཁོ་ཏན་ཏན་འཁྲིས་ལ་ལེན་དགོས།   ཁོས་བསམས།  ང་ནི་སྐོར་བ་ཆེས་མང་བ་ཞིག་ལ་མི་བཟང་།   བཟང་།   ཁྱོད་བཟང་།  ཁོས་ཁེར་བཤད་བྱས།   ཁྱོད་ནམ་ནམ་ཚེ་ཚེ་ལ་བཟང་།

ཐེངས་རྗེས་མ་དེ་ལ།   ཁོ་ཐོབ་གྲབས་བྱས་མོད།   ཡང་བསྐྱར་ཉ་ཡིས་རང་ཉིད་དྲང་མོ་བཟོས་ཏེ་ག་ལེར་ཕར་རྐྱལ་བརྒྱབ་ནས་སོང་།

ཨེ་ཉ།   ཁྱོད་ཀྱིས་ང་གསོད་ཀྱི་འདུགརྒད་པོས་བསམས།   ཡིན་ནའང་ཁྱེད་ལ་དེ་ལྟར་བྱེད་པའི་ཐོབ་ཐང་ཡོད་པ་རེད།   ཨེ་སྤུན་མཆེད་ལགས།   ངས་ཁྱོད་ལས་ལྷག་པའི་དངོས་པོ་རླབས་ཆེན་ཞིག་དང་།   མཛེས་པ་ཞིགཞི་བ་ཞིག ཡ་རབས་ཤིག་གཏན་ནས་མཐོང་མ་མྱོང་།   རྒད་པོས་བསམས།   ཕེབས་ཤོག ང་སོད་དང་།   ང་ལ་སུས་སུ་བསད་པ་ལ་ཁྱད་པར་མི་འདུག

ད་ཁྱེད་ཀྱི་མགོའི་ནང་མགོ་རྙོག་ཐེབས་ཡོང་གིན་འདུགཁོས་བསམས།   ཁྱོད་ཀྱིས་ཏན་ཏན་ཁྱོད་ཀྱི་རྣམ་རིག་གསལ་པོ་བྱེད་དགོས།   རྣམ་རིག་གསལ་པོར་སྡོད་ལ།   ཕོ་ཁྱོ་ག་བཞིན་སྡུག་འཁྱེར་སྟངས་ཤེས་པར་གྱིས།   ཡང་ན།  ཉ་བཞིན།   ཁོས་བསམས།

“གསལ་པོ་བྱོས་དང་།   མགོ” ཁོས་རང་གིས་ཀྱང་གོ་དཀའ་བའི་གདངས་ཤིག་གིས་བཤད།   “གསལ་པོ་བྱོས།”

ཐེངས་གཉིས་ལས་མང་བ་ཞིག་ལ་སྐོར་ར་དེ་གཅིག་པ་རེད།

ངས་མི་ཤེས།  རྒད་པོས་བསམས།   ཐེངས་རེ་རེ་ལ་ཁོས་ཁོང་རང་ཉིད་འགྲོ་གི་འདུག་བསམས་བསམས་ཀྱི་ཚོར་བ་ཞིག་གི་མཚམས་ལ་སླེབས་འདུག  ངས་མི་ཤེས།   ཡིན་ན་ཡང་།  ངས་ཡང་བསྐྱར་ཚོད་ལྟ་ཐེངས་གཅིག་བྱེད་ཀྱི་ཡིན།

ཁོས་ཡང་བསྐྱར་ཚོད་ལྟ་ཐེངས་གཅིག་བྱས།   ཁོས་ཉ་ཁ་བསྒྱུར་བའི་སྐབས་དེར་ཁོས་རང་ཉིད་འགྲོ་གི་ཡོད་པའི་ཚོར་བ་ཞིག་སླེབས།   ཉ་ཡིས་རང་འཇགས་ཁ་བསྒྱུར་ཏེ་མཇུག་མ་ལེགས་པ་དེ་བར་སྣང་ནས་གཡུགས་བཞིན་ཡང་བསྐྱར་ག་ལེར་རྐྱལ་ནས་སོང་།   

ངས་ཡང་བསྐྱར་ཚོད་ལྟ་བྱེད་ཀྱི་ཡིན།   རྒད་པོས་ཁས་ལེན་བྱས།   ཡིན་ན་ཡང་ཁོའི་ལག་པ་གཉིས་རློན་པ་ཡིན་པ་དང་།   ཁོས་རབ་རིབ་ཙམ་ཞིག་ལས་མཐོང་མི་ཐུབ།

ཁོས་ཡང་བསྐྱར་ཚོད་ལྟ་བྱས།   དེ་ནི་རང་འཇགས་རེད།   དེ་ནས།  ཁོས་མགོ་མ་བཙུགས་གོང་ནས་ཁོང་འགྲོ་གི་ཡོད་པ་ཞིག་བསམས་ཤིང་ཚོར།   ངས་ཡང་བསྐྱར་ཚོད་ལྟ་ཞིག་བྱེད་ཀྱི་ཡིན།

ཁོས་ན་ཟུག་ཡོད་ཚད་སྒོམ་ནས་ཤུགས་ལྷག་མ་རྣམས་བཀོལ།   སྔོན་ནས་ཡལ་ཟིན་པའི་ང་རྒྱལ་སྒོམ།   ཁོས་དེ་རྣམས་ཉ་ཡི་ན་ཟུག་ཐོག་དྲངས།   ཉ་དེ་ཁོའི་ཕྱོགས་ལ་ཚུར་སླེབས།   ཁོའི་འཁྲིས་དེར་གཟི་བརྗིད་ཀྱི་ངང་ནས་རྐྱལ་བརྒྱབ།   ཁོའི་མཆུ་ཏོ་དེས་གྲུ་ཆུང་གི་ཤིང་ལེབ་ལ་ཐུག་གྲབས་བྱེད།   གྲུ་ཆུང་ལས་བརྒལ་མགོ་བཙུགས།   རིང་པོ།  ཟབ་པོ།   རྒྱ་ཆེན་པོ།   དངུལ་མདོགམུ་མེན་མདོག་གི་ཁྲ་ཐིག་བརྒྱན་པ།   རྒྱ་མཚོའི་ནང་རྫོགས་རྒྱུ་མེད་པ་ཞིག་རེད།   

རྒད་པོས་ཉ་ཐག་གློད་ཅིང་།   དེའི་ཐོག་རྐང་པས་མནན།   གང་ཐུབ་ཐུབ་ཀྱིས་ཉ་མདུང་མཐོན་པོར་བཀྱགས།   ཤུགས་ཡོད་ཚད་ཀྱིས་ཉ་མདུང་མར་འཕངས།   རང་གིས་བཀུག་མ་ཐག་པའི་ཤུགས་ལས་ཀྱང་མང་བ་ཞིག་བཀོལ།   ཁོའི་བྲང་ཁའི་མཐོ་ཚད་ལ་མཐོན་པར་འགྲེངས་ཡོད་པའི་ཉ་ཡི་ཟུར་ངོས་ཀྱི་རླབས་ཆེ་བའི་བྲང་གཤོག་དེའི་རྒྱབ་དེ་མ་ཐག་ལ་འཕངས།   ཁོས་མདུང་ལྕགས་དེ་ནང་དུ་འཛུལ་བ་ཚོར།   ཁོ་དེའི་ཐོག་ལ་སྙེས་ཤིང་།   གཏིང་རིང་དུ་དེད།   དེ་ནས་ཁོའི་ལྗིད་ཡོད་ཚད་དེའི་སྟེང་བཀལ་ནས་དེད།

དེ་ནས་ཉ་དེ་གསོན་པོར་སླེབས་ཤིང་།    རང་གི་འཆི་བ་དེ་རང་གི་ནང་ལ་འདུག ཁོའི་རླབས་ཆེན་གྱི་རིང་ཚད་དང་ཞེང་ཁ།   ཁོའི་སྟོབས་ཤུགས།   ཁོའི་མཛེས་སྡུག་རྣམས་སྟོན་བཞིན་ཆུའི་ནང་ནས་ཡར་མཐོན་པོར་བསྒྲེངས་འདུག་ལ།   ཁོ་ནི་གྲུ་ཆུང་ནང་གི་རྒད་པོའི་སྟེང་གི་ནམ་མཁའ་ལ་བཏགས་པ་དང་མཚུངས།   དེ་ནས་ཆུའི་ནང་ལ་མར་ཟགས།   ཆུ་ལ་བརྡབས་པ་དང་མཉམ་དུ་ཆུའི་ཟེགས་མ་རྣམས་གྲུ་ཆུང་གི་ཁྱོན་ཡོངས་དང་རྒད་པོའི་སྟེང་སྟོར།

རྒད་པོ་མགོ་ཡོམ་འཁོར་ཞིང་ན་ཟུག་ལངས།   ཁོས་ལེགས་པོར་མཐོང་མི་ཐུབ།   ཡིན་ནའང་ཁོས་ཉ་མདུང་གི་ཐག་པ་བསངས་ཤིང་ཉ་ཐག་རང་གི་ལག་པ་རྗེན་མ་བརྒྱུད་ནས་ག་ལེར་ཤུད་དུ་བཅུགཁོས་མཐོང་ཐུབ་པའི་སྐབས་དེར་ཉ་དེས་ལྟག་རྒྱབ་ལོག་ནས་རང་གི་དངུལ་མདོག་གི་གྲོད་པ་ཡར་བསྟན་ཡོད་པ་མཐོང་།   མདུང་གི་ཡུ་བ་དེ་ཉ་ཡི་ཕྲག་པའི་ཟུར་ཞིག་ནས་ཕྱིར་ཐོན་ཡོད་ལ།   ཁོའི་སྙིང་ནས་ཐོན་པའི་ཁྲག་གི་དམར་མདོག་གིས་རྒྱ་མཚོའི་མདོག་བསྒྱུར་བཞིན་འདུགཐོག་མར་དེ་ནི་མེལ་ལེ་གཅིག་ལས་བརྒལ་བའི་གཏིང་ཚད་ཅན་གྱི་ཆུ་སྔོན་མོའི་ནང་ཉ་ཕྲུག་གི་ཁྱུ་ཚོགས་འཁོར་བ་ཞིག་མཚུངས་པར་ནག་གེར་འདུག  དེ་ནས་དེ་སྤྲིན་བཞིན་བཀྲལ་ནས་སོང་།   ཉ་དེ་དངུལ་མདོག་ལྡན་ཅིང་གཡོ་འགུལ་བྲལ།   རྒྱ་མཚོའི་རྦ་རླབས་དང་འགྲོགས་ནས་ཆུ་ཁར་གཡེངས་འདུག

རྒད་པོས་རང་ལ་ཡོད་པའི་མིག་ཤེས་གསལ་ལ་མི་གསལ་བ་དེས་ཞིབ་ལྟ་ཐུང་ཐུང་ཞིག་བྱས།   དེ་ནས་ཁོས་གྲུ་མདུན་གྱི་ཕུར་བུའི་མཐའ་སྐོར་ལ་ཉ་མདུང་གི་ཉ་ཐག་ལ་སྐོར་བ་གཉིས་བྱས་ཏེ་དཀྲིས།   ཁོའི་ལག་པ་གཉིས་ཀྱིས་གདོང་བཀབ།

“ངའི་མགོ་དྭངས་མོར་ཉོར་དང་།” ཁོ་གྲུ་མདུན་གྱི་ཤིང་ལེབ་ལ་སྙེས་ནས་བཤད།  “ང་ཐང་ཆད་པའི་རྒད་པོ་ཞིག་ཡིན།   ཡིན་ན་ཡང་།   ངས་ངའི་སྤུན་དུ་གྱུར་པའི་ཉ་འདི་བསད་པ་རེད།   ད་ངས་གཡོག་ལས་རྣམས་བྱེད་དགོས།”

ད་ངས་ཁོ་གཞོགས་གཅིག་ལ་འདོགས་རྒྱུའི་ཨ་ལོང་དང་།   ཐག་པ་གྲ་སྒྲིག་བྱེད་དགོས།   ཁོས་བསམས།   མཐའ་ན་ང་ཚོ་མི་གཉིས་ཡོད་ན།   དེ་ནས་ཁོ་ནང་དུ་འདྲེན་ཕྱིར་ཆུ་མོ་ནང་དུ་བཅུས་རྗེས།   ཆུ་མོ་ཕྱིར་འདོན་ཆོག་ནའང་།   གྲུ་ཆུང་འདིས་ཁོ་གཏན་ནས་འགྱོགས་ཐུབ་ཀྱི་མ་རེད།   ངས་ཚང་མ་གྲ་སྒྲིག་བྱེད་དགོས།   དེ་ནས་ཁོ་ཚུར་དྲངས་ཏེ།   ཡག་པོ་བྱས་ནས་འདོགས་དགོས།   དེ་ནས་གྲུའི་དར་ཤིང་བསླངས་ནས་ཁྱིམ་ལ་ལོག་འགྲོ

ཉ་དེ་ཁོའི་ཉེ་འཁྲིས་ལ་ལེན་ཕྱིར་ཁོས་ཚུར་འཐེན་པའི་མགོ་བཙུགས།   དེ་ལྟར་བྱས་ན་ཁོས་ཉ་འདིའི་དབུགས་དབང་ལས་ཐག་པ་བརྒྱུས་ནས་ཁའི་ནང་ནས་བཏོན་ཏེ།   ཉའི་མགོ་དེ་གྲུའི་གདོང་སྣེ་ལ་བསྡམས་ཆོག་གི་རེད།   ངས་ཁོ་ལ་བལྟས་ན་འདོད།   ཁོས་བསམས།  ཁོ་ལ་རེག་ཅིང་ཚོར་བར་བྱས་ན་འདོད།   ཁོ་ནི་ངའི་བསོད་ནམས་ཀྱི་རྒྱུ་རྫས་རེད།   ཁོས་བསམས།  འོན་ཀྱང་།   དེ་ནི་ངས་ཁོ་ཚོར་ན་འདོད་པའི་རྒྱུ་མཚན་དེ་མ་རེད།   ངས་ཉ་མདུང་གི་ཡུ་བ་ལ་ཐེངས་གཉིས་པ་མནན་པའི་སྐབས་དེ་ལ།   ངས་བལྟས་ན།  ངས་ཁོའི་སྙིང་ཚོར་བྱུང་།   ཁོས་བསམས།   ད་ཁོ་ཚུར་ལོངས་ལ་ཁྱིགས།   ཁོ་གྲུ་ཆུང་ལ་འདོགས་སླད།   ཞགས་པའི་ཨ་ལོང་དེ་ཁོའི་མཇུག་མ་ལ་བསྐོན།   གཞན་གཅིག་གིས་སྐེད་ནས་ཁྱིགས་ལ།    ཁོ་གྲུ་ཆུང་ལ་ཚུར་ཡོན་ཆུགས།   

“རྒད་པོ།   ལས་ཀ་ལ་ཞུགས།” ཁོས་བཤད།   ཁོས་ཆུ་ཧུབ་ཆེས་ཆུང་ཆུང་ཞིག་འཐུང་།   “འཐབ་འཁྲུག་ཚར་བའི་རྗེས་ལ་གཡོག་ལས་མང་བོ་བྱེད་རྒྱུ་བསྡད་འདུག”

ཁོས་ནམ་མཁའ་ལ་ཡར་བལྟས་ཤིང་དེ་ནས་ཁོའི་ཉ་ལ་བལྟས།   ཁོས་ཉི་མ་ལ་གཟབ་ནན་གྱིས་བལྟས།   ད་ཉི་མའི་གུང་ལས་ལྷག་ཅིག་མ་རེད།   ཁོས་བསམས།  ཚོང་རླུང་ལངས་བཞིན་འདུགཉ་ཐག་རྣམས་ལ་ད་རིན་ཐང་གང་ཡང་མེད།   ང་ཚོ་ཁྱིམ་ལ་སླེབས་སྐབས་བུ་ཆུང་དང་ངེད་གཉིས་ཀྱིས་དེ་ཚོ་མཐུད་ཆོག

“ཚུར་ཤོག་དང་ཉ།” ཁོས་བཤད།   ཡིན་ནའང་ཉ་ཚུར་མ་ཡོང་།   དེའི་ཚབ་ལ་ཁོ་ད་ནི་རྒྱ་མཚོའི་ཁར་གཡེངས་ནས་འདུགརྒད་པོས་གྲུ་ཆུང་དེ་ཁོ་ཡོད་སར་ཕར་དེད།

ཁོ་ཉ་དང་བསྙམས་ནས།   ཉ་ཡི་མགོ་དེ་གྲུ་ཆུང་གི་གདོང་སྣེ་ལ་སྦྱར་སྐབས།   ཁོང་ནི་དེའི་ཆེ་ཆུང་ལ་ཡིད་ཆེས་དཀའ་བར་གྱུར།   གང་ལྟར།  ཁོས་ཉ་མདུང་གི་ཉ་ཐག་དེ་ཕུར་པ་ལས་གྲོལ།  དེ་ཉ་ཡི་དབུགས་དབང་ནས་བརྒྱུན་ཏེ་འགྲམ་པའི་བར་ནས་ཕྱིར་དབྱུང་།   དེ་ནས་ཐག་པ་དེ་ཁོའི་སྣ་རྩེ་རིང་མོ་ལ་སྐོར་བ་ཞིག་བྱས་ནས་དབུགས་དབང་གཞན་པ་ནས་བརྒྱུས།   ཡང་སྣ་རྩེ་ལ་སྐོར་བ་ཞིག་བྱས་ནས་ཉ་ཐག་གི་སྣེ་མོ་གཉིས་ལ་མདུད་པ་བརྒྱབ་ཏེ་གྲུ་ཆུང་མདུན་སྣེའི་ཕུར་པ་ལ་བཏགས།   དེ་ནས་ཁོས་ཐག་པ་གཏུབས་ཏེ།    ཁོའི་མཇུག་མ་བསྡམས་ཕྱིར་གྲུ་མཇུག་ལ་ཕྱིན།  ཉ་ཡི་རང་གཤིས་ཀྱི་ཚོན་མདོག་མུ་མེན་དང་དངུལ་མདོག་དེ་བརྗེས་ནས་དངུལ་མདོག་ཆགས་འདུགཁོའི་མཇུག་མ་ཇི་བཞིན་ཁྲ་ཐིག་རྣམས་ནི་མུ་མེན་སྔོ་སྐྱའི་མདོག་རང་འཇགས་སུ་འདུགཁྲ་ཐིག་དེ་རྣམས་མི་གཅིག་གི་ལག་པ་མཛུབ་མོ་དང་བཅས་པ་བཀྱེད་པ་ལས་ཀྱང་རྒྱ་ཆེ་བ་འདུགཉ་ཡི་མིག་དེ་གཉིས་ནི་འཁོར་མྱུལ་རྒྱང་ཤེལ་[33]ནང་གི་ཤེལ་སྒོ་དག་གམ་།   ཡང་ན་སེར་ཕྲེང་ཁྲོད་བཞུགས་པའི་གྲུབ་ཐོབ་ཅིག་དང་མཚུངས་པར་ཡ་མ་ཟུང་དུ་གནས་འདུག  

“དེ་ནི་ཁོ་གསོད་སྟངས་གཅིག་པུ་དེ་རེད།”རྒད་པོས་བཤད།

ཆུ་འཐུང་བ་ནས་བཟུང་རྒད་པོ་ཇེ་བདེ་ཡིན་པ་ཚོར་ཞིང་།   ཁོས་ཁོ་ཕར་ཕྱོགས་སུ་མི་འགྲོ་བ་ཤེས་ཡོད་ལ།   ཁོའི་རྣམ་རིག་ཀྱང་དྭངས་མོ་རེད།   ཁོའི་གནས་བབ་ལ་བལྟས་ན་རྒྱ་མ་ཆིག་སྟོང་ལྔ་བརྒྱ་ལས་མང་བ་འདུགཁོས་བསམས།   གཅིག་བྱས་ན་དེ་ལས་ཆེས་མང་བ་ཡོད།   གལ་སྲིད་ཁོའི་ལུས་པོའི་སུམ་ཆ་གཉིས་ཀྱི་ཤ་རྒྱ་མ་རེ་ལ་པེ་ཤ་སུམ་ཅུ་རེ་ཡིན་ན།

“དེ་བརྩི་རྒྱུར་ང་ལ་ཞ་སྨྱུག་གཅིག་དགོས།”ཁོས་བཤད།   “ངའི་ཀླད་པ་དེ་ཙམ་མི་གསལ།   ཡིན་ན་ཡང་།   ངའི་བསམ་ཚུལ་ལ་རླབས་ཆེན་ཌི་མཱ་ཇའོ་ཡིས་དེ་རིང་ང་ལ་དགའ་སྤོབས་བྱེད་ཀྱི་ཡོད་རེད།   ང་ལ་རུས་ལྷག་གི་ན་ཚ་མེད།   ཡིན་ནའང་ངའི་རྒྱབ་དང་ལག་པ་དངོས་གནས་ན་གི་འདུག”རུས་ལྷག་གི་ན་ཚ་དེ་ཅི་ཞིག་ཡིན་ནམ།   ཁོས་བསམས།   གཅིག་བྱས་ན་ང་ཚོས་མི་ཤེས་པའི་ངང་ནས་ང་ཚོ་ལ་དེ་ཡོད་ཀྱི་རེད།   

ཁོས་ཉ་དེ་གྲུ་མདུན་དང་གྲུ་མཇུག་ལ་བཀྱིགས་ཤིང་།   གྲུ་སྐེད་ཀྱི་འཕྲེད་ཤིང་ལ་ཡང་བཀྱིགས།   ཁོ་ཤིན་ཏུ་ཆེ་ཞིང་།   གྲུ་འདི་ལས་ཧ་ཅང་ཆེ་བའི་གྲུ་གཞན་ཞིག་གཞོགས་གཅིག་ལ་འདོགས་པ་དང་མཚུངས།   ཁོས་ཉ་ཐག་ལས་དུམ་བུ་ཞིག་གཏུབས་ཤིང་ཉ་ཡི་མ་མགལ་དེ་སྣ་རྩེ་དང་ལྷན་དུ་བསྡམས་ཤིང་།   དེས་ཉ་ཡི་ཁ་མི་གདངས་ལ།   ཁོང་ཚོ་གང་ཐུབ་ཐུབ་ཀྱིས་གྲ་དག་པོར་བསྐྱོད་ཀྱི་རེད།   དེ་ནས་གྲུའི་དར་ཤིང་བསླངས་ཤིང་།   ཁོས་ཉ་མདུང་གི་དབྱུག་པ་སྤྱད་ནས་དང་དེ་བཞིན་གྲུ་དར་གྱི་འཕྲེད་ཤིང་འཛུགས་པ་དང་བཅས་ལྷན་པ་ཅན་གྱི་གྲུ་དར་དེ་འཕྱར་ཞིང་།   གྲུ་ཆུང་བསྐྱོད་མགོ་བརྩམས་པ་དང་།    གྲུ་མཇུག་ཏུ་གཟུགས་པོར་ཡོན་ནས་སྡོད་པ་དང་བཅས་ཁོང་གིས་ལྷོ་ནུབ་ཏུ་གྲུ་བཏང་།

ལྷོ་ནུབ་ཀྱི་ཕྱོགས་དེ་གང་ཡིན་མིན་སྟོན་པ་ལ།   ཁོ་ལ་ཕྱོགས་སྟོན་འཁོར་ལོ་མི་དགོས།   ཁོས་ཚོང་རླུང་གི་རྒྱུ་བ་དང་གྲུ་ཡོར་གྱི་འཐེན་ཤུགས་ཙམ་ཞིག་ཚོར་དགོས།   ངས་ཉ་ཐག་ཅིག་ལ་ལྕགས་ཀྱི་ཁ་འབྲིད་ཅིག་བཏགས་ནས་ཆུ་ལ་འཕངས་ན་བཟང་།   ཐབས་ཤེས་དེ་བྱས་ཏེ།   ཁ་སྦང་རྒྱུའི་ཆེད་དུ་ཟ་རྒྱུ་ཞིག་དང་འཐུང་རྒྱུ་ཞིག་བཙལ་ན་བཟང་།   ཡིན་ན་ཡང་ཁོས་ལྕགས་ཀྱི་ཁ་འབྲིད་མི་རྙེད།   ཉ་སཱར་ཌིན་རྣམས་རུལ་འདུགདེ་བས།   ཁོས་མཚོ་རྩྭ་སེར་པོ་དུམ་བུ་ཞིག་ལ་ཁོའི་ཉ་མདུང་བཙུགས་ཤིང་།   ཁོང་ཚོ་སོང་རིམ་བཞིན་དེ་སྤྲུགས།   དེ་ལྟར་བྱས་པས།   དེའི་ནང་ཡོད་པའི་མཚོ་འབུ་ཤི་རཱམ་གྲུ་ཡི་ཤིང་ལེབ་སྟེང་ཟགས།   དེ་ལ་མཚོ་འབུ་བཅུ་གཉིས་ལས་ལྷག་པ་འདུགདེ་ཚོ་བྱེ་མའི་ནང་གི་འབུ་ཁྲག་འཇིབ་བཞིན་མཆོངས་ཤིང་རྡེགརྒད་པོས་རང་གི་མཐེ་བོང་དང་གོང་མཛུབ་ཀྱིས་དེ་ཚོའི་མགོ་བཙིར།   དེ་ཚོའི་ཤུན་ལྤགས་དང་རྔ་མ་ལ་ཐུག་གི་བར་དུ་བལྡད་ནས་ཟས།   དེ་ཚོ་ཤིན་ཏུ་ཆུང་མོད་བཅུད་ཆེ་བ་དེ་ཁོས་ཤེས།   བྲོ་བ་ཡང་བཟང་།

རྒད་པོ་ལ་ད་དུང་ཤེལ་དམ་ནང་ཆུ་ཁམ་གཉིས་འདུགཁོས་མཚོ་འབུ་ཤི་རཱམ་ཟས་རྗེས་ཆུ་ཁམ་གང་གི་ཕྱེད་ཀ་ཞིག་བེད་སྤྱོད་བྱས།   གྲུ་ཆུང་ཡོན་ཡོད་པའི་གནས་བབ་ལ་དཔག་ཚོད་ཀྱིས་གྲུ་ཆུང་ཡང་ཡག་པོར་འགྲོ་གིན་འདུགཁོས་གྲུའི་དཀྱུ་དབྱུག་དེ་མཆན་འོག་ལ་བཟུང་།  ཁོས་ཉ་མཐོང་ཐུབ་ཅིང་།   དོན་དག་འདི་ཚོ་དངོས་གནས་བྱུང་ཡོད་པ་དང་རྨི་ལམ་མིན་པ་ཤེས་རྒྱུ་ལ།   ཁོས་རང་གི་ལག་པ་ལ་བལྟ་ཙམ་བྱེད་པ་དང་གྲུ་མཇུག་ལ་སྙེས་ནས་སྐེད་པ་ཚོར་བ་ཙམ་བྱེད་དགོས་འདུག ལས་ཀ་འདིའི་མཇུག་གི་སྐབས་ཀྱི་ཐེངས་མ་གཅིག་ལ་ཁོས་ཧ་ཅང་སྡུག་པོར་ཚོར་དུས་དེར།   ཁོས་གཅིག་བྱས་ན་འདི་ནི་རྨི་ལམ་ཞིག་རེད་བསམས་པ་རེད།    དེ་ནས་ཉ་ཆུ་ལས་ཐོན་ནས་ཆུའི་ནང་མ་ཟགས་པའི་སྔོན་ལ།   བར་སྣང་དུ་འགུལ་བསྐྱོད་མེད་པར་སྡོད་པ་མཐོང་དུས།   ཤིན་ཏུ་ནས་ཡ་མཚན་ཅན་གྱི་དོན་ཁ་ཤས་བྱུང་ཡོད་པ་ཏན་ཏན་རེད་ལ།   ཁོ་དེ་ལ་ཡིད་ཆེས་མི་ཐུབ་པར་གྱུར།   དེ་ནས་ཁོའི་མིག་གིས་ཡག་པོ་ཞིག་མཐོང་མི་ཐུབ་པརགྱུར།   འོན་ཀྱང་།  ད་ལྟ་ཁོས་སྔར་བྱུང་མ་མྱོང་བའི་ཚོད་ཅིག་གིས་མཐོང་ཐུབ་ཀྱི་འདུག

ད་ཁོས་ཉ་འདི་ལ་ཡོད་པ་ཤེས་ཤིང་།   ཁོའི་ལག་པ་དང་རྒྱབ་རྣམས་རྨི་ལམ་མིན་པ་ཤེས།   ལག་པ་མགྱོགས་པོར་དྲགས་གི་རེད།   ཁོས་བསམས།  ངས་ཁྲག་གཙང་མར་ཤོར་བཅུག་ཡོད་ཅིང་།  ཚྭ་ཆུ་འདིས་དེ་གསོ་གི་རེད།   རྒྱ་མཚོ་ངོ་མའི་ནང་གི་ཆུ་ནག་ཐིང་ངེ་བ་འདི་ནི་འདི་ན་ཡོད་པའི་གསོ་སྨན་ཡག་ཤོས་དེ་རེད།    ད་ངས་བྱེད་དགོས་པ་ནི་རང་གི་རྣམ་རིག་དྭངས་མོར་འཇོག་རྒྱུ་དེ་རེད།   ལག་པ་གཉིས་ཀྱིས་རང་གི་ལས་ཀ་བྱས་ཟིན་པ་རེད།   ད་ང་ཚོས་གྲུ་ཡག་པོར་གཏོང་།   ཁོའི་ཁ་བཙུམས་ནས་ཡོད་ཅིང་།   མཇུག་མ་གྱེན་དང་ཐུར་དུ་གཡུགས་པ་འདིས་ང་ཚོ་སྤུན་གཉིས་ཀྱི་ཚུལ་དུ་གྲུ་གཏོང་བཞིན་འདུག མཚམས་དེ་ལ་ཁོ་མགོ་ཅུང་ཟད་ཅིག་འཐོམས།   ཁོས་བསམས།  ཁོས་ང་ནང་ལ་འཁྱེར་གྱི་ཡོད་དམ།   ངས་ཁོ་ནང་ལ་འཁྱེར་གྱི་ཡོད།   གལ་སྲིད་ངས་ཁོ་གཞུག་ལ་དྲུད་ནས་ཡོང་གི་ཡོད་ན་འདི་ལ་དྲི་བ་ཡོང་དོན་མེད།   ཡང་ཉ་འདི་གྲུ་ཆུང་གི་ནང་ལ་བཞག་ཅིང་།   ཁོའི་གཟི་བརྗིད་ཡོད་ཚད་ཤོར་ནས་ཡོང་གི་ཡོད་ན།    དེ་ལས་ཀྱང་དྲི་བ་ཡོང་དོན་མེད།   ཡིན་ན་ཡང་འདི་གཉིས་གཞོགས་ཕན་ཚུན་ལ་བཏགས་ནས་མཉམ་པོར་གྲུ་གཏོང་གི་ཡོད།   རྒད་པོས་འདི་ལྟར་བསམས།   གལ་སྲིད་དེས་ཁོ་དགའ་གི་ཡོད་ན།   ཁོ་ལ་ང་ནང་དུ་འཁྱེར་བཅུག་ན་ཆོགང་ཁོ་ལས་བཟང་ཙམ་ཡོད་པ་ནི་སྒྱུ་ཐབས་ལས་ཡིན་ཅིང་།   ཁོས་ང་ལ་གནོད་སེམས་བཅངས་མེད།

ཁོང་ཚོས་གྲུ་ཡག་པོར་གཏོང་གི་འདུག་ལ།   རྒད་པོས་རང་གི་ལག་པ་གཉིས་དེ་ཚྭ་ཆུའི་ནང་སྦང་ཞིང་རང་གི་རྣམ་རིག་དྭངས་མོར་འདུག་པའི་ཐབས་ཤེས་བྱས།   གནམ་གྱི་མཐོ་ས་ན་སྤྲིན་དཀར་གྱི་ཚོགས་ཆེན་པོ་འདུག་ལ།   དེའི་སྟེང་ལ་སྤྲིན་པ་ཕྲ་ལ་རིང་བ་གང་འཚམས་ཤིག་འདུགདེ་བས་རྒད་པོས་ཀྱང་རླུང་འདི་མཚན་གང་ལ་སྡོད་རྒྱུ་ཡིན་པ་ཤེས།   ཉ་འདི་ངོ་མ་ཡིན་པའི་ངེས་ཤེས་རྙེད་ཕྱིར་རྒད་པོས་ཉ་ལ་བསྟུད་མར་བལྟས།   དེ་ནི་ཉ་ཤྲག་གིས་ཁོ་ལ་མ་རྡུང་གོང་གི་ཆུ་ཚོད་གཅིག་གི་སྔོན་ལ་རེད།

ཉ་ཤྲག་དེ་གློ་བུར་དུ་ཡོང་བ་ཞིག་མ་རེད།   རྒྱ་མཚོའི་ནང་ཉ་ཁྲག་དམར་ནག་སྤྲིན་ལྟར་བཀྲམས་ཤིང་ཐིམ་ནས་མེལ་ལེ་གཅིག་གི་གཏིང་ལ་ཕྱིན་ཡོད་པ་བཞིན།   ཁོ་ཡང་རྒྱ་མཚོའི་གཏིང་ནས་ཡར་ཡོང་དགོས་བྱུང་བ་རེད།   ཉི་འོད་འོག་ཁོ་ཆེས་མགྱོགས་པོར་ཡར་ཡོང་ཞིང་།   ཐེ་ཚོམ་སྤུ་ཙམ་མེད་པར་རྒྱ་མཚོ་སྔོན་མོའི་ངོས་བརྟོལ་ནས་ཡོང་།   དེ་ནས་ཁོ་རྒྱ་མཚོའི་ནང་སླར་འཛུལ།   དྲི་མ་སྣུམ།  དེ་ནས་ཉ་དང་གྲུ་ཆུང་གཉིས་འགྲོ་སའི་ཕྱོགས་དེ་རུ་རྐྱལ་མགོ་བཙུགས།

མཚམས་མཚམས་ལ་ཁོས་དྲི་མ་བོར།   ཡིན་ན་ཡང་ཁོས་བསྐྱར་དུ་དྲི་མ་རྙེད་ཐུབ་ཀྱི་འདུགཡང་ན་ཁོ་ལ་དེའི་ཤུལ་ཞིག་རྙེད་ཀྱི་འདུགཁོ་ཁ་ཕྱོགས་འདི་ལ་མགྱོགས་པོ་དང་ཤུགས་ཆེན་པོས་རྐྱལ་བརྒྱབ།   ཁོ་ནི་ཤིན་ཏུ་ཆེ་བའི་ཉ་ཤྲག་མཱ་ཀོ་ཟེར་བ་དེ་རེད་ལ།   རྒྱ་མཚོའི་ནང་གི་རྐྱལ་མགྱོགས་ཤོས་ཀྱི་ཉ་ལྟར་རྐྱལ་ཐུབ་པ་ཞིག་བཟོས་ཡོད།   ཁོའི་ཡ་མགལ་དང་མ་མགལ་མ་གཏོགས་ཡོད་ཚད་སྙིང་རྗེ་པོ་ཡིན།   ཁོའི་རྒྱབ་དེ་རལ་གྲིའི་ཉ་བཞིན་སྔོན་པོ་ཡིན་ལ།   ཁོའི་གྲོད་པ་དེ་དངུལ་མདོག་དང་ཁོའི་པགས་པ་དེ་འཇམ་པོ་དང་མཛེས་པོ་ཡིན།   ཁོའི་ཡ་མགལ་དང་མ་མགལ་ཆེན་པོ་དེ་མ་གཏོགས་ཁོ་ཡང་རལ་གྲིའི་ཉ་བཞིན་བཟོས་ཡོད་ལ།   རྐྱལ་མགྱོགས་པོར་བརྒྱབ་པ་ལྟར་ད་ཆ་ཁོའི་ཡ་མགལ་དང་མ་མགལ་ནི་དམ་པོར་བསྡམས་ཤིང་།   རྒྱ་མཚོའི་ངོས་ཀྱི་གཤམ་ན་ཁོའི་ཟེ་བའི་གཤོག་པ་དེས་གཡོ་བ་མེད་པར་གྲིས་བཅད་པ་ལྟར་རྒྱ་མཚོ་གཤགས་ནས་ཡོང་གིན་འདུགཁོའི་ཡ་མགལ་མ་མགལ་བཙུམས་པའི་ནང་ངོས་ལ་སོ་ཕྲེང་བརྒྱད་ཡོད་པ་དེ་ནང་ངོས་སུ་གསེག་ནས་ཡོད།   དེ་ཚོ་ནི་ཉ་ཤྲག་ཕལ་མོ་ཆེ་ལ་ཡོད་པའི་ཟུར་གསུམ་དབྱིབས་ཀྱི་སོ་ཕྲེང་དཀྱུས་མ་རྣམས་མ་རེད།   དེ་ཚོ་ནི་མི་ཞིག་གི་མཛུབ་མོ་རྣམས་སྐམ་པོ་སྡེར་མོ་ལྟར་གྱུར་པ་དང་མཚུངས་པའི་བཟོ་དབྱིབས་ཅན་ཡིན།    དེ་ཚོ་ལ་ནི་ཧ་ལམ་རྒད་པོའི་མཛུབ་མོ་རྣམས་ཀྱི་རིང་ཐུང་ཡོད་ལ།   ཕྱོགས་གཉིས་ཆ་ལ་སྐྲ་གྲི་ལྟར་གྱི་སོ་ཁ་རྣོན་པོ་ཡོད།   འདི་ནི་རྒྱ་མཚོའི་ནང་གི་ཉ་ཡོད་ཚད་ཟ་ཐུབ་པའི་ཆེད་བཟོས་ཡོད་ལ།   དེ་ཚོ་ནི་མགྱོགས་པོ་དང་སྟོབས་ཆེན།   མཚོན་ཆ་ལེགས་པོ་བཅས་ཡིན་བརྟེན་ཁོ་ལ་དགྲ་གཞན་པ་སུ་ཡང་མེད།   ད་ཁོས་དྲི་མ་སོས་པ་སྣུམ་པ་བཞིན་ཇེ་མགྱོགས་ལ་བཏང་ཞིང་ཁོའི་ཟེ་བའི་གཤོག་པ་སྔོན་པོ་དེས་ཆུ་གཤགས་ནས་ཡོང་།

རྒད་པོས་ཁོ་ཡོང་གི་ཡོད་པ་མཐོང་སྐབས།   ཁོས་འདི་ནི་སྐྲག་སྣང་གཏན་ནས་མེད་པའི་ཉ་ཤྲག་ཡིན་པ་དང་རང་གི་འདོད་པ་ཇི་བཞིན་བྱེད་མཁན་དེ་ཡིན་པ་ཤེས།   ཁོས་ཉ་ཤྲག་ཡོང་གིན་ཡོད་པ་ལ་བལྟ་ཞོར་ཉ་མདུང་གྲ་སྒྲིག་བྱས་ཤིང་དེ་ལ་ཐག་པ་གཅིག་བསྡམས།   ཐག་པ་དེ་ལ་ནི་ཁོས་ཉ་བསྡམས་ཕྱིར་བཅད་པའི་ཆ་དེ་མེད་སྟབས་ཐུང་ཐུང་ཡིན།

ད་ཆ་རྒད་པོའི་རྣམ་རིག་གྲུང་ཞིང་བཟང་།   ཁོ་སྙིང་སྟོབས་ཀྱིས་ཁེངས་ནས་ཡོད་མོད་རེ་བ་ཆུང་ངུ་ཞིག་ལས་མེད།    མཐར་འཁྱོལ་བ་ཞིག་བྱུང་ན་ཤིན་ཏུ་ནས་ལེགས།  ཁོས་བསམས།   ཁོས་ཉ་ཤྲག་ཐག་ཉེར་ཡོང་བ་ལ་བལྟ་ཞོར།   ཉ་ཆེན་འདི་ལ་ཞིབ་ལྟ་ཐེངས་གཅིག་བྱས།   འདི་རྨི་ལམ་ཞིག་རྨིས་པ་དང་མཚུངས།   ཁོས་བསམས།  ཁོ་ངའི་ཐོག་ཤོར་པ་འདི་ངས་འགོག་མི་ཐུབ་མོད།   གཅིག་བྱས་ན་ངས་ཁོ་འཛིན་ཐུབ།   ཌིན་ཏུ་སོ།[34]ཁོས་བསམས།   ཁྱེད་ཀྱི་ཨ་མ་ལ་རླུང་རྟ་ཆག་པར་ཤོག

ཉ་ཤྲག་དེ་གྲུ་མཇུག་ལ་མགྱོགས་པོར་སླེབས།    ཁོས་ཉ་ལ་སོ་བཏབ་དུས།   ཁ་གདང་བ་དང་།   ཁོའི་ཁྱད་མཚར་གྱི་མིགདེ་བཞིན་ཉའི་མཇུག་མའི་གོང་ཙམ་གྱི་ཤ་གསེང་ལ་ཡོང་ནས་སོ་བཏབ་ནས་ཤ་བཅད་པ་བཅས་རྒད་པོས་མཐོང་།   ཉ་ཤྲག་གི་མགོ་ཆུའི་ཕྱི་རོལ་ལ་ཐོན་འདུག་ལ།   ཁོའི་རྒྱབ་ཆུའི་ཕྱི་རོལ་ལ་ཐོན་ཡོང་གི་འདུགརྒད་པོས་ཉ་ཆེན་གྱི་ཤ་དང་པགས་པ་བཅད་པའི་སྒྲ་གོ་ཐུབ་ལ།   དེ་དུས་ཉ་ཤྲག་གི་མིག་གཉིས་བར་གྱི་འཕྲེད་ཐིག་དེ་ཁོའི་སྣ་རྩེ་བརྒྱུད་ཐད་ཀར་རྒྱབ་ལ་བསྲིངས་པའི་ཐིག་དེ་ལ་བསྣོལ་པའི་བསྣོལ་མཚམས་ཀྱི་ནག་ཐིག་དེ་ལ་ཁོས་ཉ་མདུང་འཕངས།   དེ་ན་ཐིག་དེ་འདྲ་ཞིག་ཡོད་མ་རེད།   དེ་ན་ལྗིད་ཅིང་རྣོ་བའི་སྔོ་མདོག་གི་མགོ་དང་།   མིག་ཆེ་བ་གཉིས།   དྲག་པོར་ཁྱུར་མིད་གཏོང་བཞིན་པའི་མ་མགལ་དང་ཡ་མགལ་ཁོ་ན་ཡོད།   ཡིན་ན་ཡང་དེ་ནི་ཀླད་པ་ཡོད་ས་དེ་ཡིན་ལ།   རྒད་པོས་དེ་ལ་བསྣུན།   ཁོས་རང་གི་ཁྲག་གིས་བརྫིས་པའི་ལག་པས་ཉ་མདུང་དེ་ལེགས་པོར་འཕངས་ནས་རང་གི་ཤུགས་ཡོད་ཚད་ཀྱིས་བསྣུན།   རེ་བ་མེད་ན་ཡང་སྙིང་སྟོབས་དང་།   དེ་བཞིན་འཁོན་འཛིན་གྱིས་ཁེངས་པའི་ཐོག་ནས་བསྣུན།

ཉ་ཤྲག་དེ་འགྲེ་ལོག་ཅིག་བརྒྱབ་ཅིང་།   རྒད་པོས་ཁོའི་མིག་གཉིས་གསོན་པོ་མིན་པ་མཐོང་།   དེ་ནས་ཁོ་རང་རང་ལ་ཐག་པ་ཐུང་ངུ་དེས་ཐེངས་གཉིས་བཀྱིགས་ནས་ཡང་བསྐྱར་འགྲེ་ལོག་ཅིག་བརྒྱབ།   རྒད་པོས་ཁོ་ཤི་ཚར་པ་ཤེས་མོད་ཉ་ཤྲག་གིས་དེ་ངོས་ལེན་མི་བྱེད།   དེ་ནས་ཁོ་ལྟག་ལོག་ནས་མཇུག་མ་གཡུགས་བཞིན།   སོ་འདེབས་བཞིན་འཕྲུལ་གྲུ་[35]ཞིག་དང་མཚུངས་པར་ཆུ་གཤགས་ནས་སོང་།   ཁོས་མཇུག་མ་རྡེབ་ས་དེ་ན་ཆུ་མདོག་དཀར་པོ་རེད་ལ།   ཉ་ཐག་དེ་དམ་པོར་གྱུར་ཅིང་འདར་གསིག་དང་བཅས་ཆད་པར་གྱུར་པའི་སྐབས་དེར།   ཁོའི་གཟུགས་པོའི་བཞི་ཆ་གསུམ་དེ་ཆུའི་ཁ་ལ་གཡེངས་ནས་འདུགཉ་ཤྲག་དེ་གང་མཚམས་ཤིག་གི་རིང་རྒྱ་མཚོའི་ངོས་སུ་ཁུ་སིམ་མེར་བསྡད་ཅིང་།   རྒད་པོས་ཁོ་ལ་བལྟས།   དེ་ནས་ཁོ་ག་ལེར་མར་ཐིམ་སོང་།

“ཁོས་རྒྱ་མ་བཞི་བཅུ་ཙམ་འཁྱེར་སོང་།”རྒད་པོས་སྐད་ཆེན་པོས་བཤད།   ཁོས་ངའི་ཉ་མདུང་དང་ཐག་པ་ཚང་མ་ཡང་འཁྱེར་སོང་།   ཁོང་གིས་བསམས།   ད་ངའི་ཉ་ཡི་ཁྲག་ཡང་བསྐྱར་འཛགས་བཞིན་ཡོད།   ད་གཞན་པ་རྣམས་ཡོང་གི་རེད།

ཉ་ཡི་ཤ་ཁོག་ཆད་ཡོད་སྟབས།   ཉ་ལ་ཡང་བསྐྱར་བལྟ་འདོད་མ་ལང་།   ཉ་ལ་སོ་བཏབ་པའི་སྐབས་དེར་ཁོས་ཁོ་རང་རང་ལ་སོ་བཏབ་པ་ལྟ་བུ་ཞིག་ཚོར་བར་གྱུར།

ཡིན་ན་ཡང་ངའི་ཉ་ལ་སོ་འདེབས་མཁན་གྱི་ཉ་ཤྲག་དེ་ངས་བསད་པ་ཡིན།   ཁོས་བསམས།  དེ་ནི་ངས་ད་བར་མཐོང་མ་མྱོང་བའི་ཌིན་ཏུ་སོ་ཆེ་ཤོས་དེ་རེད།   ངས་ཆེན་པོ་མང་པོ་མཐོང་མྱོང་ཡོད་པ་དཀོན་མཆོག་གིས་མཁྱེན་གྱི་རེད།

མཐར་འཁྱོལ་བ་ཞིག་བྱུང་ན་ཡག་པོ་རེད།   ཁོས་བསམས།  ད་འདི་དག་རྨི་ལམ་ཞིག་ཡིན་ན་དགའ་བ་ལ།  ངས་ཉ་འདི་ལ་ལྕགས་ཀྱུ་བསྐོན་མེད་ན།  ང་ཉལ་སའི་ནང་གསར་ཤོག་གི་སྟེང་ གཅིག་པུར་ཡོད་ན།

“ཡིན་ནའང་།   ཕོ་ཁྱོ་ག་ནི་ཕམ་ཁའི་ཆེད་བཟོས་པ་མ་རེད།” ཁོས་བཤད།   “ཕོ་ཁྱོ་ག་ནི་འཇོམས་སྲིད་མོད་ཕམ་མི་སྲིད།”ཡིན་ན་ཡང་ངས་ཉ་འདི་བསད་པ་ལ་འགྱོད་པ་སྐྱེ་གི་འདུགཁོས་བསམས།   ད་དུས་ཚོད་ངན་པ་ཡོང་གི་ཡོད་ལ།   མཐའ་ན་ང་ལ་ཉ་མདུང་ཡང་མེད།   ཌེན་ཏུ་སོ་དེ་གདུག་རྩུབ་ཅན་དང་འཇོན་ཐང་ཅན།   སྟོབས་ཅན།   ཤེས་རབ་ཅན་རེད།   ཡིན་ནའང་ང་ནི་ཁོ་ལས་ཤེས་རབ་ཆེ་བ་ཡོད།   གཅིག་བྱས་ན་མེད།   ཁོས་བསམས།  གཅིག་བྱས་ན་ང་ནི་མཚོན་ཆ་བཟང་བ་ཙམ་ཡིན།

“བསམ་བློ་མ་གཏོང་།   རྒད་པོ།” ཁོས་སྐད་ཆེན་པོས་བཤད།   “བགྲོད་ལམ་འདིའི་སྟེང་གྲུ་ཐོངས་དང་།   དེ་ཚོ་ཡོང་དུས་དེ་ཚོ་ལོངས།”

ཡིན་ན་ཡང་ངས་བསམ་བློ་ངེས་པར་དུ་གཏོང་དགོས།   གང་ཡིན་ཟེར་ན།   དེ་ནི་ང་ལ་ལྷག་ཡོད་པ་གཅིག་པུ་དེ་རེད།   དེ་དང་དབྱུག་པའི་སྤོ་ལོ།   ངས་ཁོའི་ཀླད་པ་ལ་བསྣུན་སྟངས་དེ་ལ་རླབས་ཆེན་ཌི་མཱ་ཇའོ་ནི་ཇི་འདྲ་ཞིག་དགའ་ཡོད་དམ།    དེ་ནི་བྱ་བ་རླབས་ཆེན་ཞིག་མ་རེད།   ཁོས་བསམས།   མི་སུ་ཡིན་ཡང་དེ་བྱེད་ཐུབ།   ཡིན་ན་ཡང་ཁྱེད་ཀྱི་སེམས་ལ།    རུས་ལྷག་གི་ན་ཚ་ཇི་བཞིན་ངའི་ལག་པ་གཉིས་ཀྱང་རླབས་ཆེ་བའི་སྐྱོན་ཅན་རེད་བསམས་སམ།   ངས་ཤེས་མི་ཐུབ།   ང་རྐྱལ་རྒྱག་སྐབས་ཉ་ལེབ་ཟེར་མདའ་མའི་ཐོག་གོམ་པ་སྤོས་སྐབས་དེས་དུག་མདའ་བརྒྱབ་སྟེ་ངའི་རྐང་སྨད་ཞ་བོ་བཟོས་ཤིང་།   བཟོད་སྒོམ་བྱེད་དཀའ་བའི་ན་ཟུག་མྱངས་དུས་མ་གཏོགས།   ངའི་རྟིང་པ་ལ་སྐྱོན་ཅིག་ཀྱང་བྱུང་མ་མྱོང་།

“དགའ་སྣང་ཡོང་བའི་དོན་ཞིག་ལ་བསམ་བློ་ཐོངས་དང་།   རྒད་པོ།”ཁོས་བཤད།   “སྐར་མ་རེ་རེ་བཞིན་ཁྱེད་རང་ཁྱིམ་དང་ཐག་ཇེ་ཉེར་འགྲོ་གི་ཡོད།   རྒྱ་མ་བཞི་བཅུ་ཤོར་བ་དེས་ཁྱེད་རང་གིས་ཇེ་ཡང་གི་ཐོག་ནས་གྲུ་གཏོང་གི་ཡོད།”

རྒྱ་མཚོའི་རྒྱུ་བའི་ཆ་ནང་མའི་ནང་སླེབས་སྐབས་ཁོས་ཅི་ཞིག་ཡོང་གི་ཡོད་མེད་ཀྱི་རིམ་པ་དེ་གསལ་པོར་ཤེས་ཀྱི་ཡོད།   ཡིན་ན་ཡང་ད་དེ་ལ་བྱེད་ཐུབ་པ་གང་ཡང་མེད།

“ལོས་ཡོད།   བྱེད་ཐབས་ཡོད།” ཁོས་སྐད་ཆེན་པོས་བཤད།   “ངས་ངའི་གློ་གྲི་དེ་གྲི་ཁྱེམ་ཡ་གཅིག་གི་ཡུ་བ་འདོགས་ཐུབ།” 

དེ་ནས་ཁོས་གྲུ་དར་གྱི་གྲུ་དཀྱུའི་དབྱུག་པ་དེ་མཆན་འོག་ལ་བཅུག་ཅིང་།   གྲུ་དར་གྱི་རས་ཡུག་རྐང་པས་ནོན་ཞོར་དེ་ལྟར་བྱས།   

“ད།” ཁོས་བཤད།   “ང་ད་དུང་རྒད་པོ་ཡིན་ཡང་ང་ལ་མཚོན་ཆ་མེད་པ་མིན།”

བསིལ་རླུང་རྣམས་སོས་པ་རེད་ལ།   ཁོས་གྲུ་ཆུང་བདེ་བོར་བཏང་།   ཁོས་ཉ་ཡི་མདུན་ཕྱོགས་གཅིག་པུ་ལ་བལྟས།   ཁོའི་རེ་བའི་ཆ་ཅུང་ཟད་ཅིག་སླར་འཁོར།   

རེ་བ་མི་བྱེད་པ་ནི་ཅོལ་ཆུང་རེད།   ཁོས་བསམས།  དེ་ཙམ་དུ་མ་ཟད་དེ་ནི་སྡིག་པ་ཞིག་རེད་བསམས་ཀྱི་འདུག སྡིག་པའི་སྐོར་ལ་བསམ་བློ་མ་གཏོང་དང་།   ཁོས་བསམས།  སྡིག་པ་མ་ཡིན་པའི་དཀའ་རྙོག་འདང་ངེས་པ་ཞིག་ད་ལྟ་ཡོད།   ད་དུང་ང་ལ་སྡིག་པའི་སྐོར་གྱི་ཤེས་རྒྱ་ཡང་མེད།   

ང་ལ་དེའི་སྐོར་ལ་ཤེས་རྒྱ་མེད་ལ།   ང་དེ་ལ་ཡིད་ཆེས་ཡོད་མེད་ཀྱང་མི་ཤེས།   གཅིག་བྱས་ན་ཉ་གསོད་པ་ཡང་སྡིག་པ་ཞིག་ཡིན་རྒྱུ་རེད།   དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཡང་།   ངས་དེ་བྱས་པ་ནི་ང་གསོན་པའི་ཆེད་དང་མི་མང་པོ་ལ་ཟས་སྦྱིན་པའི་ཆེད་རེད།   ཡིན་ན་ཡང་དེ་ནས་ཚང་མ་སྡིག་པ་རེད།   སྡིག་པའི་སྐོར་ལ་བསམ་བློ་མ་གཏོང་།   ད་ནི་དེ་ལ་ཧ་ཅང་འཕྱིས་དྲགས་པ་རེད།   ད་དུང་དེ་བྱེད་པའི་ཆེད་དུ་གླ་དངུལ་སྤྲད་ཡོད་པའི་མི་ཡོད་རེད།   ཁོ་ཚོ་ལ་དེའི་སྐོར་ལ་བསམ་བློ་གཏོང་ཆུགས།   ཉ་ནི་ཉ་རུ་སྐྱེ་བ་བླངས་པ་ཇི་བཞིན་ཁྱེད་རང་ནི་ཉ་པ་ཞིག་ཡོང་ཆེད་སྐྱེ་བ་བླངས་པ་རེད།   རླབས་ཆེན་ཌི་མ་ཇའོ་ཡི་ཨ་ཕ་དེ་ཉ་པ་ཞིག་ཡིན་པ་ཇི་བཞིན་འཕགས་པ་ཕེ་ཌི་རོ་[36]ཡང་ཉ་པ་ཞིག་རེད།

ཡིན་ན་ཡང་།  ཁོ་ཁོ་རང་ལ་འབྲེལ་བ་ཡོད་པའི་དོན་དག་ཚང་མའི་སྐོར་ལ་བསམ་བློ་གཏོང་རྒྱུར་དགའ་ཞིང་།   ཀློག་རྒྱུ་གང་ཡང་མེད་པ་དང་རླུང་འཕྲིན་ཡོ་ཆས་ཀྱང་མེད་པའི་སྟབས་ཀྱིས་ཁོས་བསམ་བློ་མང་པོ་བཏང་།   ཁོས་སྡིག་པའི་སྐོར་ལ་བསམ་བློ་བཏང་ནས་བསྡད།   ཁྱེད་རང་གིས་གསོན་པ་ཁོ་ནའི་ཆེད་དུ་ཉ་དེ་བསད་པ་མ་རེད་ལ།   ཁ་ཟས་ཀྱི་ཆེད་བཙོང་རྒྱུ་ཁོ་ནའི་ཕྱིར་ཡང་མ་རེད།   ཁོས་བསམས།  ཁྱེད་ཀྱིས་ལ་རྒྱའི་ཆེད་དུ་ཁོ་བསད་པ་རེད།  གང་ཡིན་ཟེར་ན།   ཁྱོད་ཉ་པ་ཞིག་རེད།   ཁོ་གསོན་པའི་སྐབས་སུ་ཁྱོད་ཁོ་ལ་དགའ་ཞིང་།   དེའི་རྗེས་སུ་ཡང་ཁྱོད་ཁོ་ལ་དགའ།   གལ་སྲིད་ཁྱོད་ཁོ་ལ་དགའ་ན་ཁོ་བསད་པ་ཡང་སྡིག་པ་ཞིག་མ་རེད།   ཡང་ན།  དེ་ལས་མང་བ་ཞིག་རེད་དམ།

“རྒད་པོ།   ཁྱོད་ཀྱིས་བསམ་བློ་ཚོད་མེད་གཏོང་གི་འདུག” ཁོས་སྐད་ཆེན་པོས་བཤད།

ཡིན་ན་ཡང་ཁྱོད་ཌིན་ཏུ་སོ་བསད་པ་ལ་དགའ་བ་རེད།   ཁོས་བསམས།  ཁོ་ཡང་ཁྱེད་རང་ཇི་བཞིན་ཉ་གསོན་པོའི་ཐོག་ནས་འཚོ་གི་ཡོད།   ཁོ་རྩྭ་གཟན་གྱི་སེམས་ཅན་ཞིག་མ་རེད་ལ།   ཉ་ཤྲག་གཞན་པ་འགའ་བཞིན་ལྟོ་འཁྱམས་པ་ཞིག་ཀྱང་མ་རེད།   ཁོ་ནི་མཛེས་སྡུག་ལྡན་ལ་དྲང་མོ་དང་།   ཅི་གང་ལ་ཡང་མི་སྐྲག་མཁན་ཞིག་རེད།   

“ངས་རང་གི་སྲུང་སྐྱོབ་ཀྱི་ཆེད་དུ་ཁོ་བསད་པ་ཡིན།”རྒད་པོ་འདིས་སྐད་ཆེན་པོས་བཤད།   “ངས་བསད་ཐག་ཆོད་བསད་པ་ཡིན།”

ད་དུང་།   ཁོས་བསམས།   ཕྱོགས་གང་རུང་ཞིག་ནས་དངོས་པོ་ཚང་མས་དངོས་པོ་གཞན་ཚང་མ་དེ་གསོད་ཀྱི་ཡོད།   ཉ་ལས་བྱེད་པ་འདིས་ང་གསོན་དུ་འཇུག་པ་ཇི་བཞིན་ང་གསོད་ཀྱི་འདུགབུ་ཆུང་གིས་ང་གསོན་པོར་ཉར་པ་རེད།   ཁོས་བསམས།   ངས་ང་ལ་མགོ་སྐོར་མང་པོ་གཏོང་མི་རུང་།

ཁོ་གཞོགས་གཅིག་ལ་སྙེས།   ཉ་ཤྲག་གིས་བཅད་པའི་མཚམས་ནས་ཉ་ཤ་དུམ་བུ་གཅིག་འཐེན།   ཁོས་དེ་བལྡད་ཅིང་དེའི་སྤུས་ཀ་བཟང་པོ་དང་བྲོ་བ་ཞིམ་པོ་དེ་མྱངས།   དེ་ནི་དམར་ཤ་[37]ཇི་བཞིན་མཁྲེགས་པོ་དང་ཁུ་བ་ཅན་རེད།   ཡིན་ན་ཡང་དེ་དམར་པོ་མ་རེད།   དེ་ལ་རྒྱུས་པ་གཏན་ནས་མེད་ཅིང་འདིས་ཁྲོམ་དུ་རིན་གོང་ཆེ་ཤོས་དེ་ཐོབ་རྒྱུ་ཡིན་པ་ཁོས་ཤེས།   ཡིན་ན་ཡང་།  དྲི་མ་ཞིམ་པོ་དེ་ཆུ་ལ་མ་ཤོར་བར་བྱེད་པའི་ཐབས་ལམ་གཅིག་ཀྱང་མེད་ལ།   དུས་ཚོད་ཆེས་ངན་པ་ཞིག་ཡོང་གི་ཡོད་པ་རྒད་པོས་ཤེས།

རླུང་བསིལ་མ་དེ་བསྟུད་མར་ལྡང་།   དེ་ཕར་ཅུང་ཟད་བྱང་ཤར་གྱི་ཕྱོགས་སུ་འགག་ཡོང་གི་འདུགདེའི་ལྟས་ནི་རླུང་ཡལ་ནས་མི་འགྲོ་བ་ཡིན་པ་ཁོས་ཤེས།   རྒད་པོས་ཁོའི་མདུན་ཕྱོགས་ལ་ཕར་བལྟས་མོད།   ཁོས་གྲུ་དར་མི་མཐོང་ལ་གྲུ་གཟིངས་ཀྱང་མི་མཐོང་།   གྲུ་གཟིངས་ཀྱི་དུ་བ་སྣེ་གཅིག་ཀྱང་མི་མཐོང་།   འཕུར་ཉ་འགའ་ཞིག་ཁོ་ན་ཁོའི་གྲུ་མདུན་ནས་ཡར་འཕུར་ཏེ་གཞོགས་ཡས་མས་སུ་རྐྱལ་ནས་འགྲོ་གི་འདུག་ལ།   མཚོ་རྩྭ་སེར་པོའི་དུམ་བུ་འགའ་ཡང་འདུགམཐའ་ན་ཁོས་བྱིའུ་ཞིག་ཀྱང་མི་མཐོང་།

ཁོས་ཉ་ཤྲག་གཉིས་ཡོང་གི་ཡོད་པ་མཐོང་དུས་ཁོ་གྲུ་མཇུག་ལ་བསྡད་ནས་ངལ་གསོ་རྒྱག་ཞོར་ཆུ་ཚོད་གཉིས་ལ་གྲུ་བཏང་ཡོད་ཅིང་།   མཚམས་མཚམས་ལ་ཉ་མཱར་ལིན་གྱི་ཤ་དུམ་རེ་བླངས་ནས་བལྡད་བཞིན་།   ངལ་གསོ་བྱེད་པ་དང་སྟོབས་ཡོང་ཐབས་བྱས།

“ཨ་ཡིའི།” ཁོས་སྐད་ཆེན་པོས་བཤད།   ཚིག་འདི་ལ་བསྒྱུར་རུང་བའི་ཚིག་དོད་མེད།   གཅིག་བྱས་ན་དེ་ནི་སྒྲ་ཞིག་རེད་ལ།   དཔེར་ན།  ཕོ་ཁྱོ་ག་ཞིག་གིས་འཛེར་མ་ཞིག་ཁོའི་ལག་པ་བརྟོལ་ནས་ཤིང་ལེབ་ཐོག་ཟུག་པ་ཚོར་སྐབས་བཙན་གྱིས་འབྱིན་པའི་སྒྲ་ལྟ་བུ་ཞིག་རེད།[38]

གཱ་ལཱ་ནོ་སེ།[39]ཁོས་སྐད་ཆེན་པོས་བཤད།   ད་དང་པོ་དེའི་རྗེས་ལ་ཟེ་གཤོག་གཉིས་པ་དེ་ཡོང་གི་ཡོད་པ་ཁོས་མཐོང་།   རྔ་མ་གཡུགས་ལུགས་དང་ཟུར་གསུམ་ཅན་གྱི་ཟེ་བའི་གཤོག་པ་སྨུག་མདོག་ཡིན་བརྟེན་དེ་ཚོ་ནི་འཇོར་གྱི་སྣ་རྩེ་ཅན་གྱི་ཉ་ཤྲག་ཡིན་པ་ངོ་ཤེས།   ཁོ་ཚོས་དྲི་མ་ཞིམ་པོ་ཚོར་ནས་དགའ་འདུག་ལ།   བཀྲེས་ལྟོགས་ཆེན་པོས་མྱོས་པའི་ངང་ཁོང་ཚོས་དྲི་མ་ཞིམ་པོ་དེ་རྙེད་ཞོར་དང་ཤོར་ཞོར་བྱས་ཏེ་འཚབ་འཚུབ་ངང་ཡོང་གི་འདུགཡིན་ན་ཡང་།   ཁོང་ཚོས་དུས་ཐམས་ཅད་དུ་ཐག་ཇེ་ཉེ་ལ་གཏོང་གི་འདུག

རྒད་པོས་གྲུ་དར་བསྡམས་ཤིང་གྲུའི་དཀྱུ་དབྱུག་བརྫངས།   དེ་ནས་ཁོས་གྲི་བཏགས་པའི་གྲུ་ཁྱེམ་དེ་ཡར་བཀྱགས།   ཁོས་ཐུབ་ཚོད་ཀྱིས་གང་ཡང་ཡང་གི་ཐོག་ནས་གྲུ་ཁྱེམ་འཕྱར།   གང་ཡིན་ཟེར་ན།   ཁོའི་ལག་པ་གཉིས་ཀྱིས་ན་ཟུག་ལ་གདོང་ལེན་བྱེད་ཀྱི་འདུགདེ་ནས་ཁོས་དེ་ལ་བསྡམས་ཤིང་གློད་དེ་ཟུག་ཇེ་ཡངས་ལ་གཏོང་ཐབས་བྱས།   ཁོས་ལག་པ་དམ་པོར་བསྡམས་སྟབས་ལག་པས་ན་ཟུག་སྒོམ་གྱི་རེད་ལ་འདར་སིག་སིག་ཀྱང་མི་བྱེད།   ཉ་ཤྲག་ཡོང་བ་ལ་བལྟས།   ཁོས་དེ་ཚོའི་འཇོར་དབྱིབས་ཅན་གྱི་མགོ་ལེབ་མོ་རྒྱ་ཆེ་བ་དེ་དག་དང་།   དེ་ཚོའི་ཞེང་ཆེ་བའི་འགྲམ་གཤོག་རྩེ་དཀར་རྣམས་མཐོང་།   དེ་ཚོ་ནི་ཞེ་སྡང་གིས་ཁེངས་པའི་ཉ་ཤྲག་ཡིན་ལ།   དྲི་མ་ངན་ཞིང་།   གསོད་མཁན་དང་རོ་གཟན་ཡང་རེད།   དེ་ཚོ་ལྟོགས་པའི་སྐབས་སུ་དེ་ཚོས་གྲུ་ཁྱེམ་དང་གྲུ་དཀྱུའི་པང་ལེབ་ལ་ཡང་སོ་འདེབས།   ཉ་ཤྲག་འདི་ཚོ་ནི་རུས་སྦལ་རྒྱ་མཚོའི་ཁར་གཡེངས་ནས་གཉིད་པའི་སྐབས་སུ་རྐང་པ་དང་ལག་པ་གཅོད་མཁན་དེ་ཚོ་རེད།   མི་ལ་ཉ་ཁྲག་གི་དྲི་མ་མེད་ཅིང་ཉ་ཁུ་འཐོར་མེད་ནའང་འདི་ཚོ་ལྟོགས་པའི་སྐབས་སུ་མི་ལ་ཡང་སོ་རྒྱག་གི་རེད།

ཨ་ཡིའི།”རྒད་པོས་བཤད།   “གཱ་ལཱ་ནོ་སེ།   ཤོག་དང་།   གཱ་ལཱ་ནོ་སེ།

དེ་ཚོ་སླེབས།  ཡིན་ན་ཡང་།   དེ་ཚོ་ཉ་མཱ་ཀོ་ཡོང་བ་ནང་བཞིན་མ་ཡོང་།   གཅིག་ཕྱིར་འཁོར་ནས་མིག་གིས་མི་མཐོང་སའི་གྲུ་ཆུང་འོག་ལ་འཛུལ་ཅིང་།   ཁོས་ཉ་ལ་གཞུས་ཤིང་འཐེན་པའི་སྐབས་སུ་རྒད་པོས་གྲུ་ཆུང་འགུལ་བ་ཚོར་ཐུབ་པ་འདུགགཞན་པ་དེས་ཁོའི་མིག་སེར་པོ་ནར་མོ་དེས་རྒད་པོ་ལ་བལྟས་ནས་བསྡད།   དེ་ནས་ཁོའི་ཁ་ཕྱེད་གོར་མ་དེ་གདང་ནས་ཉ་ཡི་ཤ་གཏུབས་ཡོད་ས་དེ་ལ་མགྱོགས་པོར་ཡོང་།   ཁོའི་རྒྱབ་ཀྱི་སྒལ་ཚིགས་དང་ཀླད་པ་མཐུད་པའི་མཚམས་དང་ཁོའི་མགོ་སྨུག་པོའི་སྤྱི་གཙུག་དེ་ན་ཐིག་གསལ་པོར་བསྟན་འདུག་ཅིང་།   རྒད་པོས་གྲུ་ཁྱེམ་གྱི་གྲི་དེ་མཚམས་དེ་ལ་འཕངས་ཤིང་ཕྱིར་འཐེན།   ཡང་བསྐྱར་ཉ་ཤྲག་གི་ཞི་མི་དང་མཚུངས་པའི་མིག་གི་ནང་དུ་འཕངས།   ཉ་ཤྲག་དེས་ཉ་གློད་ཅིང་མར་ཟགས།   ཁོ་འཆི་བཞིན་དུའང་ཁོ་ལ་ཐོབ་པའི་ཤ་དེ་མིད་བཞིན་འདུག

ཉ་ཤྲག་གཞན་པ་དེས་ཉ་ལ་གཏོར་བཅོམ་བྱེད་བཞིན་པའི་རྐྱེན་གྱིས་གྲུ་ཆུང་དེ་ད་དུང་ཡང་ཡོམ་ཡོམ་བྱེད་ཀྱི་འདུགགྲུ་ཆུང་དེ་རྒྱ་ཆེན་པོར་དཀྱོགས་ནས་ཉ་ཤྲག་དེ་གྲུ་ཆུང་གི་འོག་ནས་ཕྱིར་མཐོང་ས་ལ་ལེན་རྒྱུའི་ཆེད་དུ་རྒད་པོས་གྲུ་དར་གྱི་དར་ཡུག་གློད་ཅིང་།   །   ཁོས་ཉ་ཤྲག་དེ་མཐོང་དུས་གཞོགས་དེ་ལ་སྙེས་ནས་ཁོ་ལ་ཁུ་ཚུར་གཞུས།   ཁོའི་ཤ་ཐོག་ཁོ་ན་ལ་གཞུས་ཤིང་།   པགས་པ་དེ་མཁྲེགས་པོར་འདུག་བརྟེན་གྲི་འཛུགས་ཐུབ་ཙམ་བྱུང་།    ཁུ་ཚུར་གཞུས་པའི་ན་ཟུག་དེ་ཁོའི་ལག་པ་ཙམ་མ་ཟད་ཕྲག་པ་ལ་ཡང་སླེབས།   ཡིན་ན་ཡང་ཉ་ཤྲག་དེ་མགོ་ཡར་བཀྱགས་ནས་མགྱོགས་པོར་ཡར་ཡོང་།   ཁོ་ཉ་ལ་སྙེས་ཤིང་ཁོའི་སྣ་དེ་ཆུ་ཡི་ཕྱི་རོལ་ཏུ་ཐོན་རིམ་བཞིན་རྒད་པོས་ཁོའི་མགོ་ལེབ་མོའི་དཀྱིལ་ལ་ཐད་ཀར་གཞུས།   རྒད་པོས་གྲི་ཕྱིར་བཏོན་ནས་ཤུལ་དེ་ག་རང་ལ་ཁུ་ཚུར་གཞུས།   ཁོས་ད་དུང་ཉ་ལ་མཆེ་བ་བཙུགས་ནས་བསྡད་འདུགརྒད་པོས་ཁོའི་མིག་གཡོན་མའི་ནང་གྲི་བཙུགས།  ཉ་ཤྲག་དེ་ད་དུང་ཡང་དེར་བསྡད་འདུག

“མ་རེད་དམ།” རྒད་པོས་བཤད།   ཁོས་ཀླད་པ་དང་སྒལ་ཚིགས་ཀྱི་བར་དེར་གྲི་བཙུགས།   དེ་ནི་ད་ཆ་ལས་སླ་བོའི་གྲི་འཛུགས་ཤིག་རེད།   ཁོས་ཕྲུམ་རུས་བཅད་པ་ཚོར།   རྒད་པོས་གྲུ་ཁྱེམ་མགོ་སྟེང་བརྗེས།   གྲུ་ཁྱེམ་གྱི་ཁ་དེ་ཉ་ཤྲག་གི་སོ་བར་ལ་བཅུག་ནས་དེ་ཁ་འབྱེད་ཐབས་བྱས།   ཁོས་གྲུ་ཁྱེམ་དེ་བསྐོར།   ཉ་ཤྲག་གི་ཁ་དེ་ནས་ཤོར་ཞིང་ཤུད་ནས་མར་འགྲོ་སྐབས་ཁོས་འདི་ལྟར་བཤད།   “སོངས།   མེལ་ལེ་གཅིག་གི་འོག་ལ་ཤུད་ཅིགཁྱེད་ཀྱི་གྲོགས་པོ་ཚོ་ལྟ་བར་སོངས།   ཡང་ན།   དེ་ཁྱེད་ཀྱི་ཨ་མ་ཡིན་རྒྱུ་རེད།”

རྒད་པོས་ཁོའི་གྲི་ཁ་ཕྱིས་ཤིང་གྲུ་ཁྱེམ་མར་བཞག དེ་ནས་ཁོ་ལ་གྲུ་དར་གྱི་རས་ཡུག་དང་གྲུ་དར་རླུང་གིས་ཁེངས་པ་ཐོབ།   ཁོས་གྲུ་ཆུང་དེ་རང་གི་བགྲོད་ལམ་ལ་དྲངས།

“དེ་ཚོས་ཁོའི་བཞི་ཆ་གཅིག་ཏན་ཏན་འཁྱེར་ཡོད་རེད།   ཤ་ཡག་ཤོས་ཀྱི་ཆ་རེད།” ཁོས་སྐད་ཆེན་པོས་བཤད།   “ངས་འདི་དག་རྨི་ལམ་ཞིག་ཡིན་ན་བསམས།   ངས་ཁོ་ལ་ལྕགས་ཀྱུ་གཏན་ནས་བཏབ་མེད་པ་ཡིན་ན་བསམས།   ཉ།   ངས་དེ་ལ་དགོངས་དག་ཞུ་གི་ཡོད།   དེས་ཚང་མ་སྐྱོན་ཅན་དུ་བཟོ་གི་འདུག” ཁོས་མཚམས་བཞག་ཅིང་།   ད་ཆ་ཁོས་ཉ་ལ་ལྟ་འདོད་མི་ལང་།   ཁྲག་ཤོར་ཞིང་ཆུ་ལ་གཡེངས་པའི་ཁོ་ནི་མེ་ལོང་ཅིག་གི་རྒྱབ་ཤ་ལྟར་དངུལ་མདོག་ལྡན་ལ།    ད་དུང་ཁོའི་ཁྲ་ཐིག་རྣམས་ལྷང་ངེར་འདུག

“ཉ།   ང་ཆེས་ཐག་རིང་ས་འདི་འདྲ་ལ་སོང་མེད་པ་ཡིན་ན་བསམས།” ཁོས་བཤད།   “ཁྱོད་དང་ང་གཉིས་ཀའི་ཆེད་དུ་སོང་མེད་ན་བསམས།  ཉ།   ངས་དགོངས་དག་ཞུ།”

ད་ནི།   ཁོས་ཁོ་ལ་ཁེར་བཤད་ཅིག་བྱས།   གྲི་ལ་བསྡམས་པའི་ཐག་པ་ལ་ལྟོས་དང་།   དེ་བཅད་ཡོད་མེད་ལ་ལྟོས་དང་།   དེ་ནས་ཁྱེད་ཀྱི་ལག་པ་གཉིས་གྲ་སྒྲིག་བྱོས།   གང་ཡིན་ཟེར་ན།   ད་དུང་ཆེས་མང་བ་ཞིག་ཡོང་རྒྱུ་བསྡད་ཡོད།

“ངས་ང་ལ་གྲི་འདིའི་ཆེད་དུ་རྡོ་ཞིག་ཡོད་ན་བསམས་ཀྱི་འདུག” གྲུ་ཁྱེམ་གྱི་ཡུ་བ་ལ་བཀྱིགས་པའི་ཐག་པ་ལ་བརྟག་དཔྱད་བྱས་རྗེས་རྒད་པོས་བཤད།   “ངས་རྡོ་ཞིག་འཁྱེར་ཡོང་དགོས་པ་རེད།”ཁྱེད་ཀྱིས་ཅ་ལག་མང་པོ་ཞིག་འཁྱེར་ཡོང་དགོས་པ་རེད།   ཁོས་བསམས།  ཡིན་ན་ཡང་།   རྒད་པོ།   ཁྱེད་ཀྱིས་དེ་རྣམས་འཁྱེར་ཡོང་མེད།   ད་ནི་ཁྱེད་རང་ལ་ཁྱེད་རང་ལ་མེད་པའི་ཅ་ལག་གི་སྐོར་ལ་བསམ་བློ་གཏོང་ཁོམ་མེད།   ཁྱེད་རང་ལ་ཡོད་པ་རྣམས་ཀྱིས་ཅི་ཞིག་བྱེད་ཐུབ་མིན་ལ་བསམ་བློ་ཐོངས།

“ཁྱེད་ཀྱིས་ང་ལ་བསླབ་བྱ་ཡག་པོ་བརྒྱབ་བྱུང་།”ཁོས་སྐད་ཆེན་པོས་བཤད།   “ང་དེ་ལ་བསུན་བྱུང་།”

གྲུ་ཆུང་མདུན་དུ་བསྐྱོད་པ་དང་མཉམ་དུ་ཁོས་གྲུའི་དཀྱུ་དབྱུག་མཆན་འོག་ཏུ་བཅུག་ནས་ལག་པ་གཉིས་ཆ་ཆུ་ལ་སྦང་།

“ཐེངས་རྗེས་མ་དེས་ག་ཚོད་འཁྱེར་ཡོད་མེད་དཀོན་མཆོག་གིས་མཁྱེན་གྱི་རེད།” ཁོས་བཤད།   “ཡིན་ན་ཡང་ད་ཆ་གྲུ་ཆུང་ཆེས་ཡང་བ་རེད།”ཁོས་ཉ་ཡི་འོག་ནས་ཤ་ཁོག་ཆད་པ་དེ་ལ་བསམ་བློ་གཏོང་འདོད་མེད།   ཉ་ཤྲག་གིས་རྡུང་གཏུགས་རེ་རེ་ཡིས་ཤ་དུམ་རེ་བཅད་ནས་སོང་ཡོད་པ་དེ་ཁོས་ཤེས་ཀྱི་ཡོད།   ད་ནི་ཉ་ཡིས་ཉ་ཤྲག་ཚང་མ་ལ་རྒྱ་མཚོའི་ནང་རྒྱ་ལམ་ཇི་བཞིན་གྱི་ལམ་ཆེན་ཞིག་བཟོས་ཡོད།

ཁོ་ནི་ཕོ་ཁྱོ་ག་གཅིག་ལ་དགུན་གཅིག་གི་རིང་ལ་འདང་བའི་ཉ་གཅིག་རེད།   ཁོས་བསམས།  དེ་ལ་བསམ་བློ་མ་གཏོང་།   ངལ་གསོ་བྱས་ནས།   རང་གི་ལག་པའི་རང་ཚུགས་མ་ཤོར་བའི་ཐབས་བྱས་ཏེ་ཅི་ཙམ་ལྷག་ཡོད་པའི་ཤ་འདི་ལ་སྲུང་སྐྱོབ་བྱོས།   ཆུའི་ནང་ཡོད་པའི་དྲི་མ་ཚང་མ་དང་བསྡུར་ན་ངའི་ལག་པ་ལས་སླེབས་པའི་ཁྲག་དྲི་འདི་ནི་གང་ཡང་མིན།   ད་དུང་འདི་ལས་ཁྲག་དེ་ཙམ་མི་འཛགས་ཤིང་།   དགོས་དོན་ཅན་གྱི་རྨ་ཁ་ཞིག་གང་ན་ཡང་མེད།    ཁྲག་འཛགས་པ་དེས་གཅིག་བྱས་ན།   ངའི་གཡོན་ལག་རེངས་པ་ལས་སྐྱོབ་ཀྱི་རེད།

ད་ངས་ཅི་ཞིག་ལ་བསམ་བློ་གཏོང་ཐུབ།   ཁོས་བསམས།  ཅི་ཡང་མེད།   ངས་ཅི་ལ་ཡང་བསམ་བློ་གཏོང་མི་རུང་།   ཐེངས་རྗེས་མ་རྣམས་ལ་སྒུགངས་འདི་དངོས་གནས་རྨི་ལམ་ཞིག་ཡིན་ན་བསམས།  ཁོས་བསམས།   ཡིན་ན་ཡང་།   སུས་ཤེས།  དེའི་གྲུབ་འབྲས་ཡག་པོ་ཞིག་འཁོར་སྲིད།

དེའི་རྗེས་ལ་ཡོང་བའི་ཉ་ཤྲག་དེ་འཇོར་སྣ་ཅན་ཁེར་རྐྱང་ཞིག་རེད།   གལ་སྲིད་ཕག་པ་ཞིག་གིས་ཁ་ཆེན་པོར་གདང་བའི་སྐབས་སུ་ཁྱེད་ཀྱི་མགོ་ཡང་དེའི་ཁའི་ནང་དུ་འཇུག་ཆོག་པ་ཞིག་ཡོད་ན།   ཁོ་ཡང་ཕག་པ་དེ་ལྟོ་གཞོང་ལ་རྒྱུགས་པ་ཇི་བཞིན་ཡོང་།   རྒད་པོས་ཁོ་ལ་ཉ་ཤ་ལ་སོ་འདེབས་སུ་བཅུགདེ་ནས་ཁོའི་ཀླད་པའི་ནང་ལ་གྲུ་ཁྱེམ་གྱི་གྲི་དེ་འཕངས།   ཡིན་ན་ཡང་ཤྲག་གིས་འགྲེ་ལོག་རྒྱག་ཞོར་རྒྱབ་ལ་བརྡབ་འཐེན་ཞིག་བྱས་ཏེ་གྲི་རྩེ་བཅག

རྒད་པོ་ནི་གྲུའི་ཁ་ལོ་བསྒྱུར་ཕྱིར་མར་བསྡད།   ཁོས་མཐའ་ན་ཉ་ཤྲག་ཆེན་པོ་དེ་ཐོག་མར་གཟུགས་ཚད་དང་དེ་ནས་ཇེ་ཆུང་དང་ཇེ་ཆུང་ལ་སོང་ནས་ཆུ་ལ་ག་ལེར་ཐིམ་པ་ཡང་མ་བལྟས།   དེ་ནི་རྒད་པོ་ལ་ག་དུས་ཡིན་ཡང་ལྟད་མོ་ཆེན་པོ་ཡོད་ན་ཡང་།   ད་ནི་ཁོས་དེ་ལ་ཡང་མ་བལྟས།

“ད་ང་ལ་ཉ་གཟོང་ཡོད།” ཁོས་བཤད།   “ཡིན་ན་ཡང་དེས་ཡག་པོ་ཞིག་བྱས་མི་ཡོང་།  ང་ལ་གྲུ་ཁྱེམ་གཉིས་དང་གྲུ་དཀྱུའི་དབྱུག་པ།   ལག་དབྱུག་ཆུང་བ་གཅིག་ཡོད།”

ད་ནི་ཁོང་ཚོས་ང་ཕམ་བཅུག་པ་རེད།   ཁོས་བསམས།  ལག་དབྱུག་གིས་རྡེག་ནས་ཉ་ཤྲག་གསོད་རྒྱུ་ལ་ང་ནི་རྒས་དྲགས་པ་རེད།   ཁོས་བསམས།  ཡིན་ན་ཡང་ཇི་སྲིད་ང་ལ་གྲུ་ཁྱེམ་གཉིས་དང་ལག་དབྱུག་ཐུང་ཐུང་།   གྲུ་དཀྱུའི་དབྱུག་པ་བཅས་ཡོད་པ་དེ་སྲིད་དུ་ངས་འབད་བརྩོན་བྱེད་ཀྱི་ཡིན།   

ཁོས་རང་གི་ལག་པ་སྦང་ཕྱིར་ཆུའི་ནང་ལ་བཅུགད་ནི་ཕྱི་དྲོའི་ཕྱི་པོ་ཆགས་ཀྱིན་འདུག་ལ།  ཁོས་རྒྱ་མཚོ་དང་ནམ་མཁའ་མ་གཏོགས་གཞན་ཅི་ཡང་མ་མཐོང་།   བར་སྣང་ན་སྔོན་ལས་མང་བའི་རླུང་ལྡང་ཞིང་།   ཁོས་གང་མགྱོགས་ས་གཞི་མཐོང་རྒྱུ་ཡིན་པའི་རེ་བ་བྱས།   

“རྒད་པོ།   ཁྱོད་ཐང་ཆད་འདུག” ཁོས་བཤད།   “ཁྱོད་ཁོག་པའི་ནང་ནས་ཐང་ཆད་འདུག”

ཉི་མ་མ་ནུབ་ཙམ་གྱི་བར་དུ་ཁོ་ལ་ཉ་ཤྲག་གིས་མ་གཙེས།

ཏན་ཏན་ཉ་ཡིས་བཟོས་ཡོད་པའི་ལམ་ཆེན་དེ་དེད་ནས་ཟེ་བའི་གཤོག་པ་སྨུག་པོ་རྣམས་ཡོང་གི་ཡོད་པ་རྒད་པོས་མཐོང་།   དེ་ཚོས་དྲི་མ་ལ་གཡས་དཀྱོགས་གཡོན་དཀྱོགས་ཙམ་ཡང་མི་བྱེད།   ཉ་དེ་ཚོས་གཅིག་གི་འཁྲིས་ལ་གཅིག་རྐྱལ་བཞིན་ཐད་ཀར་གྲུ་ཆུང་གི་ཕྱོགས་ལ་ཡོང་གི་འདུག

ཁོས་དཀྱུ་དབྱུག་བཅུགགྲུ་དར་བསྡམས།   ལག་དབྱུག་ལེན་ཆེད་གྲུ་མཇུག་ལ་བསྙབས།   དེ་ནི་གྲུ་ཁྱེམ་གྱི་ཡུ་བ་ཆག་ཏོ་ཞིག་དང་རིང་ཚད་ལས་ཁྲུ་གཉིས་དང་ཕྱེད་ཀ་ཙམ་དུ་སོག་ལེས་བཅད་པ་ཞིག་རེད།    ཡུ་བ་ལ་འཇུ་སྟངས་ཀྱི་དབང་གིས་ཁོས་ལག་པ་ཡ་གཅིག་ཁོ་ནས་དེ་ལ་འཇུས་ན་ནུས་པ་ཐོན་ཆེ་བ་འདུགཁོས་རང་གི་ལག་པ་གཡས་པས་དེ་ལ་ཡག་པོར་འཇུས་ཤིང་།   ཁོས་ཉ་ཤྲག་ཡོང་བ་ལ་བལྟས་པའི་ཞོར་ལ་ལག་པ་དེའི་སྟེང་བསྐོར་ནས་གང་བདེ་བྱས།   དེ་གཉིས་ཀ་གཱ་ལཱ་ནོ་སེ་རེད།

ངས་ཏན་ཏན་ཉ་དང་པོ་ལ་འཇུ་ས་ཡག་པོ་ཞིག་ལ་འཛིན་དུ་འཇུག་དགོས་ལ།   དེ་ནས་ཁོའི་སྤྱི་གཙུག་ལེབ་མོ་དང་ཡང་ན་སྣ་ཡོད་སའི་མཚམས་དེ་ལ་གཞུ་དགོས།   ཁོས་བསམས།

ཉ་ཤྲག་གཉིས་མཉམ་དུ་ཐག་ཉེར་གཏུགས།   ཉ་ཐག་ཉེ་བ་དེ་ཁ་གདང་ནས་པགས་པ་དངུལ་མདོག་ཅན་གྱི་ཉ་དེའི་ནང་ཐིམ་པ་མཐོང་བ་དང་མཉམ་དུ།   ཁོས་ལག་དབྱུག་མཐོན་པོར་བཀྱགས།   ཤུགས་ཀྱིས་མར་གཞུས།   ཉ་ཤྲག་གི་རྒྱ་ཆེ་བའི་སྤྱི་གཙུག་ལེབ་མོའི་སྟེང་ཕོགལག་དབྱུག་དེ་མར་བབས་རིམ་བཞིན་ཁོས་འགྱིག་ལྟ་བུའི་མཁྲེགས་པོ་ཞིག་ཚོར།  ཡིན་ན་ཡང་ཁོས་རུས་པའི་དམ་མཁྲེགས་དེ་ཡང་ཚོར།   ཤྲག་དེ་ཉ་ཤ་ལས་མར་ཤུད་ནས་འགྲོ་སྐབས་དེར་ཁོས་ཡང་བསྐྱར་སྣ་རྩེ་ཡོད་ས་དེ་ལ་ཤུགས་ཀྱིས་ཐེངས་གཅིག་གཞུས།   

ཤྲག་གཞན་པ་དེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག་ལ།   ད་ཡང་ཁོས་ཁ་ཆེན་པོར་གདང་ནས་ཚུར་ཡོང་།   ཤྲག་གིས་ཉ་ལ་བརྡབ་གཏུགས་བྱས་ནས་ཁ་བཙུམས་པ་དང་མཉམ་དུ་ཁོའི་ཁའི་ཟུར་ནས་ཉ་ཤ་དཀར་པོ་ཐར་ཐོར་ཟགས་པ་དེ་རྒད་པོས་མཐོང་ཐུབ།   ཁོ་དེའི་ཐོག་ལ་བསྐོར།   མགོ་ཁོ་ན་ལ་གཞུས།   ཉ་ཤྲཀ་ཡིས་ཁོ་ལ་བལྟས་ནས་ཉ་ཤ་གཅོད་ཕྱིར་སྨྱོ་འཐེན་བྱས།   ཁོས་ཕར་ཤུད་ནས་ཉ་ཤ་ཁྱུར་མིད་བྱེད་དུ་འགྲོ་སྐབས་དེར་རྒད་པོས་ཡང་བསྐྱར་ལག་དབྱུག་དེས་ཁོ་ལ་གཞུས།   འགྱིག་ལྟར་མཁྲེགས་ཤིང་ལྗིད་པ་ཁོ་ན་ལ་གཞུས།

“ཡར་ཤོག་དང་།   གཱ་ལཱ་ནོ།” རྒད་པོས་བཤད།   “ཡང་བསྐྱར་ཚུར་ཤོག་དང་།”

ཉ་ཤྲག་དེ་ཡང་བསྐྱར་མགྱོགས་པོར་ཡོང་།   ཁོས་ཁ་ཟུམ་པ་དང་མཉམ་དུ་རྒད་པོས་ཁོ་ལ་གཞུས།   ཁོས་ལག་དབྱུག་གནམ་ལ་འགྱོགས་ཐུབ་ཚོད་ཅིག་བཀྱགས་ནས་གནད་དུ་འཁེལ་བའི་ངང་གཞུས།   ཐེངས་འདིར་ཁོའི་ཀླད་པ་ཡོད་སའི་རུས་པ་ཡང་ཚོར།   ཉ་ཤྲག་གིས་ཤི་མ་གསོན་གྱི་ངང་ཤ་དུམ་ཞིག་བཅད་སྐབས།   ཁོས་ཡང་བསྐྱར་སྔོན་གྱི་མཚམས་དེ་ག་རང་ལ་གཞུས།   ཤྲག་དེ་ཉ་ལས་ཤུད་དེ་མར་སོང་།

རྒད་པོས་ཁོ་ཡང་བསྐྱར་ཡོང་གི་ཡོད་མེད་ལ་བལྟས།   ཡིན་ན་ཡང་།  ཤྲག་དེ་གཉིས་ལས་གང་ཡང་མ་ཡོང་།   དེ་ནས་ཁོས་གཞན་པ་ཅིག་རྒྱ་མཚོའི་ངོས་ལ་བསྐོར་རྐྱལ་བྱེད་བཞིན་ཡོད་པ་མཐོང་།   ཁོས་གཞན་པ་དེའི་ཟེ་བའི་གཤོག་པ་མ་མཐོང་།

ངས་དེ་ཚོ་གསོད་རྒྱུ་ལ་རེ་བ་བྱེད་མི་ཐུབ།    ཁོས་བསམས།   ན་ཆུང་གི་སྐབས་ལ་ངས་བྱས་ཡོད་ཀྱི་རེད།   ཡིན་ནའང་ངས་ཁོ་གཉིས་ཆ་ལ་རྨ་དྲག་མ་བཟོས་ཡོད།   ཁོ་གཉིས་ཀྱི་སུས་ཀྱང་སྐྱིད་པོ་ཞིག་ཚོར་གྱི་མེད།   གལ་སྲིད་ངས་སྤོ་ལོའི་ལག་དབྱུག་ཅིག་ལ་ལག་པ་གཉིས་ཀ་སྤྱོད་ཐུབ་ཡོད་ན་ངས་ཏན་ཏན་དང་པོ་དེ་གསོད་ཐུབ་ཡོད་ཀྱི་རེད།   མཐའ་ན་ད་ལྟ་ལ་ཡིན་ན་ཡང་།   ཁོས་བསམས།

ཁོས་ཉ་ལ་ལྟ་འདོད་མ་ལངས།   ཁོའི་གཟུགས་པོའི་ཕྱེད་ཀ་གཏོར་བཅོམ་བྱས་ཚར་བ་དེ་ཁོས་ཤེས།   ཁོ་ཉ་ཤྲག་དང་འཐབ་འཛིང་ཁྲོད་གནས་དགོས་བྱུང་བའི་སྐབས་དེར་ཉི་མ་ནུབ་ཟིན།   

“ད་མགྱོགས་པོར་མུན་ནག་ཆགས་ཀྱི་རེད།”ཁོས་བཤད།   “དེ་ནས་ངས་གྲོང་ཁྱེར་ཧཱ་བཱ་ན་ཡི་གློག་འོད་མཐོང་རྒྱུ་རེད།   གལ་སྲིད་ང་ཤར་གྱི་ཕྱོགས་ལ་འགྲོ་རྒྱུ་མང་དྲགས་ཡོད་ན།   ངས་མཚོ་འགྲམ་གསར་པ་དེ་ཚོའི་ཁྲོད་ཀྱི་གཅིག་གི་གློག་འོད་མཐོང་གི་རེད།”

ད་ང་ཕར་ཆེས་ཐག་རིང་ས་ལ་འགྲོ་མི་རུང་བ་འདུག ཁོས་བསམས།   མི་གཅིག་གིས་ཀྱང་སེམས་ཁྲལ་མང་པོ་བྱས་མེད་པའི་རེ་བ་ཡོད།   ཏན་ཏན་བུ་ཆུང་གཅིག་པུ་ཡིས་སེམས་ཁྲལ་བྱེད་ཀྱི་ཡོད་རེད།   ཡིན་ན་ཡང་།  ཁོ་ལ་གདེང་ཚོད་ཡོད་པ་ཐག་ཆོད་ཡིན།   ཉ་བ་རྒན་པོ་མང་པོས་སེམས་ཁྲལ་བྱེད་ཀྱི་རེད།   གཞན་པ་མང་པོས་ཀྱང་།   ཁོས་བསམས།  ང་གྲོང་གསེབ་ཡག་པོ་ཞིག་ཏུ་སྡོད་ཀྱི་ཡོད།

ཉ་དེ་ལ་གཏོར་བཅོམ་ཆེས་ངན་པ་བཏང་འདུག་སྟབས།   ཁོས་ཉ་ལ་གང་ཡང་བཤད་ཐུབ་ཀྱི་མི་འདུགདེ་ནས་ཁོའི་སེམས་ནང་དོན་དག་ཅིག་ཤར།

“ཉ་ཕྱེད་ཀ་ནི་” ཁོས་བཤད།   “ཉ་ཁྱོད་རེད།   ང་ཆེས་ཐག་རིང་ས་ལ་ཕྱིན་པ་དེར་དགོངས་འགལ་མེད་པ་ཞུ།   ངས་ང་ཚོ་གཉིས་ཆ་གཏོར་བརླག་བཏང་བ་རེད།   ཡིན་ན་ཡང་།  ང་ཚོས་ཤྲག་མང་པོ་བསད་པ་ཡིན།   ཁྱོད་དང་ང་ཡིས་གཞན་མང་པོ་གཏོར་བརླག་བཏང་བ་ཡིན།   ད་བར་དུ་ཁྱོད་ཀྱིས་ག་ཚོད་ཅིག་བསད་མྱོང་ཡོད་དམ།   ཉ་རྒད་པོ།  ཁྱོད་ཀྱི་མགོ་ན་ཡོད་པའི་སྣ་གྲི་དེ་ཅི་ཡང་མིན་པའི་ཆེད་དུ་མ་རེད།”

ཁོ་ཉ་འདིའི་སྐོར་ལ་བསམ་བློ་གཏོང་འདོད་སྐྱེས།   ཁོ་རང་དབང་གི་ངང་ནས་རྐྱལ་རྒྱག་གི་ཡོད་ན་ཁོས་ཉ་ཤྲག་ལ་ཅི་ཞིག་བྱེད་ཐུབ་བམ།   ང་ཁོང་ཚོ་ལ་འཛིང་རྒྱུའི་ཆེད་དུ་ཁོའི་སྣ་གྲི་དེ་གཅོད་དགོས།   ཁོས་བསམས།  ཡིན་ན་ཡང་ང་ལ་སྟ་རེ་ཡོད་མ་རེད་ལ།   དེ་ནས་གྲི་ཡང་ཡོད་མ་རེད།

ཡིན་ན་ཡང་།  གལ་སྲིད་ང་ལ་དེ་དག་ཡོད་ན།   གྲུ་ཁྱེམ་གྱི་ཡུ་བ་ལ་བཀྱིགས་ཐུབ་ལ།   དེ་ནི་ཅི་འདྲའི་མཚོན་ཆ་ཞིག་མ་རེད་དམ།   དེ་ནས་ང་ཚོ་མཉམ་དུ་དེ་དག་ལ་འཛིང་ཡོད་ཀྱི་རེད།   གལ་སྲིད་དེ་ཚོ་མཚན་ལ་ཡོང་ན།   ད་ཁྱེད་རང་གིས་ཅི་ཞིག་བྱེད་ཀྱི་ཡིན།   ཁྱེད་རང་གིས་ཅི་ཞིག་བྱེད་ཐུབ་ཀྱི་རེད།

“དེ་ཚོ་ལ་འཛིང་ཞིག” ཁོས་བཤད།   “ང་ཤི་ཤི་བར་དུ་དེ་ཚོ་ལ་འཛིང་གི་ཡིན།”

ཡིན་ན་ཡང་།  ད་ནི་ནག་ཁུང་ནང་དུ་འོད་མི་མཆེད་ལ་གློག་འོད་མེད།   རླུང་དང་རླུང་གིས་གྲུ་ཆུང་བསྟུད་མར་འཐེན་པ་ཙམ་ཞིག་ཡོད་ཅིང་།   གཅིག་བྱས་ན་ཁོ་ནི་ཤི་ཟིན་པ་ལྟ་བུ་ཞིག་ཁོང་གིས་ཚོར།   ཁོས་ལག་པ་གཉིས་མཉམ་དུ་སྦྱར་ནས་ལག་མཐིལ་ཕན་ཚུན་ཚོར་བར་བྱས།   དེ་ཚོ་ཤི་མི་འདུགཁོས་དེ་ཚོ་ཟུམ་པ་དང་འབྱེད་པ་ཙམ་གྱིས་མི་ཚེའི་སྡུག་བསྔལ་དེ་ལས་སླ་བོར་འདྲེན་ཐུབ་ཀྱི་འདུགཁོ་གྲུ་མཇུག་ལ་རྒྱབ་བསྟན་ནས་སྙེས་པ་དང་ཁོ་ཤི་མེད་པ་ཤེས།   ཁོའི་ཕྲག་པས་ཁོ་ལ་བཤད།

གལ་སྲིད་ངས་ཉ་བཟུང་བ་ཡིན་ན་ངས་འདོན་རྒྱུའི་ཁས་ལེན་བྱས་པའི་སྨོན་ལམ་དེ་ཚོ་ཚང་མ་ཡོད།   ཡིན་ན་ཡང་།  ད་ཆ་ངས་དེ་ཚོ་འདོན་རྒྱུ་ལ་ང་ཤིན་ཏུ་ཐང་ཆད་ནས་འདུགངས་སྒྱེ་སྣོད་བླངས་ནས་ངའི་ཕྲག་པ་ལ་གཡོགས་ན་བཟང་།

ཁོ་གྲུ་མཇུག་ཏུ་ཉལ་ནས་གྲུའི་ཁ་ལོ་བསྒྱུར།   ནམ་མཁའ་ནས་འོད་ཡོང་རྒྱུ་ལ་བལྟས་ནས་བསྡད།   ང་ལ་ཁོའི་ཕྱེད་ཀ་ཞིག་ཡོད།   ཁོས་བསམས།  གཅིག་བྱས་ན།    ང་ལ་ཤ་ཁོག་ཕྱེད་ཀ་འདི་ནང་ལ་འཁྱེར་རྒྱུའི་བསོད་ནམས་ཡོད་ཀྱི་རེད།   ང་ལ་བསོད་ནམས་ཏོག་ཙམ་ཡོད་དགོས་པ་རེད།   མ་རེད།  ཁོས་བཤད།   ཁྱེད་རང་ཕྱི་རོལ་ཏུ་ཆེས་ཐག་རིང་ས་ཞིག་ལ་སོང་བ་དེས་ཁྱེད་རང་གི་བསོད་ནམས་ལ་རྩིས་མེད་བྱས་ཡོད་པ་རེད།   

“ཅོལ་ཆུང་མ་བྱེད་དང་།” ཁོས་སྐད་ཆེན་པོས་བཤད།   “གཉིད་བསངས་ནས་ཁ་ལོ་སྒྱུར་དང་།   ཁྱེད་རང་ལ་ད་དུང་བསོད་ནམས་མང་པོ་ཡོད་སྲིད་པ་རེད།”

“གལ་སྲིད་བསོད་ནམས་བཙོང་སའི་ས་ཆ་ཞིག་ཡོད་པ་ཡིན་ན།   ངས་ཅུང་ཙམ་ཞིག་ཉོས་ན་འདོད།”ཁོས་བཤད།

ངས་དེ་ཅི་ཞིག་གིས་ཉོ་ཐུབ་བམ།   ཁོས་རང་ཉིད་ལ་དྲིས།   ངས་བོར་ཟིན་པའི་ཉ་མདུང་དང་ཡང་ན་གྲི་ཆག་ཏོ།   ལག་པ་སྐྱོན་ཅན་གཉིས་ཀྱིས་ཉོ་ཐུབ་བམ།

“ཐུབ་ཀྱི་ཡོད་འགྲོ” ཁོས་བཤད།   “ཁྱེད་རང་གིས་རྒྱ་མཚོའི་ནང་ཉིན་གྲངས་བརྒྱད་ཅུ་གྱ་བཞི་ལ་བསྡད་ནས་ཉོ་རྩིས་བྱས་པ་རེད།   དེ་ཚོས་ཀྱང་ཁྱོད་ལ་བཙོང་གྲབས་བྱས་པ་རེད།”

ངས་ཆོད་མེད་ཀྱི་སྐོར་ལ་བསམ་བློ་གཏོང་མི་རུང་།   ཁོས་བསམས།  བསོད་ནམས་དེ་རྣམ་པ་སྣ་ཚོགས་ཤིག་གི་ནང་ཡོང་བའི་དངོས་པོ་ཞིག་རེད།   དེ་སུས་ངོས་འཛིན་བྱེད་ཐུབ།   ངས་བསོད་ནམས་ཅུང་ཟད་ཅིག་རྣམ་པ་གང་འདྲ་ཞིག་གི་ཁྲོད་ཡོད་ཀྱང་ལེན་གྱི་ཡིན་ལ།   རིན་གོང་ཅི་ཙམ་དགོས་ཟེར་ནའང་སྤྲོད་ཀྱི་ཡིན།   ངས་གློག་ལས་མཆེད་པའི་འོད་དག་མཐོང་ན་འདོད།   ཁོས་བསམས།  ཁྱོད་ལ་འདོད་པ་ཆེས་མང་བ་ཡོད།   ཡིན་ཡང་འདི་ནི་ད་ཆ་ངས་འདོད་པའི་དོན་དེ་རེད།   ཁོས་ཤིན་ཏུ་བདེ་མོའི་ངང་ཁ་ལོ་བསྒྱུར་ཐབས་ཀྱི་ལས་ལ་འཇགས་ཐབས་བྱས།   ཁོའི་ན་ཟུག་ལས་ཁོ་ཤི་མེད་པ་དེ་ཁོས་ཤེས།

ཁོས་གྲོང་ཁྱེར་གྱི་གློག་འོད་ཚུར་ཤར་བ་དེ་མཐོང་ཞིང་།   དེ་ཏན་ཏན་དགོང་མོའི་ཆུ་ཚོད་བཅུ་པ་ཙམ་ལ་ཡིན་རྒྱུ་རེད།   ཟླ་བ་མ་ཤར་གོང་ལ་དེ་ཚོ་ནི་ཐོག་མར་ནམ་མཁར་ཡོད་པའི་འོད་ལྟ་བུ་ཞིག་ཏུ་མཐོང་།   དེ་ནས་དེ་ཚོ་ནི་རྒྱ་མཚོའི་མཐའ་ན་ཡོད་པ་རྟག་ཏུ་མཐོང་ལ།   ད་ཆ་རླུང་འཚུབ་པའི་རྐྱེན་གྱིས་རྒྱ་མཚོ་ཡང་རྩུབ་པོ་ཞིག་རེད།   ཁོས་གློག་འོད་ཀྱི་ཁྲོད་དུ་ཁ་བསྒྱུར་ཅིང་།   ད་ནས་མྱུར་དུ་ཁོས་རྒྱ་མཚོའི་རྒྱུ་མཚམས་ཀྱི་མཐའ་ལ་སྙོབ་ཀྱི་རེད་བསམས།

ད་ནི་འདི་གྲུབ་པ་རེད།   ཁོས་བསམས།  གཅིག་བྱས་ན།   ཡང་བསྐྱར་ཁོང་ཚོ་ངའི་སྟེང་ལ་མཆོངས་ཀྱི་རེད།   ཡིན་ན་ཡང་།  མུན་ནག་གི་ཁྲོད་དུ་མཚོན་ཆ་གང་ཡང་མེད་པའི་མི་ཞིག་གིས་ཁོང་ཚོ་ལ་ཅི་ཞིག་བྱེད་ཐུབ།

ད་ནི་ཁོ་འཁུམས་ཤིང་ཟུག་གཟེར་ལངས།   མཚན་མོའི་གྲང་ངར་གྱི་དབང་གིས་ཁོའི་གཟུགས་པོའི་ཆ་ཤས་ཆག་བརྒྱབ་ཡོད་ཚད་དང་རྨ་ཁ་རྣམས་ལ་ཟུག་གཟེར་ལངས།   ངས་ཁོང་ཚོ་མཉམ་དུ་འཛིང་མི་དགོས་པ་ཞིག་ལ་རེ་བ་བྱེད།   ཁོས་བསམས།  ང་ཁོང་ཚོ་དང་མཉམ་དུ་ཡང་བསྐྱར་འཛིང་མ་དགོས་པ་ཤོག་ཅེས་རེ་བ་ཆེན་པོ་བྱེད།

ཡིན་ན་ཡང་ནམ་གུང་ཙམ་ལ་ཁོ་འཛིང་།   ཐེངས་འདིར་ཁོས་འཛིང་བ་ལ་ནི་བེད་སྤྱོད་མེད་པ་ཡིན་པ་ཤེས།   ཁོང་ཚོ་ཁྱུ་དང་ཁྱུ་བྱས་ཏེ་ཡོང་།   ཁོང་ཚོའི་ཟེ་བའི་གཤོག་པས་ཆུའི་ནང་དུ་བཟོས་པའི་ཐིག་ཤར་དང་ཁོང་ཚོ་རང་རང་ཉ་ཡི་སྟེང་མཆོངས་པ་ལས་བྱུང་བའི་འོད་འཚེར་བ་ཙམ་ཞིག་རྒད་པོས་མཐོང་ཐུབ།   ཁོས་ལག་དབྱུག་གིས་མགོ་ལ་གཞུས་ཤིང་འགྲམ་སོས་ཤ་བཅད་པ་ཐོས།   ཁོང་ཚོས་འོག་ནས་ཉ་ལ་འཇུས་པ་བཞིན་གྲུ་ཆུང་ཡང་འདར་སིག་སིག་བྱེད།   ཁོས་རང་ཉིད་ཀྱིས་གོ་བ་དང་ཚོར་བ་ཙམ་ཞིག་བྱེད་ཐུབ་ས་དེ་ལ་འུ་ཐུག་གི་ངང་ནས་ལག་དབྱུག་གིས་གཞུས།   ཁོའི་ལག་དབྱུག་དེ་ཅིག་གིས་བཟུང་བ་ཚོར་ཞིང་དེ་ནས་དེ་བོར།

ཁོས་ཧོབ་འཐེན་ཞིག་བྱས་ཏེ་གྲུའི་དཀྱུ་དབྱུག་དེ་གྲུ་དཀྱུའི་པང་ལེབ་ཀྱི་གཟོང་ལས་བཏོན་ཅིང་།   དེ་ལ་ལག་པ་གཉིས་ཆས་བཟུང་ཞིང་ཡར་བཀྱགས་ནས་མར་ཡང་ཡང་རྡུང་ཞིང་རྡེག ཡིན་ན་ཡང་ཁོང་ཚོ་ནི་ད་ཆ་གྲུའི་མདུན་སྣེའི་བར་ལ་སླེབས་ཡོད་ཅིང་།   གཅིག་གི་རྗེས་ལ་གཅིག་ཡོང་བ་དང་།   ཡང་མཉམ་དུ་ཡོང་ནས་ཤ་དུམ་བུ་དུམ་བུ་བཅད་ཅིང་།   ཁོང་ཚོ་བསྐོར་བ་ཞིག་བྱས་ནས་ཡང་བསྐྱར་ཐེངས་ཤིག་ཡོང་སྐབས་དེ་ལ།   ཤ་དུམ་གྱི་འོད་དག་ནི་རྒྱ་མཚོའི་འོག་ནས་མངོན།

མཐའ་མ་དེར་ཡང་བསྐྱར་གཅིག་མགོ་ཤ་ལ་དམིགས་ནས་ཡོང་།   ཁོས་ལས་ཀ་འདི་གྲུབ་ཟིན་པ་ཤེས།   ཁོས་ཉ་ཤྲག་གི་མགོ་ཡོད་ས་ལ་གྲུའི་དཀྱུ་དབྱུག་འཕྲེད་དུ་གཡུགས་ཏེ་གཞུས།   དེ་ན་ཁོའི་མཆེ་བ་ཡིས་མི་ཆོད་པའི་ཉ་ཡི་མགོ་ལྗིད་ཆེ་བའི་ཆ་དེར་སོ་བཏབ་ནས་འདུགཁོས་དེར་ཐེངས་གཅིག་དང་གཉིས་དང་ཡང་བསྐྱར་གཞུས།   ཁོས་དཀྱུ་དབྱུག་ཆག་པ་ཐོས།   ཁོས་དབྱུག་པ་ཆག་ཏོ་དེས་ཉ་ཤྲག་ལ་བསྣུན།   ཁོས་དེ་ནང་ལ་འཛུལ་བ་ཞིག་ཚོར།   ཁོས་དེའི་རྩེ་རྣོན་པོ་ཡིན་པ་ཤེས་རྗེས་ཡང་བསྐྱར་ནང་ལ་དེད།   ཉ་ཤྲག་དེས་ཤ་གློད་ནས་ཕར་རིལ་ནས་སོང་།   དེ་ནི་ཉ་ཤྲག་ཁྱུ་གཅིག་སླེབས་པའི་མཐའ་མ་དེ་རེད།   འདི་ན་ཁོང་ཚོ་ལ་ཟ་རྒྱུ་གང་ཡང་ལྷག་མི་འདུག

ད་ནི་རྒད་པོས་དབུགས་ཀྱང་ལེན་དཀའ་བའི་ཚོད་དུ་འདུགཁོས་རང་གི་ཁའི་ནང་དུ་བྲོ་བ་ཁྱད་མཚར་ཞིག་ཚོར།  དེ་ལ་ནི་ཟངས་ཀྱི་དྲི་མ་ཅན་གྱི་མངར་མོ་ཞིག་རེད།   ཁོ་སྐད་ཅིག་གི་རིང་དེ་ལ་སྐྲགཡིན་ཡང་དེ་མང་པོ་མི་འདུག

ཁོས་རྒྱ་མཚོ་ལ་མཆིལ་མ་འཕངས།   “གཱ་ལཱ་ནོ།   ཁྱེད་ཀྱིས་འདི་ཟོ་ལ།   མི་གཅིག་བསད་པའི་རྨི་ལམ་ཐོངས།”

ད་ཆ་མཐའ་མཇུག་ཏུ་ཁོ་ཕམ་ཡོད་པ་ཤེས་ཤིང་།   བཅོས་ཐབས་ཀྱང་མེད།   ཁོ་གྲུ་མཇུག་ཏུ་ཕྱིན།   གྲུའི་དཀྱུ་དབྱུག་ཆག་རོ་རྣོན་པོ་དེ་རྙེད་ཅིང་དེ་གྲུ་དཀྱུའི་པང་ལེབ་ཀྱི་ཨི་ཁུང་ནང་ཏག་ཏག་འགྲོ་གི་འདུག་ལ།   གྲུའི་ཁ་བསྒྱུར་ཆེད་ལ་འགྲིག་ངེས་སུ་འདུགཁོས་སྒྱེ་སྣོད་ཀྱིས་རང་གི་ཕྲག་པ་བཀབ་ཅིང་གྲུ་ཆུང་དེ་རང་གི་བགྲོད་ལམ་ལ་བསྐོར།   ཁོས་ད་ཆ་གྲུ་འདི་ཡང་མོར་གཏོང་གི་ཡོད་ལ།   ཁོ་ལ་བསམ་རྒྱུ་དང་ཚོར་རྒྱུའི་རིགས་གང་ཡང་མི་འདུགད་ཆ་ཁོ་དོན་ཚང་མ་ལས་ཐར་ཟིན་པ་རེད།   ཁོས་རང་གི་ཐུབ་ཚོད་ཀྱིས་སྤྱང་གྲུང་དོད་པོའི་ངང་གྲུ་ཆུང་དེ་རང་གི་ཁྱིམ་ཡོད་སའི་མཚོ་འགག་ལ་བཏང་།   མི་གཅིག་གིས་ཅོག་ཙེ་ལས་ཟས་ལྷག་སྒྲུག་པ་བཞིན་མཚན་མོའི་སྐབས་སུ་ཉ་ཤྲག་དག་གིས་རུས་པ་ལ་སོ་བརྒྱབ།   རྒད་པོས་དེ་ཚོ་ལ་དོ་སྣང་མ་བྱས།   གྲུའི་ཁ་ལོ་བསྒྱུར་བ་མ་གཏོགས་གཞན་གང་ལ་ཡང་དོ་སྣང་མ་སྤྲད།   ད་ཆ་གྲུ་ཆུང་མའི་འཁྲིས་ན་ལྗིད་ཆེ་བ་གང་ཡང་མེད་སྟབས་གྲུ་ཆུང་མ་ཇི་འདྲའི་ཡང་མོ་དང་བདེ་མོར་བསྐྱོད་ཀྱི་ཡོད་པ་ཁོ་ན་དོ་སྣང་བྱུང་།

གྲུ་ཆུང་མ་ནི་བཟང་།   ཁོས་བསམས།  གྲུའི་དཀྱུ་དབྱུག་མ་གཏོགས་གྲུ་ཆུང་བདེ་ཞིང་གནོད་སྐྱོན་གང་ཡང་བྱུང་མེད་ལ།   དཀྱུ་དབྱུག་ནི་ལས་སླ་བོར་བརྗེ་པོ་བརྒྱབ་ཆོག

ཁོ་རྒྱ་མཚོའི་རྒྱུ་བའི་ནང་ལོགས་ལ་སླེབས་ཟིན་པ་དེ་ཁོས་ཚོར་ཐུབ་ལ།   ཁོས་མཚོ་འགྲམ་དུ་ཡོད་པའི་གཞིས་ཆགས་རྣམས་ཀྱི་གློག་འོད་དེ་མཐོང་ཐུབ།   ད་ཆ་ཁོས་ཁོ་གང་དུ་ཡོད་མེད་ཤེས་ཤིང་།   ཁྱིམ་ལ་ལོག་རྒྱུ་ལ་དཀའ་ངལ་གང་ཡང་མེད།   

གང་ལྟར་ཡང་རླུང་བུ་ནི་ང་ཚོའི་གྲོགས་པོ་རེད།   ཁོས་བསམས།  དེ་ནས་ཁོས་ མཚམས་མཚམས་ལ་ ཞེས་སྣོན་པ་བཏབ།   རྒྱ་མཚོ་ཆེན་པོ་ནི་ང་ཚོའི་གྲོགས་པོ་དང་ང་ཚོའི་དགྲ་བོ་གཉི་གའི་མཉམ་དུ་ཡོད།   ཉལ་ཁྲི་ནི།  ཁོས་བསམས།   ཉལ་ཁྲི་ནི་ངའི་གྲོགས་པོ་རེད།   ཉལ་ཁྲི་ཁོ་ན།   ཁོས་བསམས།  ཉལ་ཁྲི་དེ་ཅ་ལག་ཡག་ཤོས་ཤིག་ཡིན་རྒྱུ་རེད།  ཁྱེད་རང་ཕམ་ཟིན་པའི་སྐབས་སུ་ཉལ་ཁྲི་ལས་སླ་བོ་རེད།   ཁོས་བསམས།  ངས་དེ་ཅི་འདྲའི་ལས་སླ་བོ་ཞིག་ཡིན་པ་གཏན་ནས་མ་ཤེས།   ཁྱོད་ཅི་ཞིག་གིས་ཕམ་པ་རེད།   ཁོས་བསམས།

“གང་གིས་ཀྱང་མ་རེད།” ཁོས་སྐད་ཆེན་པོས་བཤད།   “ང་ཆེས་ཐག་རིང་ས་ལ་ཕྱིན་པ་རེད།”

ཁོས་གྲུ་འགག་ཆུང་ཆུང་དེའི་ནང་གྲུ་བཏང་སྐབས་སྡིངས་ཆའི་ཐོག་གློག་ཟུམ་ཡོད་ལ།   ཁོས་མི་ཚང་མ་ཉལ་ཚར་བ་ཤེས།   བསིལ་རླུང་དེ་བསྟུད་མར་ལྡང་ཡོད་ཅིང་ད་ནི་ཤུགས་ཀྱིས་གཡུགས་བཞིན་འདུག་མོད།   གྲུ་ཁ་དེ་ཧ་ཅང་ཁུ་སིམ་མེར་འདུགཁོས་རྡོ་ཕ་བོང་གི་འོག་ན་རྡོ་ཧྲུག་གི་ཐང་ཆུང་ཞིག་ཡོད་ས་དེར་གྲུ་བཏང་།   དེ་ལ་ཁོར་རོགས་པ་བྱེད་མཁན་གཅིག་ཀྱང་མེད་བརྟེན་ཁོས་རང་གི་ཐུབ་ཚོད་ཀྱིས་གྲུ་དེ་ཡར་དེད།   དེ་ནས་ཁོ་གྲུའི་ཕྱི་ལོགས་ལ་གོམ་པ་སྤོས་ནས་གྲུ་དེ་རྡོ་ཕ་བོང་ཞིག་ལ་བཏགས།   

ཁོས་གྲུ་དར་མར་ཕབ་ནས་དར་ཤིང་ལ་དཀྲིས་ཤིང་བསྡམས།   དེ་ནས་ཁོས་དར་ཤིང་དེ་ཕྲག་པར་འཁུར་ནས་ཡར་འགོ་མགོ་བརྩམས།   དེ་ནས་ཁོས་ཁོ་ཅི་ཙམ་ཐང་ཆད་པའི་ཚོད་དེ་ཤེས།   ཁོ་སྐད་ཅིག་གི་རིང་འགྲོ་མཚམས་བཞག་ནས་རྒྱབ་ལ་བལྟས།   སྲང་ལམ་གྱི་གློག་འོད་འོག་ནས་ཁོས་གྲུ་མཇུག་གི་ཐད་ན་ཉ་ཡི་མཇུག་མ་རླབས་ཆེན་དེ་ཡར་བསྒྲེངས་པ་མཐོང་ལ།   དཀར་པོ་དཀར་རྐྱང་ཡིན་པའི་རྒྱབ་རུས་ཀྱི་ཐིག་ཕྲེང་དང་།   སྣ་གྲི་རིང་མོ་ཕྱིར་བཏོན་པའི་མགོ་ནག་པོ་ཧྲིལ་པོ།   དེ་དག་གི་བར་ན་རྗེན་མར་བཏོན་པའི་རུས་པ་རྣམས་མཐོང་།

ཁོ་ཡང་བསྐྱར་འཛེགས་མགོ་བརྩམས།   ལ་རྩེར་སླེབས་པ་དང་ཁོ་འགྱེལ།   དར་ཤིང་ཕྲག་པར་ཁུར་ཁུར་ལ་ཅུང་ཙམ་གྱི་རིང་ལ་དེར་ཉལ།   ཁོ་ཡར་ལངས་རྩིས་བྱས་མོད་དེ་ནི་ཤིན་ཏུ་ནས་དཀའ་བ་ཞིག་རེད།   དར་ཤིང་ཕྲག་པར་ཁུར་ཁུར་ནས་དེར་ཡུད་ཙམ་རིང་ས་ལ་བསྡད་དེ་ལམ་ཁ་ལ་བལྟས།   ཞི་མི་གཅིག་ཕར་ཕྱོགས་ཐག་རིང་ས་ཞིག་ནས་རང་གི་ལས་ཀ་བྱེད་པར་སོང་།   རྒད་པོས་དེ་ལ་བལྟས།   དེ་ནས་ཁོས་ལམ་ཁ་ཁོ་ན་ལ་བལྟས།

མཐའ་མ་དེར་ཁོས་དར་ཤིང་ཐང་ལ་བཞག་ནས་ཡར་ལངས།   དར་ཤིང་ཡར་བཀྱགས་ཏེ་རང་གི་ཕྲག་པའི་སྟེང་བཞགལམ་ཁ་དེད་ནས་ཡར་སོང་།   ཁོའི་ཤིང་ཁང་ལ་མ་སླེབས་བར་དུ་ཁོ་ཐེངས་ལྔ་ལ་མར་སྡོད་དགོས་བྱུང་།

ཤིང་ཁང་ནང་དུ་ཁོས་དར་ཤིང་རྩིག་པ་ལ་སྙེས།   ནག་ཁུང་ནང་ཁོས་ཆུ་ཡོད་པའི་ཤེལ་དམ་རྙེད།   ཆུ་ཧུབ་གཅིག་འཐུང་།   དེ་ནས་ཉལ་ཁྲིའི་སྟེང་ཉལ།   ཉལ་ཆས་རང་གི་ཕྲག་པ་བར་དུ་འཐེན།   དེ་ནས་རང་གི་རྒྱབ་དང་རྐང་པའི་ཐོག་བཀབ།   ཁོ་ཚགས་པར་ཐོག་གདོང་བསྟན་ནས་ཉལ།   ལག་པ་གཉིས་ཐད་ཀར་བརྐྱངས་འདུག་ཅིང་ལག་མཐིལ་གཉིས་ཀྱི་ཁ་ཡར་བསྟན་འདུག

ཞོགས་ཀར་བུ་ཆུང་གིས་སྒོ་ནང་ནས་ཡར་བལྟས་སྐབས་ཁོ་གཉིད་ཁུག་འདུགདེ་དུས་རླུང་ཆེན་པོ་ལྡང་བཞིན་ཡོད་སྟབས་གཡོར་གྲུ་རྣམས་འགྲོ་གི་མ་རེད།   བུ་ཆུང་ཕྱི་པོར་ཉལ།   དེ་ནས་ཁོ་ཞོགས་པ་རེ་རེ་བཞིན་ཡོང་བ་ལྟར་རྒད་པོའི་ཤིང་ཁང་ལ་ཡོང་།   བུ་ཆུང་གིས་རྒད་པོས་དབུགས་ལེན་གྱི་ཡོད་པ་མཐོང་།   དེ་ནས་རྒད་པོའི་ལག་པ་གཉིས་མཐོང་ནས་ཁོ་ངུས།   ཁོ་འཚིག་ཇ་ལེན་ཕྱིར་ཧ་ཅང་ཁུ་སིམ་སིམ་ངང་ཕྱི་ལ་ཐོན།   མར་ལམ་ཚང་མ་ལ་ཁོ་ངུས་ནས་སོང་།

ཉ་པ་མང་པོས་གྲུ་ཆུང་གི་མཐའ་བསྐོར་ནས་དེའི་གཞོགས་གཅིག་ལ་བཏགས་ཡོད་པ་གང་ལ་ལྟ་གིན་འདུགམི་གཅིག་ཆུའི་ནང་ལ་འདུག་ཅིང་།   ཁོས་རྐང་སྣམ་བརྫེས་ནས་ཐག་པ་རིང་པོ་ཞིག་གིས་ཉ་ཡི་རུས་པའི་རིང་ཚད་འཇལ་བཞིན་འདུག

“ཁོ་གང་འདྲ་འདུག” ཉ་པ་ཞིག་གིས་སྐད་བརྒྱབ་ནས་བཤད།

“གཉིད་ཁུག་འདུག” བུ་ཆུང་གིས་སྐད་བརྒྱབ།   ཁོས་ཁོ་རང་ངུ་གི་ཡོད་པ་མིས་མཐོང་བ་ལ་ཡང་དོ་སྣང་མ་བྱས།   “སུ་གཅིག་གིས་ཀྱང་ཁོ་ལ་བར་ཆད་མ་བྱེད།”

“ཁོའི་སྣ་རྩེ་ནས་མཇུག་མ་བར་དུ་ཁྲུ་བཅོ་བརྒྱད་འདུག” ཚད་མཇལ་མཁན་གྱི་ཉ་པ་དེས་སྐད་བརྒྱབ།

“ང་དེ་ལ་ཡིད་ཆེས་ཡོད།” བུ་ཆུང་གིས་བཤད།

ཁོ་སྡིངས་ཆའི་ཐོག་ཕྱིན་ནས་འཚིག་ཇ་ལྕགས་ཕོར་གཅིག་མངགས།

“ཀ་ར་དང་འོ་མ་མང་པོ་བླུགས་པའི་ཚ་པོ་ཞིག”

“དེ་ལས་གཞན་དགོས་སམ།”

“མི་དགོས།   རྗེས་ལ་ངས་ཁོས་ག་རེ་ཟ་ཐུབ་ཀྱི་ཡོད་མེད་ལ་ལྟ་གི་ཡིན།”

“དེ་ཅི་འདྲའི་ཉ་ཞིག་རེད་ཨང་།” ཇ་ཁང་སྦྱིན་བདག་གིས་བཤད།   “ད་བར་དུ་ཉ་དེ་འདྲ་ཞིག་ཡོད་མ་མྱོང་།   ཁྱེད་རང་གིས་ཁ་སང་འཁྱེར་བའི་ཉ་དེ་གཉིས་ཀྱང་ཉ་བདེ་མོ་གཉིས་རེད།”

“རོ་ཟ།   ངའི་ཉ།” བུ་ཆུང་གིས་བཤད།   ཁོ་ཡང་བསྐྱར་ངུ་མགོ་བརྩམས།

“ཁྱེད་རང་ལ་འཐུང་རྒྱུ་འདྲ་དགོས་སམ།”སྦྱིན་བདག་གིས་དྲིས།

“མི་དགོས།” བུ་ཆུང་གིས་བཤད།   “ཁོང་ཚོ་ལ་སེན་ཊི་ཡ་གོ་ལ་བརྙས་བཅོས་མ་བྱེད་ཅེས་ཤོད།   ང་ཕྱིར་ཡོང་གི་ཡིན།”

“ངས་ཅི་ཙམ་ཞིག་གིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ་ཁོ་ལ་ཤོད་དང་།”

“ཐུགས་རྗེ་ཆེ།” བུ་ཆུང་གིས་བཤད།

བུ་ཆུང་གིས་འཚིག་ཇ་ཚ་པོ་ལྕགས་ཕོར་གཅིག་དེ་ཡར་རྒད་པོའི་ཤིང་ཁང་ལ་འཁྱེར།   ཁོ་གཉིད་ལས་མ་སད་ཀྱི་བར་དུ་འཁྲིས་དེར་བསྡད།   ཐེངས་གཅིག་ཁོ་གཉིད་ལས་སད་ཀྱི་ཡོད་པ་འདྲ་ཞིག་མཐོང་།   ཡིན་ན་ཡང་ཁོ་ཡང་བསྐྱར་གཉིད་མཐུག་པོའི་ནང་སོང་།   བུ་ཆུང་ཁ་གཏད་ཀྱི་སྲང་ལམ་དུ་འཚིག་ཇ་ཚ་བོ་བཟོ་ཆེད་མེ་ཤིང་གཡོར་བར་ཕྱིན།   

མཐའ་མ་ལ་རྒད་པོ་གཉིད་ལས་སད།

“ཡར་མ་ལངས།” བུ་ཆུང་གིས་བཤད།   “འདི་འཐུང་དང་།”

ཁོས་འཚིག་ཇ་ཅུང་ཟད་ཅིག་ཤེལ་ཕོར་ནང་བླུགས།

རྒད་པོས་དེ་བླངས་ནས་འཐུང་།

“མཱ་ནོ་ལིན།   དེ་ཚོས་ང་ཕམ་བཅུག་སོང་།” ཁོས་བཤད།   “དེ་ཚོས་དངོས་གནས་ང་ཕམ་བཅུག་སོང་།”

ཁོས་ཁྱོད་ཕམ་བཅུག་པ་མ་རེད།   ཉ་དེས་མ་རེད།”

“མ་རེད།   དངོས་གནས་མ་རེད།   དེ་ནི་དེའི་རྗེས་ལ་བྱུང་བ་རེད།”

“པེ་ཌི་རི་ཁོ་ཡིས་གྲུ་ཆུང་དང་ཅ་ལག་ལ་ལྟ་རྟོག་བྱེད་གིན་འདུགཁྱེད་ཀྱིས་མགོ་དེས་ཅི་ཞིག་བྱེད་བསམས་ཡོད།”

“པེ་ཌི་རི་ཁོ་ལ་དེ་གཏུབས་བཅུག་ནས་ཁོ་ལ་ཉ་རྒྱའི་ནང་བེད་སྤྱོད་བྱེད་དུ་ཆུགས།”

“གྲི་སྣ་རིང་མོ།”

“ཁྱོད་ལ་དགོས་ན་ཁྱོད་ཀྱིས་བཟུང་།”

“ང་ལ་དགོས།” བུ་ཆུང་གིས་བཤད།   “ད་ང་ཚོས་དོན་དག་གཞན་རྣམས་ཀྱི་ཆེད་དུ་ང་ཚོའི་འཆར་གཞི་བཟོ་དགོས།”

“ཁོང་ཚོས་ང་བཙལ་སོང་ངམ།”

“ལོས་བཙལ།   མཚོ་དམག་དང་གནམ་གྲུ་ཡིས།”

“རྒྱ་མཚོ་ནི་ཤིན་ཏུ་ཆེ་ལ་གྲུ་ཆུང་ཤིན་ཏུ་ཆུང་སྟབས་མཐོང་དཀའ་བ་རེད།” རྒད་པོས་བཤད།   ཁོས་རྒྱ་མཚོ་དང་རང་ཉིད་ལ་སྐད་ཆ་ཤོད་རྒྱུའི་ཚབ་ཏུ་མི་ཞིག་ལ་སྐད་ཆ་བཤད་ས་ཡོད་པ་དེ་ཅི་འདྲའི་དགའ་སྣང་དང་ལྡན་པ་ཞིག་ཡིན་པ་ལ་དོ་སྣང་བྱུང་།   “ངས་ཁྱེད་རང་དྲན་བྱུང་།” ཁོས་བཤད།   “ཁྱེད་རང་གིས་ག་རེ་བཟུང་བ་ཡིན།”

“ཉི་མ་དང་བོ་ལ་གཅིགཉི་མ་གཉིས་པ་ལ་གཅིགགསུམ་པ་ལ་གཉིས།”

“དཔེ་ཡག་པོ་འདུག”

“ད་ང་ཚོ་མཉམ་དུ་ཉ་འཛིན་དུ་འགྲོ”

“མིན།   ང་བསོད་ནམས་ཅན་མ་རེད།   ད་ཕྱིན་ཆད་ང་ལ་བསོད་ནམས་ཅི་ཡང་མི་འདུག”

“བསོད་ནམས་དམྱལ་བ་དེ།” བུ་ཆུང་གིས་བཤད།   “ངས་བསོད་ནམས་ངའི་མཉམ་དུ་འཁྱེར་ཡོང་།”

“ཁྱོད་ཀྱི་ཁྱིམ་ཚང་གིས་ཅི་ཟེར།”

“ངས་དེ་ལ་ཁ་ཡ་མི་བྱེད།   ངས་ཁ་སང་གཉིས་བཟུང་བ་ཡིན།   ཡིན་ན་ཡང་ད་ནི་ང་གཉིས་མཉམ་པོར་ཉ་འཛིན་ལ།   དེ་ཡང་ངས་ད་དུང་ཁྱོད་ལས་སྦྱང་རྒྱུ་མང་པོ་འདུག”

“ང་ཚོ་ལ་ཉ་མདུང་རིང་པོ་ཡག་པོ་ཞིག་དགོས་ཀྱི་འདུག་ལ།   དེ་ནམ་རྒྱུན་གྲུའི་ནང་ལ་འཁྱེར་དགོས།   ཁྱེད་ཀྱིས་རླངས་འཁོར་ཕོར་ཌི་རྙིང་པ་ཡི་ལྡེམ་ལྕགས་ལེབ་མོ་ལས་མདུང་གྲི་བཟོ་ཆོགང་ཚོས་གུ་ན་བཱ་གོ་བའི་གྲོང་སྡེ་[40]རུ་དེ་རྡུང་ཆོགལྕགས་དེ་རྣོན་པོ་དང་རྣོ་ངར་མ་སྤྲད་པ་ཞིག་དགོས།  དེ་ལྟར་ཡིན་ན་ལྕགས་ལེབ་དེ་ཆག་གི་རེད།  ངའི་གྲི་ཆག་སོང་།”

“ངས་གྲི་གཞན་པ་ཞིག་ཐོབ་པ་བྱེད་ལ་ལྡེམ་ལྕགས་དེ་ཡང་རྡུང་ཆོགཉི་མ་ག་ཚོད་ལ་ང་ཚོར་རླུང་ཆེན་པོ་ཡོད་རེད།”

“གཅིག་བྱས་ན་གསུམ།   གཅིག་བྱས་ན་དེ་ལས་མང་བ།”

“ངས་ཚང་མ་གྲ་སྒྲིག་བྱས་ནས་འཇོག་གི་ཡིན།”བུ་ཆུང་གིས་བཤད།   “རྒད་པོ།   ཁྱེད་ཀྱིས་ལག་པ་རྣམས་དྲག་བཅུག་དང་།”

“ངས་དེ་ཚོ་ལ་བདག་ཇི་ལྟར་བྱེད་དགོས་པ་ཤེས།  མཚན་མོའི་སྐབས་སུ་ངས་ཁྱད་མཚར་ཞིག་མཆིལ་མས་འཕངས་ལ།   ངའི་བྲང་ཁོག་ནས་ཅིག་ཆག་པ་ཚོར།”

“དེ་ཚོ་ཡང་དྲག་ཆུགས།” བུ་ཆུང་གིས་བཤད།   “རྒད་པོ།   མར་ཉོལ།   ངས་ཁྱེད་ལ་ཁྱེད་ཀྱི་སྟོད་ཐུང་གཙང་མ་དེ་འཁྱེར་ཡོང་ལ།   ཟ་རྒྱུ་ཞིག་ཀྱང་འཁྱེར་ཡོང་།”

“ང་སོང་ཤུལ་གྱི་དུས་ཚོད་རིང་གི་ཚགས་པར་ཡང་འཁྱེར་ཤོག” རྒད་པོས་བཤད།

“ང་ལ་སྦྱང་རྒྱུ་མང་པོ་འདུག  བྱས་ཙང་ཁྱེད་རང་ངེས་པར་གང་མྱུར་གྱིས་དྲགས་པ་བྱེད་རོགས།   ཁྱེད་ཀྱིས་ང་ལ་ཚང་མ་སློབ་ཐུབ།   ཁྱེད་ཀྱིས་སྡུག་བསྔལ་ཅི་ཙམ་མྱངས་སོང་།”

“མང་པོ།” རྒད་པོས་བཤད།

“ངས་ཟ་རྒྱུ་ཞིག་དང་ཚགས་པར་འཁྱེར་ཡོང་།”བུ་ཆུང་གིས་བཤད།   “རྒད་པོ།   ངལ་གསོ་ཡག་པོ་བྱོས་དང་།   ངས་སྨན་བཙོང་ས་ནས་ཁྱེད་ཀྱི་ལག་པ་ལ་སྨན་ཆས་འཁྱེར་ཡོང་།”

“པེ་ཌི་རི་ཁོ་ལ།   མགོ་དེ་ཁོའི་ཡིན་ཞེས་བཤད་རྒྱུ་མ་བརྗེད་ཨ།”

“མི་བརྗེད།   ངས་དྲན་གྱི་འདུག”

བུ་ཆུང་སྒོ་ནས་ཐོན་ཏེ་བྱི་རུའི་རྡོ་བའི་ལམ་ཕྲན་ཟད་པོ་དེ་དེད་ནས་མར་འགྲོ་སྐབས་ཡང་བསྐྱར་ངུ་གི་འདུག

དེའི་ཕྱི་དྲོ་དེ་ལ་སྡིངས་ཆའི་སྟེང་ལྟ་སྐོར་བ་ཚོའི་ཐུགས་སྤྲོ་ཞིག་འདུག  བུད་མེད་གཅིག་གིས་མ་གིའི་ལྦུ་ཆང་གི་ཤེལ་དམ་སྟོང་པ་དང་ ཉ་བ་ར་ཀུ་ད[41]འི་རོས་ཁེངས་པའི་དཀྱིལ་ལ་བལྟས་སྐབས།   གྲུ་འགག་གི་འགྲོ་ལམ་བརྒལ་ཙམ་གྱི་རྒྱ་མཚོའི་ནང་ཤར་རླུང་ཤུགས་ཀྱིས་ལྡང་བའི་ཁྲོད་ན་རླབས་ཆེན་གྱི་སྒལ་ཚིགས་དཀར་ལ་རིང་བ་མཇུག་མ་ཆེན་པོ་དང་བཅས་པ་ཞིག་རྒྱ་མཚོའི་རླབས་དང་བསྡོངས་ནས་གཡོ་ཞིང་འགྱོགས་བཞིན་པ་མཐོང་།   

“དེ་ག་རེ་རེད།” མོས་ཟ་ཁང་ཞབས་ཞུ་བ་ལ་དྲིས་ཤིང་།   ད་ནི་རྒྱ་མཚོའི་རླབས་དང་བསྡོངས་ནས་གད་སྙིགས་ཁྲོད་འགྲོ་རྒྱུར་སྒུག་བཞིན་པའི་རླབས་ཆེ་བའི་ཉ་ཡི་རྒྱབ་རུས་རིང་མོ་ལ་མཛུབ་མོ་བཙུགས།

“ཏཱི་བུ་རོན།[42]” ཞབས་ཞུ་བས་བཤད།   “ཨི་ཤྲག” ཁོས་དོན་དག་ཅི་ཞིག་བྱུང་བ་དེ་ལ་འགྲེལ་བཤད་བྱེད་སླད་དེ་ལྟར་བཤད།

“ངས་ཉ་ཤྲག་ལ་འདི་འདྲའི་སྙིང་རྗེ་ཞིང་བཀོད་པ་ལེགས་པའི་མཇུག་མ་ཡོད་པ་མ་ཤེས།”

“ངས་ཀྱང་མ་ཤེས།” མོའི་ཟླ་བོ་བུ་དེས་བཤད།

ལམ་གྱི་ཡར་སྟོད་ན།   ཁོའི་ཁང་ཆུང་དུ།   རྒད་པོ་ཡང་བསྐྱར་གཉིད་ལ་རོལ།   ཁོ་ད་དུང་ཡང་གདོང་སྔས་མགོ་ལ་སྦྱར་ནས་ཉལ་འདུག་ལ།   བུ་ཆུང་ཁོའི་འཁྲིས་ལ་བསྡད་ནས་ཁོ་ལ་བལྟ་བཞིན་འདུགརྒད་པོས་སེང་གེའི་སྐོར་ལ་རྨི་ལམ་གཏོང་བཞིན་འདུག

རྫོགས་སོ།།

དགེ་འདུན་རབ་གསལ་གྱིས་ཕྱི་ལོ་༢༠༠༥ཟླ་༡༡ཚེས་༡༡རེས་གཟའ་པ་སངས་ཉིན་བསྒྱུར་གྲུབ་པའོ།།  ༢༠༡༣ ལོའི་ཟླ་ ༦ ཚེས་ ༥ ཉིན་འགྱུར་བཅོས་དང་བཅས་ཞུས་དག་གྲུབ་པོ།།

རྩོམ་པ་པོའི་མི་ཚེ།

ཨར་ནེསྚི་ཧེ་མིང་ཝེ་ནི་ཕྱི་ལོ་༡༨༩༩ལོར་ཨ་རིའི་མངའ་སྡེ་ཨི་ལིས་ནོ་ཞེས་པའི་ཨོག་པར་ཀི་ཞེས་པའམ་བེ་ཤིང་གླིང་ག་ཞེས་པར་སྐྱེས།   ༡༩༡༧ལོར་ཀེན་ས་སི་གྲོང་ཁྱེར་གྱི་སྐར་མ་ཞེས་པའི་ཚགས་པར་ཐོག་རང་གི་ཆེད་ལས་ཀྱི་རྩོམ་ཡིག་འབྲི་མགོ་བཙུགས།   འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ།   ཨི་ཊ་ལིའི་གཡུལ་ས་རུ་ཁོང་གིས་སྨན་བཅོས་རླངས་འཁོར་གྱི་ཁ་ལོ་པ་བྱེད་པའི་དྭང་བླངས་ལས་ཀ་བྱས་མོད།   རྐང་དམག་དང་ལྷན་དུ་ཞབས་ཞུ་ཞུ་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཁྱིམ་དུ་སྡོད་དགོས་ཤར་པ་རེད།    ༡༩༢༡ལོར་ཧེ་མིང་ཝེ་    ཕ་རན་སིའི་གྲོང་ཁྱེར་པེ་རེ་སི་རུ་གཞིས་སྡོད་བྱས་ཤིང་།   དེར་ཁོང་ནི་  གཱེར་ཊི་རུ་ཌི་སི་ཏའེན་(Gertrude Stein)དང་།   ཨེ་ཧྥི་སི་ཀོ་ཊ་ཧྥི་ཊི་ཟ་གེ་རལ་ཌི(F Scott Fitzgerald)།   ཨི་ཛ་ར་པོན་ཌི(Ezra Pound)།   ཕོར་ཌི་མེ་ཌོ་སེ་ཕོར་ཌི་(Ford Maddox Ford)བཅས་ཀྱི་ཨ་རིའི་ཡུལ་གྱར་བའི་ཁྱུ་ཚོགས་གྲས་རེད།   ༡༩༢༦ལོར་ཉི་མ་ཡང་ཤར་འདུག་ཅེས་པ་དེ་ཐོན་པ་མཉམ་དུ།   ཧེ་མིང་ཝེ་ནི་“བརླག་ཟིན་པའི་”མི་རབས་ཀྱི་མགྲིན་དབྱངས་ཤིག་ཏུ་གྱུར་པ་ཙམ་མ་ཡིན་པར།   ཁོང་གི་དུས་ཚོད་ཀྱི་རྩོམ་པ་པོ་ཕུལ་བྱུང་ཞིག་ཆགས་པ་རེད།   འདིའི་མཇུག་ཏུ་ཨི་ཊ་ལའི་གཡུལ་སའི་སྐོར་གྱི་ཁོང་གི་བཅོས་སྒྲུང་དཔུང་ངར་དང་ཁ་གྱེས་པ་ཞེས་པ་དེ་༡༩༢༩ལོར་ཐོན་པ་རེད།   ༡༩༣༠རྩ་གྲངས་ཀྱི་ནང་ཧེ་མིང་ཝེ་ནི་ཨ་རིའི་ཧྥི་ལོ་ཪེ་ཌ་མངའ་སྡེའི་ཀི་ཝེ་སི་ཊི་ཞེས་པར་གཞིས་ཆགས་ཤིང་།   ཕྱིས་སུ་ཁུའུ་བྷ་རྒྱལ་ཁབ་ཏུ་གཞིས་སྡོད་བྱས་པ་རེད།   ཡིན་ན་ཡང་ཁོང་སེ་པན་དང་ཨི་ཊ་ལི།   ཨ་ཧྥི་རི་ཀ་བཅས་སུ་རྒྱ་ཆེར་འགྲུལ་བཞུད་བྱས་པ་རེད།   ཕྱིས་སུ་ཁོང་སེ་པཱན་གྱི་མི་སེར་དམག་འཁྲུག་ལ་ཞུགས་ཤིང་།   དེ་ནི་ཁོང་གི་༡༩༣༩ལོའི་དམག་འཁྲུག་གི་བཅོས་སྒྲུང་ཕུལ་བྱུང་གང་གི་ཆེད་དུ་དྲིལ་བུ་དཀྲོལ་བ།    ཞེས་པ་དེའི་རྒྱབ་ལྗོངས་སུ་གྱུར་ཡོད་པ་རེད།

ཧེ་མིང་ཝེ་ཡི་ཧ་ཅང་གྲགས་ཆེ་བའི་རྩོམ་ཡིག་རྒད་པོ་དང་རྒྱ་མཚོ་ཞུ་བ་དེ་ལ་༡༩༥༣ལོར་པུ་ལེ་ཊི་ཛེར་(The Pulitzer Prize)ཞུ་བའི་གཟེངས་རྟགས་ཐོབ་ཅིང་།   ༡༩༥༤ལོར་ཁོང་གི་“གླེང་མོལ་གྱི་སྒྱུ་རྩལ་ལ་དབང་བསྒྱུར་བའི་རྣམ་པ་འཛུགས་མཁན་དང་ཚིག་ཤུགས་ཆེ་བ་” དེ་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་པ་རེད།   ཨ་མི་རི་ཀའི་བཅོས་སྒྲུང་གི་ཁྲོད་དུ་བཅོས་སྒྲུང་དང་སྒྲུང་ཐུང་གི་འཕེལ་རྒྱས་ལ་ཧ་ཅང་གལ་གནད་ཆེ་བའི་ཤུགས་རྐྱེན་གྱི་ཐོག་ནས།   དུས་རབས་ཉི་ཤུ་བའི་རྩོམ་པ་པོ་གཞན་སུ་ཞིག་གིས་ཀྱང་མ་ཐུབ་པའི་ཨ་རིའི་མི་མང་གི་འཆར་སྣང་ཞིག་ཧེ་མིང་ཝེ་ཡིས་འཛིན་ཐུབ་པར་གྱུར་པ་རེད།   ཁོང་༡༩༦༡ལོར་ཨེ་ཌ་ཧོ་མངའ་སྡེར་རང་ཤི་བརྒྱབ་ནས་གྲོངས་པ་རེད།   ཁོང་གི་རྩོམ་ཡིག་གྲགས་ཆེའི་གྲས་སུ་༡༩༣༧ལོའི་ཡོད་པ་དང་མེད་པ།    ཞེས་པ་དང་།   ༡༩༥༠ལོའི་གཙང་པོའི་ཕ་རོལ་དང་ནགས་ཚལ་དཀྱིལ་དུ།   ཞེས་པ།   ཁོང་འདས་རྗེས་ཀྱི་༡༩༧༤ལོའི་འགུལ་བཞིན་པའི་ཆོས་སྟོན་ཞིག།   ༡༩༧༠ལོའི་སྨུག་པའི་ཁྲོད་ཀྱི་མཚོ་གླིང་།   ༡༩༨༦ལོའི་ཉེན་ཁ་ཅན་གྱི་དབྱར་ཁ།    ༡༩༨༦ལོའི་ཨི་ལྡན་ཡུལ་གྱི་མེ་ཏོག་ལྡུམ་རྭ་ཞེས་པ་རྣམས་རེད།


[1]འདིའི་མ་ཡིག་ཏུ་Skiff ཞེས་འཁོད་ཅིང་།   གྲུའི་རིགས་འདི་ནི་གཏིང་མི་རིང་ཞིང་ཞབས་ལེབ་མོ་ཡིན་ལ།  ཟུར་གསུམ་ནར་མོའི་དབྱིབས་སུ་ཡོད་པའི་གྲུའི་རིགས་སུ་བཤད་ཅིང་།  འདི་ལ་ཆེ་ཆུང་བཟོ་དབྱིབས་སྣ་ཚོགས་པ་ཞིག་ཡོང་སྲིད་པ་དེ་དག་ནི་ཉ་འཛིན་ཆེད་སྤྱོད་པའི་གྲུ་ཆུང་རིགས་ཡིན་པ་རེད།

[2]མ་ཡིག་ཏུ་The Gulf Stream ཞེས་པ་ནི་མགྱོགས་ཤིང་རྩུབ་པ་དང་།  ཚ་དྲོད་ཆེ་བའི་རྒྱ་མཚོའི་རྒྱུ་བ་དེ་མེག་སི་ཁོའི་མཚོ་ཁུག་ནས་མཆེད་དེ་ཨེ་ཊི་ལན་ཊིག་གི་རྒྱ་མཚོར་འབབ་པ་དེར་བརྗོད་ཅིང་།  སྐབས་འདིའི་མཚོ་ཁུག་དེ་ནི་ཁུ་བྷ་རྒྱལ་ཁབ་ཀྱི་ཧེ་ཝ་ན་གྲོང་ཁྱེར་དང་ཨ་རིའི་ཧྥི་ལོ་ཪེ་ཌ་མངའ་སྡེའི་འདབ་སྣེའི་བར་གྱི་མཚོ་འགག་དེར་གོ་བ་ཡིན་ནོ།།  

[3]སྒྲུང་འདིའི་ནང་གི་རྒད་པོ་དེའི་མིང་ལ་སན་ཊི་ཡ་གོ་ཟེར།  ཁོང་ཧེ་ཝ་ན་གྲོང་ཁྱེར་གྱི་འདབས་ནས་རྒྱ་མཚོ་ལ་ཞུགས་ཏེ་ཉ་འཛིན་པའི་ཉ་པ་ཞིག་ཡིན།  ཁོང་གི་ཕ་སྐད་དེ་སི་པཱན་གྱི་སྐད་(Spanish)ཡིན།

[4]འདིར་མ་ཡིག་ཏུ་Mosquito Coast ཞེས་འཁོད་ཅིང་།   ཡང་དག་ཆ་གཞན་དུ་Miskitoཞེས་པའི་མཚོ་འགྲམ་འདི་ནི་ནཱི་ཆ་ར་གུའ་(Nicaragua)རྒྱལ་ཁབ་དང་ཧོན་ཌུ་ར་སེ་(Honduras)རྒྱལ་ཁབ་གཉིས་ཀྱི་ཤར་ཕྱོགས་ཀྱི་མཚོ་མཐའི་རྒྱུད་ལ་གོའོ།།

[5]  འདིའི་མ་ཚིག་ཏུ་“budshields of the royal palm” ཞེས་འཁོད་ཅིང་།   budshieldsཞེས་པ་ནི་མེ་ཏོག་དང་མྱུ་གུ་སོགས་ཁ་མ་འབུས་གོང་གི་ཤུན་ལྐོགས་སམ་གང་བུ་ལ་གོ་ཞིང་།  དེས་ན་ཤིང་པཱམ་མམ་ཏ་ལའི་ཤིང་གི་ཤུན་ལྐོགས་ལྟ་བུར་འགྱུར་རུང་མོད།  ཤིང་པཱམ་ལ་དེ་འདྲའི་ཤུན་ལྐོགས་མེད་ཅིང་།  ཡོད་ཚེ་ཡང་དེས་ཁང་པ་བཟོ་འོས་མེད་སྟབས་རྩོམ་པ་པོས་ཚིག་ནོར་ནས་བྲིས་པའི་བསམ་ཚུལ་ཡོད་སྐོར་ཞིག་ཚིག་མཛོད་དག་ཏུ་བཀྲལ་འདུག་ཅིང་།  འདིར་དེའི་འདབ་མ་དང་འདབ་མའི་གཞུང་རྟ་ལྟ་བུ་ལ་གོ་དགོས་ཞེས་གསལ་འདུག་ལ།  guano ཞེས་པ་ནི་སི་པཱན་གྱི་སྐད་དོ།

[6]སི་པཱན་གྱི་སྐད་དུ་ཆང་དང་ཚོང་ཙག་ཙིག་བཙོང་སའི་ཚོང་ཁང་ཆུང་གྲས་ཀྱི་མིང་།

[7]རྩེད་མོ་བ་Joe DiMaggio ཞེས་པ་ནི་དབྱུག་པའི་སྤོ་ལོ་རྩེ་མཁན་གྲགས་ཅན་ཞིག་རེད།   ལོ་བཅུ་གསུམ་རིང་ནིའུ་ཡོག་གི་ཡཱན་ཀི་རུ་ཁག་ཏུ་རྩེད་མོ་རྩེས་ཡོད་པ་རེད།

[8]འདིར་stew ཞེས་པ་ནི་ཤ་དང་ཚལ་རིགས་ཆུ་ལ་བསྐོལ་བའི་སྐྱོ་མ་ཞིག་རེད།  འདིར་ཐུག་པ་དང་ཆ་འདྲ་བས་དེ་ལྟར་བསྒྱུར་པ་ཡིན།

[9]  ཨིན་ཇིའི་མིང་གི་བསྡུས་ཚིག་J. ལ་སི་པཱན་གྱི་སྐད་དུ་Jota ཧོ་ཊ་ཞེས་བོས་པའི་དོན།

[10]སི་པཱན་གྱི་སྐད་དུ་Que Va ཞེས་པའི་དོན་ནི་ཁྱོན་ནས་མ་རེད་ཅེས་སྟོན་པའི་ག་པ་ག་པ་ཞེས་པ་དང་འདྲ་བར་བཤད་དོ།།

[11]འདིར་oakum ཞེས་པ་ནི་རྩྭ་ཐག་རྙིང་པ་བཤིག་པའི་ཚལ་བུ།  (གྲུའི་སེར་ཀ་འགོག་བྱེད།)ཞེས་སྨོན་ལམ་ཚིག་མཛོད་དུ་བཀོད་ཅིང་།  ཤིང་གིས་བཟོས་པའི་མཚོ་གྲུ་དག་གི་ཤིང་ལེབ་ཀྱི་བར་གསེང་ལ་བརྒྱངས་པར་བྱེད་པའི་རྩྭ་ཐག་གི་རྒྱུ་རྫས་ཤིག་གོ།

[12]མ་ཡིག་ཏུ་Canary Islands ཞེས་འཁོད་པའི་མཚོ་གླིང་འདི་དག་ནི་ཨ་ཧྥི་རི་ཀའི་སྐམ་ས་དང་ཉེ་བར་ཡོད་པའི་མཚོ་གླིང་ཁག་ཅིག་རེད།

[13]འདིའི་མ་ཡིག་ཏུ་the coral rocks ཞེས་བཀོད་ཅིང་།   དེ་ནི་Reef Limestone ཞེས་པ་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་དྲ་ཐོག་གི་ཚིག་མཛོད་ཅིག་ཏུ་མངོན།   བྱུ་རུ་སྐྱེ་སའི་རྨང་རྡོ་ལྟ་བུའི་ཐལ་མདོག་གི་རྡོ་བ་དེ་ལ་གོ་རུང་སྙམ་མོ།།

[14]རྒྱ་མཚོ་ལ་བུད་མེད་ཀྱི་སྒྲས་སྨྲས་པ།

[15]འདིའི་ཨིན་ཚིག་Planktonཞེས་པ་འདི་ནི་མཚོ་དང་ཆུ་ཀླུང་སོགས་ཀྱི་ཆུར་གཡེང་བའི་སྐྱེ་དངོས་ཕྲ་མོ་ཞེས་སྨོན་ལམ་ཚིག་མཛོད་ན་བཀྲལ་མོད།  ཆུའམ་རྒྱ་མཚོར་གནས་བཅས་པའི་འབུ་སྲིན་གྱི་རིགས་ཏེ།  ཆུའི་རྒྱུ་བས་འཁྱེར་བའམ་ཆུ་ཁར་གཡེངས་ཤིང་།  ཆུའི་རྒྱུ་བའི་ལྡོག་ཕྱོགས་སུ་རྐྱལ་བའི་ནུས་པ་མེད་པའི་རིགས་ཀྱི་འབུ་སྲིན་དག་གི་སྤྱི་མིང་ཡིན་ཞེས་ཚིག་མཛོད་དག་ན་བཤད་འདུག

[16] “Agua Mala” ཞེས་པ་སི་པཱན་གྱི་སྐད་དུ་ཆུ་བཙོག་པ་ལྟ་བུའི་གོ་བ་ཡོད་པར་བཤད་ཅིང་།  སྐབས་འདིར་སི་པཱན་གྱི་ཕལ་སྐད་དུ་སྤྱད་དེ་Portuguese Man of War  ཞེས་པའི་ཉ་འདིའི་མིང་དུ་གོ་བ་ཡིན་འདུག

[17]  དུག་གི་ལྗོན་པ་poison ivy དང་poison oak ཟེར་བ་སྒྲ་ཇི་བཞིན་བྲིས་པའོ།།

[18]མ་ཡིག་ཏུ་porpoises ཞེས་འཁོད་པ་འདི་ནི་ཌཱོལ་ཕིན་དང་འདྲ་བའི་ཉ་ཞིག་རེད།

[19]ལུང་པ་འདི་ནི་སི་པཱན་རྒྱལ་ཁབ་ཀྱི་ནང་དུ་ཡོད་པའི་Catalonia ཞེས་པའི་རང་སྐྱོང་སྡེ་ཁག་ཅིག་ཡིན་པ་དང་།   དེ་ནས་ཐོན་པའི་ཉ་ཐག་Catalan cardel ཟེར་བ་ཞིག་ལ་འཇུག་པར་བཤད་ཅིང་།   དེ་ཡང་དག་ཆ་ངོ་མ་ལྟར་ན་cordelཞེས་ཉ་ཐག་ཕྲ་མོ་ཞིག་ཡིན་པར་ཡང་བཤད་འདུག

[20]  འདིར་the trade wind ཞེས་པ་སྟེ་ཚོང་རླུང་འདི་ནི་གོ་ལའི་ཚ་ཡུལ་ན་འཁོར་ཞིང་བྱང་ཤར་དུ་རྒྱུ་བའི་རླུང་གི་མིང་དུ་བཤད་འདུག

[21]འདི་ནི་hurricane སྟེ་རྒྱ་མཚོའི་རླུང་འཚུབ་འདི་ནི་དྲག་ཆར་དང་རླུང་འཚུབ་གཉིས་འདྲེས་པའི་གོ་ལའི་ཚ་ཡུལ་གྱི་རླུང་འཚུབ་འཁོར་ནས་འགྲོ་བ་དེ་ལ་ཟེར་ཞིང་།  རླུང་འཚུབ་ཀྱི་འཁོར་ལོའི་སྲིད་ཞེང་ལ་མེལ་ལེ་ཉི་ཤུ་ནས་སུམ་ཅུའི་བར་ཡོད།  རླུང་གི་རྒྱུགས་ཚད་ནི་ཆུ་ཚོད་རེ་ལ་མེལ་ལེ་བདུན་ཅུ་ལྷག་ཡིན་པ་དང་།  རླུང་འཚུབ་འདི་ནི་གོ་ལའི་བྱང་ངོས་ལ་འབྱུང་བ་རེད།  རླུང་འཚུབ་འདི་ནི་ཚ་ཡུལ་ལ་འཁེལ་བའི་ཨེ་ཊི་ལན་ཊིག་དང་ཁ་རེ་བྷེན་རྒྱ་མཚོ་ནས་མཆེད་ཅིང་བྱང་ཕྱོགས་ལ་བསྐྱོད་ཅིང་བྱང་གི་རྒྱ་མཚོ་གྲང་མོ་དང་ཡང་ན་བྱང་གི་ས་གཞི་ལ་འཕྲད་སྐབས་འཇམ་འགྲོ་བ་རེད།

[22]འདི་ནི་calambre ཞེས་པ་སི་པཱན་གྱི་སྐད་དུ་རེངས་པ་ལ་གོ

[23] མ་ཡིག་ཏུ་Virgin of Cobre ཞེས་འཁོད་པའི་ལྷ་ཁང་འདི་ནི་ཁུ་བྷ་རྒྱལ་ཁབ་ཀྱི་སཱན་ཊི་འ་གོ་ཞེས་པའི་གྲོང་ཁྱེར་ནས་མེལ་ལེ་༡༣ཙམ་གྱི་མཚམས་ན་ཡོད་པའི་ཁོབ་རེ་ཞེས་པར་ཆགས་པའི་ཡེ་ཤུའི་ཡུམ་ཆེན་གྱི་ལྷ་ཁང་གྲགས་ཅན་ཞིག་ཡིན་འདུག

[24]  འདི་ནི་Gran Ligas ཞེས་པའི་སི་པཱན་གྱི་སྐད་ཡིན་ཅིང་།  འདིར་དབྱུག་པའི་སྤོ་ལོའི་ཆེས་མཐོའི་སྡེ་ཁག་ལྟ་བུའི་Big Leagues ཞེས་པར་གོ་བའོ།།

[25]མ་ཡིག་ཏུ་juegos བྲིས་པ་འདི་ནི་སི་པན་གྱི་སྐད་དུ་དབྱུག་པའི་སྤོ་ལོ་ལ་གོའོ།།

[26]མ་ཡིག་ཏུ་Un espuela de hueso བྲིས་ཤིང་དེ་ནི་རུས་ལྷག་ཅེས་པའི་སི་པཱན་གྱི་སྐད་རེད།  

[27]འདིའི་མ་ཡིག་Casablancaནི་ཨ་ཧྥི་རི་ཀའི་མོ་རོ་ཁོ་Moroccoརྒྱལ་ཁབ་ཀྱི་གྲོང་ཁྱེར་ཞིག་གི་མིང་།

[28]འདིའི་མ་ཡིག་Cienfuegos ནི་ཁུ་བྷ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་མཚོ་འགྲམ་ན་ཡོད་པའི་གྲོང་ཁྱེར་ཞིག་དང་།   སཱིན་ཕུའི་གོ་སི་ཞིང་ཆེན་གྱི་རྒྱལ་ས་རེད།  

[29] རྒད་པོའི་མིང་ཁ་ཚང་ནི་Santiago El Campeon ཞེས་པ་རེད།  

[30]Miami ནི་ཨ་རིའི་ཧྥི་ལོ་ཪེ་ཌ་མངའ་སྡེའི་ལྷོ་ཤར་གྱི་མཐའ་ན་ཆགས་པའི་གྲོང་ཁྱེར་ཞིག་གི་མིང་།

[31] མ་ཡིག་ཏུ་doradoསྟེ་ལྷོ་ཨ་མི་རི་ཀའི་གསེར་ཉ་ཞིག་གི་མིང་དུ་བཤད།

[32]མ་ཡིག་ཏུ་Rigel འཁོད་ཅིང་སྐར་མའི་གྲས་ཀྱི་འོད་ཆེ་ཤོས་ཨང་རིམ་བདུན་པ་དེ་ཡིན་པར་བཤད།

[33]མ་ཡིག་ཏུ་periscope འཁོད་ཅིང་།   དོན་ནི་འཁོར་མྱུལ་རྒྱང་ཤེལ་ཡིན་ཞེས་བཀྲལ་འདུག་ལ།   གྲུ་གཟིངས་དང་།   ཆུ་འོགས་འོག་བཅས་ནས་སྟེང་ངོས་ཀྱི་དངོས་པོ་མཐོང་བྱེད་ཀྱི་ཤེལ་སྒྲིག་བྱས་པའི་ཡོ་བྱད་ཅིག་གོ།

[34]སི་པཱན་གྱི་སྐད་དུ་ཉ་འདིའི་རིགས་ལ་འཇུག་པའི་མིང་ཚིག

[35]  མ་ཡིག་ཏུ་འདིར་speedboat ཞེས་པ་ནི་མགྱོགས་པོར་བསྐྱོད་ཐུབ་རྒྱུར་དམིགས་ནས་བཟོས་པའི་འཕྲུལ་འཁོར་གྱི་གྲུ་གཟིངས་ཏེ།   སྐབས་འདིར་གྲུ་དེས་ཆུའི་ནང་ཆུ་ཤུར་འཐེན་ཏེ་བསྐྱོད་པའི་རྣམ་པ་དེ་སྟོན་ནོ།།

[36]མ་ཡིག་ཏུ་San Pedro ཞེས་པ་ནི་སི་པཱན་གྱི་སྐད་དུ་Saint Peter ལ་བརྗོད་ཅིང་།   དུས་རབས་དང་པོའི་ནང་བྱོན་པའི་ཡེ་ཤུའི་དྲང་སྲོང་ཞིག

[37]མ་ཡིག་ཏུ་meat ཞེས་འཁོད་མོད་དོན་ནི་བྱ་ཤ་དང་ཉ་ཤ་ལས་གཞན་པའི་ཤ་ལ་གོ་དགོས་སོ།།  

[38]ཡེ་ཤུའི་སྟོན་པ་དེ་བརྒྱངས་ཤིང་བསྣོལ་མ་ཞིག་གི་སྟེང་ལག་མཐིལ་གཉིས་ལ་འཛེར་མ་བཏབ་ཡོད་པ་དང་མཚུངས་སམ།  སྒྱུར་མཁན་གྱིས།

[39]མ་ཡིག་ཏུ་Galanos ཞེས་པ་ནི་སི་པཱན་གྱི་སྐད་དུ་ཉ་ཤྲག་གི་རིགས་གཅིག་གི་མིང་ཡིན་པར་བཤད།

[40]མ་ཡིག་ཏུ་འཁོད་པའི་ས་ཆ་Guanabacoa ཞེས་པ་ནི་ཧེ་ཝ་ནཱ་གྲོང་ཁྱེར་གྱི་ཤར་ཟུར་ན་ཆགས་ཡོད་པར་བཤད།

[41]མ་ཡིག་ཏུ་barracudas ཞེས་འཁོད་པ་འདི་རྒྱ་མཚོའི་ཉ་ཆེན་ཞིག་སྟེ་གཟུགས་ཟླུམ་ཞིང་།   ཁ་དང་མཆེ་བ་ཆེ་བའི་ཉ་བ་ར་ཀུ་ད་ཞེས་གསལ།

[42]སི་པཱན་གྱི་སྐད་དུ་“Tiburon”ཞེས་པ་ནི་ཉ་ཤྲག་ལ་འཇུག་པ་དང་།   འདིར་ཞབས་ཞུ་བས་ཨིན་སྐད་མི་ཤེས་སྟབས་ཉ་འདི་ནི་ཉ་ཤྲག་གིས་ཟས་པ་རེད་ཅེས་ལོ་རྒྱུས་འཆད་རྩིས་བྱེད་པར་གོའོ།།