བཟོ་ལས་གསར་བརྗེ་ནི་འཕྲུལ་ཆས་ཐོན་སྐྱེད་ཀྱིས་ལག་བཟོའི་ངལ་རྩོལ་གྱི་ཚབ་བྱེད་པ་དང་། བཟོ་གྲྭའི་ལམ་ལུགས་ཀྱིས་ཁྱིམ་ཚང་ལས་ར་དང་ལག་ཤེས་བཟོ་རའི་གོ་ས་ལེན་པའི་བརྒྱུད་རིམ་ཞིག་སྟེ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་སྔ་ན་མ་བྱུང་བའི་མཆོང་སྐྱོད་ཅིག་གོ། བཟོ་ལས་གསར་བརྗེ་ཐོག་མར་དབྱིན་ཇི་ནས་དར་བ་དང་། དེ་ཡང་དུས་རབས་18པའི་ལོ་རབས་60པ་ནས་དབུ་བརྙེས་ཤིང་དུས་རབས་19པའི་དུས་དཀྱིལ་ཙམ་དུ་རྩ་བའི་ཆ་ནས་མཇུག་ཡོངས་སུ་གྲུབ།

དེ་ལ་བཟོ་ལས་གསར་བརྗེ་ནི་རྒྱལ་ཁབ་ཆབ་སྲིད་འཕེལ་རྒྱས་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡོལ་དུ་མེད་པའི་འབྲས་བུ་ཞིག་སྟེ། འདི་ལྟར་དུས་རབས་17པའི་དུས་དཀྱིལ་དུ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེས་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་མགོ་རྟིང་སློག་ཅིང་། མ་རྩ་རིང་ལུགས་འཕེལ་རྒྱས་ཀྱི་ལམ་བུའི་གཏེ་བོའི་འགོག་རྐྱེན་གཙང་སེལ་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་བསྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་། འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་གྲུབ་རྗེས་སྲིད་གཞུང་གིས་བཟོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་ནང་གཉི་གར་དམིགས་པའི་སྲིད་ཇུས་སྤེལ།  དབྱིན་ཇིས་མཚོ་འགྲུལ་ཁྲིམས་ཡིག་བརྒྱུད་དེ་རང་གི་མཚོ་ཐོག་སྐྱེལ་འདྲེན་དང་ཕྱི་རོལ་ཉོ་ཚོང་གི་འགྲན་ཡ་གཙོ་བོ་ཧོ་ལན་ལ་ཤུགས་དྲག་པོའི་རྒོལ་རྡུང་བྱས། ཐོན་སྐྱེད་སྐུལ་འདེད་དང་ཕྱིར་འཚོང་གི་ཁྲལ་སྡུད་བཀའ་ཁྲིམས་ལ་གྲོས་ཁང་ནས་ཁས་ལེན་ཐོབ་ཅིང་། ཞིང་ལས་ཐོན་རྫས་དང་། བཟོ་ལས་ཐོན་རྫས་ཁ་ཅིག་གི་ཕྱིར་འཚོང་དཔྱ་ཁྲལ་མི་དགོས་པར་བྱས། མ་ཟད་ཚོང་རྫས་འགའ་ཞིག་གི་ཕྱིར་འཚོང་ལ་གསབ་སྣོན་ཡང་བྱས། དེ་དང་ཆབ་གཅིག་དབྱིན་ཇིའི་ད་དུང་ཚད་མཐོན་པོའི་སྒོ་ཁྲལ་སྡུད་པར་བསྟེན་ནས་ནང་འདྲེན་ལ་བཀག་འགོག་བྱས་ཏེ། རང་རྒྱལ་གྱི་བཟོ་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས།

གསར་བརྗེའི་རྗེས་ནས་དབྱིན་ཇིའི་གྲོས་ཁང་གིས་ས་ཞིང་བཅད་བཟུང་གི་བསྟར་བྱུང་ཁྲིམས་གཞི་ལ་མོས་མཐུན་བྱས་ཏེ། ས་ཞིང་བཅད་བཟུང་གི་བྱ་འགུལ་དེ་སྔར་མེད་ཀྱི་གཞི་ཁྱོན་ཞིག་ཏུ་འཕེལ་དུ་བཅུག བྱ་འགུལ་འདིས་ཞིང་པའི་ས་ཞིང་ཕྲོགས་ཏེ་ཞིང་པ་ཕོན་ཆེན་ཞིག་གྲོང་ཁྱེར་དུ་འཁྱམ་འཛུལ་བྱེད་དུ་བཅུག་ཅིང་བཟོ་ལས་འཕེལ་རྒྱས་ཀྱི་ཆེད་དུ་ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་བྱས། དེས་མ་ཟད་མ་རྩ་རིང་ལུགས་ཞིང་ལས་ཆེན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་སྟེ་ཞིང་ལས་དེ་བཟོ་ལས་ཆེན་པོའི་འཕེལ་རྒྱས་ཀྱི་དགོས་མཁོར་འཚམས་པར་བྱས། བྱ་འགུལ་འདིས་རྒྱལ་ནང་གི་ཁྲོམ་ར་ཆེ་རུ་བཏང་ཞིང་། མ་རྩ་རིང་ལུགས་དཔལ་འབྱོར་གྱི་མྱུར་བའི་འཕེལ་རྒྱས་ལ་གལ་ཆེའི་ནུས་པ་འདོན་པར་བྱས།

དབྱིན་ཇིས་ཕྱི་ལ་རྒོལ་བའི་དམག་འཁྲུག་རིམ་པ་དུ་མ་བརྒྱུད་དེ། སྔ་རྗེས་སུ་རང་གི་མཚོ་ཐོག་སྐྱེལ་འདྲེན་དང་། རྒྱ་མཚོའི་ཕྱི་རོལ་གྱི་ཉོ་ཚོང་དང་། འབངས་སྤེལ་བཙན་འཛུལ་ཐད་ཀྱི་འགྲན་ཡ་གལ་ཆེན་སི་ཕན་དང་ཧོ་ལན། ཧྥ་རན་སི་བཅས་ཕམ་པར་བྱས་ནས། ཁྱོན་ཆེ་བའི་འབངས་སྤེལ་ས་ཆ་ཤེད་ཀྱིས་ཕྲོགས་ཏེ་སྟོབས་ཤུགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བསྐྱེད། འབངས་སྤེལ་ས་ཆ་ནས་རྒྱུ་ནོར་འབོར་ཆེན་བཅོམ་འཕྲོག་བྱས་ཤིང་། མ་ཟད་རང་རྒྱལ་བཟོ་ལས་ཀྱི་འཕེལ་རྒྱས་ལ་རྒྱ་ཆེ་བའི་མ་རྒྱུའི་ཐོན་གནས་དང་ཚོང་རྫས་ཕྱིར་འཚོང་གི་ཁྲོམ་ར་འབྱེད་པར་བྱས།

དུས་རབས་18པའི་དུས་མགོ་ནས་བཟུང་དབྱིན་ཇི་ཆེས་ཆེ་བའི་བྲན་གཡོག་ཉོ་ཚོང་གི་རྒྱལ་ཁབ་ཏུ་གྱུར། དབྱིན་ཇིའི་བྲན་ཚོང་པ་དག་གིས་རང་རྒྱལ་གྱི་གོང་ཆུང་གི་འཁེལ་འཐག་ཐོན་རྫས་དང་། དུད་ཆང་། མེ་མདའ། ལྕགས་རིགས་ཐོན་དངོས་སོགས་ཧྥེ་གླིང་དུ་དབོར་ཞིང་གཡོ་སྒྱུ་དང་བཙན་ཤེད་ཀྱི་ཇུས་ངན་བཀོལ་ཏེ། མི་ནག་དུ་མ་བྲན་གཡོག་ཏུ་ཕྲོགས་རྗེས་རྒྱ་གར་ཤར་མའི་གླིང་དང་བྱང་མེ་གླིང་སོགས་སུ་དབོར་ཏེ་དེ་ཚོའི་འདེབས་འཛུགས་ར་བའི་མགོ་པ་དག་ལ་བཙོང་བར་བྱེད། དེ་ནས་བཟོ་ལས་ལ་མཁོ་བའི་ཤིང་བལ་དང་། རྡོ་ཐ། སྦྲང་སོགས་མ་རྒྱུ་རྣམས་དབྱིན་ཇིར་དབོར་བར་བྱེད་དོ།།

དེས་ན་ས་ཞིང་བཅད་བཟུང་དང་། ཁྲལ་སྡུད་ལམ་ལུགས། འབངས་སྤེལ་བཙན་འཛུལ། བྲན་གཡོག་ཉོ་ཚོང་སོགས་ཀྱིས་མ་རྩ་འཚོལ་སྡུད་བྱེད་པ་དང་། ངལ་རྩོལ་དམག་ཆེན་གླས་པ། རྒྱལ་ནང་ཁྲོམ་ར་བསྐྱེད་པ། བཟོ་ལས་མ་རྒྱུ་མཁོ་སྤྲོད་བཅས་ཕྱོགས་དུ་མར་གལ་ཆེའི་ནུས་པ་བཏོན་ཏེ། བཟོ་ལས་གསར་བརྗེའི་ཆེད་དུ་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་གྲ་སྒྲིག་བྱས་ཡོད་པར་ངོས་འཛིན་ཆོག དེ་ལྟར། དུས་རབས་18པའི་དུས་དཀྱིལ་ལ་སླེབས་སྐབས། བཟོ་ལས་གསར་བརྗེ་ལ་ངེས་པར་ཚང་དགོས་པའི་ཆབ་སྲིད་དང་། དཔལ་འབྱོར། ལག་རྩལ་བཅས་སྔོན་འགྲོའི་ཆ་རྐྱེན་རྣམས་རྩ་བའི་ཆ་ནས་ཡོངས་སུ་ཚང་བར་གྱུར།

དེ་ཡང་སྲིང་བལ་འཁེལ་འཐག་འཕྲུལ་ཆས་ཀྱི་གསར་གཏོད་དང་བཀོལ་སྤྱོད་ནས་བཟོ་ལས་གསར་བརྗེའི་མགོ་ཚུགས་པར་བརྩི། འཁེལ་འཐག་འཕྲུལ་ཆས་འདི་ནི་ལྟོས་བཅས་ཀྱིས་སླ་མོ་ཞིག་ཡིན་པས། དགོས་ངེས་ཀྱི་མ་དངུལ་ཡང་བསྡུར་ཚད་ཀྱིས་ཉུང་བ་དང་གསར་གཏོད་དང་བཟོ་སྐྲུན་ཡང་ཅུང་ཟད་སྟབས་བདེ་ཡིན། མ་ཟད་འཁེལ་འཐག་ཐོན་རྫས་དག་ཀྱང་མི་དམངས་མང་ཚོགས་ལ་མཁོ་བའི་རྒྱུན་སྤྱོད་དངོས་རྫས་ཙམ་མོ།།

སྤྱི་ཚོགས་ཀྱི་དགོས་མཁོའི་གྲངས་ཚད་མཐོ་བས་ལག་བཟོའི་ཐོན་རྫས་ཀྱིས་འདོད་བློ་སྐོང་བར་མ་ནུས་པར་བརྟེན། 1764ལོར་འཁེལ་འཐག་བཟོ་པ་ཧཱ་གྷིར་ཝི་སིས་( 哈格里弗斯Hargreaves)དུས་གཅིག་ལ་སྐུད་པ་8འཁེལ་ནུས་པའི་སྐུད་འཁེལ་འཕྲུལ་ཆས་ལྗེན་ནིས་སྐུད་འཁེལ་འཕྲུལ་ཞེས་པ་ཞིག་གསར་གཏོད་བྱས་ཤིང་། འཕྲུལ་ཆས་འདི་རིགས་ལེགས་བཅོས་བྱས་རྗེས་དུས་གཅིག་ཏུ་སྐུད་པ་བཅུ་ཕྲག་འཁེལ་ནུས་པར་གྱུར་པས་ཧ་ལས་དགོས་པའི་ལས་ཕྱོད་མཐོར་འདེགས་བྱུང་། ཡིན་ཡང་འདི་འདྲའི་སྐུད་འཁེལ་འཕྲུལ་ལ་གནད་ལ་བབས་པའི་སྐྱོན་ཆ་གཉིས་ཤིག་མཆིས་ཏེ། འདིས་འཁེལ་བའི་སྐུད་པ་ཕྲ་ཞིང་ཆད་སླ་ལ། མ་ཟད་མི་ཤུགས་ཀྱིས་སྒུལ་འདེད་བྱེད་དགོས།

1769ལོར། ཨར་ཁེ་ཝལ་ཐེས་(阿克莱特arkwright)ཆུ་ཤུགས་སྐུད་འཁེལ་འཕྲུལ་ཞིག་གསར་གཏོད་བྱས། ཆུ་ཤུགས་ཀྱིས་མི་ཤུགས་ཀྱི་ཚབ་བྱས་ཤིང་འཁེལ་བའི་སྐུད་པ་སྦོམ་ལ་སྲ་བར་གྱུར་པས་ལྗེན་ནིས་འཕྲུལ་གྱི་གཙོ་བོའི་སྐྱོན་ཆ་གཉིས་ལས་རྒྱལ་བར་གྱུར། མི་རིང་བར་ཁེ་རུམ་ཕུ་ཐོན་(克伦普顿 Crampton )གྱིས་ལྗེན་ནིས་འཕྲུལ་དང་ཆུ་ཤུགས་འཕྲུལ་གཉིས་ཀྱི་རྨང་གཞིའི་སྟེང་འཕྲུལ་ཆས་དེ་གཉིས་ཀྱི་དགེ་མཚན་སྡོམ་པའི་རྣམ་པ་གསར་པའི་སྐུད་འཁེལ་འཕྲུལ་“དྲེའུ་འཕྲུལ”(骡机)གསར་གཏོད་བྱས།

འཕྲུལ་ཆས་ཀྱིས་སྤུན་སྐུད་འཁེལ་བར་རྒྱ་ཆེ་བའི་བཟོ་ཁང་དང་མ་དངུལ་འབོར་ཆེན་དགོས་ཕྱིར། དུད་རེ་ཁྱིམ་རེའི་ཐོན་སྐྱེད་ཐབས་ཚུལ་གྱིས་འགྲུབ་ཐབས་མེད་པར་གྱུར་པས་ཆེད་སྤྱོད་ཀྱི་སྐུད་འཁེལ་བཟོ་གྲྭ་ཐོན་པར་གྱུར། དེ་ནས་བཟུང་བཟོ་གྲྭའི་ལམ་ལུགས་ཀྱིས་ལག་ཤེས་བཟོ་ར་དང་ཁྱིམ་ཚང་ལས་རའི་ཚབ་བྱེད་པའི་བརྒྱུད་རིམ་དབུ་བརྙེས་པའོ།།

ཐོན་སྐྱེད་ལས་ཁུངས་ཀྱི་མ་བུ་ལག་ཚང་མ་ཕན་ཚུན་འབྲེལ་ནས་ཡོད་པས། ལས་ཁུངས་གཅིག་གི་ལག་རྩལ་ཡར་ཐོན་བྱུང་ན་ངེས་པར་དུ་ལས་ཁུངས་གཞན་གྱི་ལག་རྩལ་ཡང་བསྐྱར་བཅོས་བྱེད་པར་ནུས་པ་འདོན། དེ་ལྟར་སྐུད་འཁེལ་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་གྱུར་པས་རས་འཐག་ལག་རྩལ་གསར་བཅོས་བྱ་བ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་ཆགས། 1784ལོར་ཁ་ཐེ་ཝར་ཐེས་(卡特莱特 Cartwright)ཤིང་བཟོ་དང་ལྕགས་བཟོའི་རོགས་དན་འོག རང་འགུལ་རས་འཐག་འཕྲུལ་ཆས་ཤིག་བསྐྲུན་པ་དེས་རས་འཐག་གི་ལས་ཕྱོད་ལྡབ་40འཕར་དུ་བཅུག་གོ།

སྐུད་འཁེལ་དང་རས་འཐག་གི་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་གྱུར་པ་དང་ཆབ་ཅིག འཁེལ་འཐག་བཟོ་ལས་ཁྲོད་ཀྱི་བལ་འཁྲུད་པ་དང་། བསེད་པ། དཀར་སྒྱུར། བཙོ་བླག་སོགས་བསྟར་བརྒྱུད་ལས་རིམ་ཁྲོད་ཀྱང་ལག་རྩལ་གསར་པ་བཀོལ་བར་གྱུར་ཅིང་། རྩིད་པ་དང་གསོ་མ། སྲིན་སྐུད་སོགས་ཀྱི་འཁེལ་འཐག་ལས་ཁུངས་དག་ཀྱང་རིམ་གྱིས་འཕྲུལ་ཆས་ཅན་གྱི་ལམ་དུ་བསྐྱོད།

ཐོན་སྐྱེད་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་བསྒྱུར་བར་སྒུལ་ཤུགས་གནད་དོན་ངེས་པར་དུ་ཐག་གཅོད་ཐུབ་དགོས། གནད་དོན་འདི་རྗེམ་སི•ཝ་ཐེས་(詹姆斯.瓦特 James Watt)1769ལོར་སྔོན་མི་དག་གི་རྨང་གཞིའི་སྟེང་རླངས་སྒུལ་འཕྲུལ་ཆས་གསར་སྐྲུན་བྱས་པས་ཐག་ཆོད་པར་གྱུར། རྗེས་ནས་ཁོང་གིས་ལོ་མང་རིང་གི་འབད་བརྩོན་བརྒྱུད་དེ་རང་གི་འཕྲུལ་ཆས་ལེགས་བཅོས་བྱས་པས། 1782ལོར་སྤྱོད་སྒོ་རྒྱ་ཆེ་བའི་སྣ་འདུས་རླངས་སྒུལ་འཕྲུལ་ཆས་གསར་གཏོད་བྱས། ཝ་ཐེའི་རླངས་སྒུལ་འཕྲུལ་ཆས་ཀྱི་གསར་གཏོད་ཀྱིས་ཚན་རིག་ལག་རྩལ་གྱི་ལོ་རྒྱུས་སྟེང་དུས་རབས་ཀྱི་ལེགས་འགྲུབ་ཅིག་བྲིས། དེས་འཕྲུལ་ཆས་ཟོག་ཤུགས་དང་རླུང་ཤུགས། ཆུ་ཤུགས་བཅས་ལ་བརྟེན་པ་མཇུག་གྲིལ་བར་བྱས་ཏེ། འཕྲུལ་ཆས་ཀྱི་ཁྱབ་ཆེའི་བེད་སྤྱོད་དང་བཟོ་གྲྭའི་ལམ་ལུགས་ཀྱི་འཕེལ་རྒྱས་ལ་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་པར་བྱས།

དུས་རབས་18པའི་དུས་མཇུག་དང་དུས་རབས་19པའི་དུས་མགོར། ཧ་ལམ་ཐོན་སྐྱེད་ལས་ཁུངས་ཚང་མར་གཏིང་ཟབ་པའི་ལག་རྩལ་གསར་བརྗེ་བྱུང་། རྣོ་ལྕགས་བཞུ་བཏུལ་ལ་མཚོན་ན། རྡོ་སོལ་གྱིས་ཤིང་སོལ་གྱི་ཚབ་བྱས་པས་ལྕགས་བཞུའི་ལག་རྩལ་ལ་ཚད་མཐོ་བའི་ཡར་རྒྱས་བྱུང་། འགྲིམ་འགྲུལ་སྐྱེལ་འདྲེན་ལ་མཚོན་ན། དབྱིན་ཇིས་ཆུ་ལམ་གཤོང་བ་དང་མིས་བཟོས་ཆུ་ལམ་བསྐྲུན་པ་སོགས་ལ་ཚ་རླབས་ཤིག་སློང་བར་བྱས་པས། 1830ལོར་དབྱིན་ཇིའི་མིས་བཟོས་ཆུ་ལམ་སྤྱི་ལེ་4000ལྷག་ལ་སླེབས་ཤིང་། ཆུ་ལམ་གྱི་དྲ་བ་ཞིག་ཆགས་པར་གྱུར། དུས་སྐབས་འདིར། དབྱིན་ཇིས་རྡོ་རྡོག་དང་རྡོ་ཧྲུག་གིས་ལམ་ངོས་སྲ་མོར་བཏང་བའི་ལམ་བཟོའི་ལག་རྩལ་གསར་པ་ཞིག་བསྐྲུན་པས་རྩ་བའི་ཆ་ནས་གཞུང་ལམ་རྒྱུ་སྤུས་ལེགས་བསྒྱུར་བྱས། མ་ཟད་རླངས་སྒུལ་འཕྲུལ་ཆས་གྲུ་གཟིངས་འདེད་སྒུལ་དང་སྐམ་སའི་དབོར་འདྲེན་ཡོ་བྱད་ཀྱི་ཕྱོགས་སུ་བཀོལ་སྤྱོད་བྱས་ཏེ། 1802ལོར་ཝེ་ལེམ•སེ་མིང་ཐོན་(威廉.赛明顿 William Semington)གྱིས་ཐོག་དང་པོར་རླངས་སྒུལ་གྲུ་གཟིངས་བཟོ་བསྐྲུན་ལེགས་འགྲུབ་བྱུང། 1804ལོར་ཐེ་རི་ཝེ་ཤིས་ཁེས་(特里维西克 Trevithick)མེ་འཁོར་གྱི་མགོའམ་མ་འཕྲུལ་གསར་གཏོད་བྱས། ལོ་10འི་རྗེས་སུ་སི་ཏིད་ཧྥེན་སོན་(史蒂芬孙 Stephenson)གྱིས་སྔར་ལས་ལྷག་པའི་མེ་འཁོར་མ་འཕྲུལ་གསར་གཏོད་བྱས། མ་ཟད་ཁོང་གིས་འགན་བླངས་ནས་སི་ཐོ་ཁོ་ཐོན་ནས་ལིན་ཏུན་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱས་ཤིང་།1825ལོར་མེ་འཁོར་བགྲོད་ནུས་པ་བྱུང་བས་དེ་ནི་འཛམ་གླིང་སྟེང་གི་ལྕགས་ལམ་དང་པོ་དེར་གྱུར།   1830ལོར་སི་ཏིད་ཧྥེན་སོན་གྱིས་ཡང་བསྐྱར་མན་ཁྱེ་སི་ཐོ་ནས་ལི་ཝི་ཕོར་བར་གྱི་ལྕགས་ལམ་བསྐྲུན། ཁོས་འཆར་འགོད་བྱས་པའི་“སྐྱེལ་མདའ”རྟགས་ཅན་གྱི་མེ་འཁོར་མ་འཕྲུལ་སྤྱི་ལེ་31གི་དུས་འགྲོས་ལ་བརྟེན་ནས་ལམ་རིམ་ཆ་ཚང་བརྒྱུད་བགྲོད་བྱས། འདི་ནི་འཛམ་གླིང་སྟེང་གི་ཐོག་དང་པོར་མེ་འཁོར་མ་འཕྲུལ་སྤྱོད་དེ་རྒྱུད་པའི་ལྕགས་ལམ་དེ་ཡིན། དབྱིན་ཇིར་ལྕགས་ལམ་བསྐྲུན་པའི་ཚ་རླབས་འཕྱུར་བ་ནས་བཟུང་1850ལོར་སླེབས་སྐབས་དབྱིན་ཇིའི་རྒྱལ་ཡོངས་སུ་སྤྱི་ལེ་9600ལྷག་གི་ལྕགས་ལམ་ཚུགས་པར་གྱུར། འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་འཕེལ་རྒྱས་ཤུགས་ཆེར་ཕྱིན་པས་ཚོང་འགྲུལ་དབོར་འདྲེན་གྱི་མྱུར་ཚད་ལ་ཁ་སྣོན་བྱུང་ཞིང་། དབོར་གླ་ཆུང་པས་དཔལ་འབྱོར་མྱུར་འཕེལ་གྱི་ཆེད་དུ་གལ་ཆེའི་ཆ་རྐྱེན་བསྟབས་པར་བྱས།

བཟོ་ལས་ཁག་འཕྲུལ་ཆས་ཅན་དུ་བསྒྱུར་བ་ཡང་འཕྲུལ་ཆས་བཟོ་སྐྲུན་རང་ཉིད་ཀྱི་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་འགྱུར་ཐུབ་མིན་ལ་རག་ལས་ནས་ཡོད་པས། དུས་རབས་18པའི་དུས་མཇུག་ནས་ཅུང་ཟད་སྟབས་བདེ་ཅན་གྱི་འཕྲུལ་ཆས་མ་གཙོ་མངོན་མགོ་ཚུགས། 1825ལོར་ཁེ་ལེ་མན་ཐེས་(克莱门特 Clement)འབུར་ལེན་སྟེགས་བུ་དང་སྐོར་གཞོག་སྟེགས་བུའི་མ་འཕྲུལ་གསར་གཏོད་བྱས་པ་དང་། རྗེས་ནས་ཡང་གཞན་གྱིས་རླུང་སྒུལ་ཐོ་བ་དང་དཀྲུག་གཞོག་སྟེགས་བུ་སོགས་ཀྱི་མ་འཕྲུལ་ཡང་གསར་གཏོད་བྱས། དུས་རབས་19པའི་ལོ་རབས་30~40ལ་སླེབས་སྐབས། དབྱིན་ཇིར་འཕྲུལ་ཆས་བཟོ་བསྐྲུན་ནི་རང་རྐྱ་ཐུབ་པའི་བཟོ་ལས་ཁྱབ་ཁོངས་ཤིག་ཏུ་གྱུར། དུས་སྐབས་འདིར་སླེབས་དུས་ལོ་རྒྱུས་དུས་ཡུན་དུས་རབས་གཅིག་ལྷག་གི་དབྱིན་ཇིའི་བཟོ་ལས་གསར་བརྗེ་དེ་རྩ་བའི་ཆ་ནས་ལེགས་པར་གྲུབ་པའོ།།

བཟོ་ལས་གསར་བརྗེའི་བྱེད་ནུས་ནི་ཚད་མེད་པ་སྟེ། ཨན་གྷེལ་སིས་(恩格斯 Engels) 《དབྱིན་ཇིའི་བཟོ་པའི་གྲལ་རིམ་གྱི་གནས་ཚུལ་》ཞེས་པ་ལས། “ལས་བགོས་དང་ཆུ་ཤུགས། ལྷག་པར་དུ་རླངས་ཤུགས་ཀྱི་བེད་སྒོ། འཕྲུལ་ཆས་ཀྱི་སྤྱོད་སྒོ་བཅས་ནི་དུས་རབས་18པའི་དུས་དཀྱིལ་ནས་བཟུང་བཟོ་ལས་ཀྱིས་འཇིག་རྟེན་རྙིང་པ་རྨང་ནས་དཀྲུག་པའི་སྲུབ་ཤིང་ཆེན་པོ་གསུམ་མོ།།” ཞེས་གསུངས་པ་ལྟར་རོ།།

བཟོ་ལས་གསར་བརྗེ་ནི་ཐོན་སྐྱེད་རྒྱུ་ཆ་སྒེར་དབང་ལམ་ལུགས་ཀྱི་ཆ་རྐྱེན་འོག་ནས་བྱུང་བ་ཞིག་ཡིན། དེར་བརྟེན་དེས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པ་སྲ་བརྟན་བཏང་བ་དང་དུས་མཉམ་དུ། མི་དམངས་མང་ཚོགས་ལ་དབུལ་ཕོངས་དང་ལས་ཤོར། དུས་འཁོར་རང་བཞིན་གྱི་ཉམས་ཉེན་སློང་བ་བཅས་སྤྱི་ཚོགས་ཀྱི་འགལ་བ་གསར་པ་དུ་མ་ཡང་བསྐྱེད་པར་བྱས།

དབྱིན་ཇིའི་བཟོ་ལས་གསར་བརྗེས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོ་བའི་ཤུགས་རྐྱེན་ཐེབས། དབྱིན་ཇིའི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་མྱུར་ཚད་ཆེན་པོས་ཡོ་རོབ་སྐམ་ས་དང་བྱང་མེ་སོགས་ཀྱི་རྒྱལ་ཁབ་གཞན་དུ་དར་ཞིང་རྒྱལ་ཁབ་དེ་དག་གི་བཟོ་ལས་གསར་བརྗེར་ཚད་མེད་པའི་སྐུལ་འདེད་ཐེབས། མ་ཟད། ཐོན་སྐྱེད་ཐབས་ལམ་གསར་པས་ཨོ་སི་ཐྲི་ཡ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་དུ་མའི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་དང་། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཡོ་རོབ་ཏུ་རྩ་བ་ནས་བརླག་པར་བྱས། ཆེས་སྔོན་མར་བཟོ་ལས་གསར་བརྗེ་མངོན་དུ་བྱས་པའི་ཡོ་རོབ་རྒྱལ་ཁབ་དག་གི་རྒྱལ་ཤུགས་བླ་རུ་འཕགས་པར་གྱུར་པས། ཁོ་ཚོས་ཚོང་རྫས་ཉོ་ཚོང་གི་ཁྲོམ་ར་དང་ཐོན་སྐྱེད་མ་རྒྱུ་འཚོལ་སའི་རྒྱ་ཁྱོན་བསྐྱེད་དེ། དུས་རབས་18པར་རྩ་བའི་ཆ་ནས་འཛམ་གླིང་ཧྲིལ་པོ་བགོ་བཤའ་རྒྱག་ཟིན་པར་གྱུར། བཟོ་ལས་རྒྱལ་ཁབ་ཀྱིས་འབངས་སྤེལ་བྱ་འགུལ་རབ་ཏུ་དར་བར་གྱུར་བས་འབངས་སྤེལ་ས་ཁུལ་གྱི་མི་རྣམས་ལ་མནར་གཅོད་སྡུག་སྦྱོང་ཚད་མེད་སྟེར་བར་ཡང་བྱས་སོ།།

བསོད་སྟོབས་ཀྱིས་《世界上下五千年》ལས་བཏུས་ཏེ་བསྒྱུར།