རྗེ་བཙུན་མི་ལ་རས་པའི་སྐོར།(1)

དེ་སྔོན་མཁས་པ་དུ་མའི་ཞལ་ནས།  མི་ལ་རས་པ་ནི་བླ་མ་བསྟེན་ཚུལ་ཡག་ནས་རྟོགས་པ་ཀློང་དུ་བརྡོལ་ཏེ་ཤེས་བྱའི་གནས་གང་ལའང་མཁྱེན་པའི་ཡོན་ཏན་བརྙེས་པ་རེད་ཟེར་བ་ལས། ཁོང་གིས་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་དཔེ་ཁྲིད་ཞུས་ནས་དཔེ་ཆ་མང་པོ་གཟིགས་པ་རེད་ཟེར་མཁན་མ་བྱུང་ལ།   དཔེ་ཆར་མཁས་པ་རེད་ཟེར་མཁན་ཡང་ཧ་ལམ་མེད་ཚོད་འདུག། ཡིན་ནའང་།   《མི་ལའི་རྣམ་ཐར་ཉི་ཟླའི་འོད་སྒྲོན》སོགས་ལ་བལྟས་ན།   ཁོང་ནི་དཔེ་ཆ་མང་པོ་གཟིགས་མཁན་ཞིག་ཡིན་པ་མ་ཟད། དཔེ་ཆའི་ནང་དོན་དག་ལ་ཐབས་ལམ་གཞན་ཞིག་གི་སྟེང་ནས་གོ་བ་ཁྱད་པར་ལེན་ཐུབ་མཁན་ཞིག་དང་།  ཉམས་མྱོང་ཁྱད་པར་བ་ཡོད་མཁན་ཞིག་རེད།

དཔེར་ན།  《མིད་ལའི་རྣམ་ཐར་ཉི་ཟླའི་འོད་སྒྲོན》ལས། དྭགས་པོ་ལྷ་རྗེ་ལགས་ཀྱིས་གདམས་པ་སྐོར་ཞིག་དྲི་བ་ཞུས་པའི་སྐབས་སུ།   “ཐབས་ལམ་ཆོས་དྲུག་འདི། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ནས་ཀྱི་གདམས་ངག་ཡིན་པས་ཆོས་སྒོ་ཡང་ཀྱེ་རྡོར་དང་བདག་མེད་མ་ལྷ་བཅོ་ལྔའི་དབང་དང་བྱིན་བརླབས་ཀྱིས་འབྱེད་པ་ཡིན་ལ།  བཀའ་བགོ་བའི་བསྟན་བསྲུངས་ཀྱང་གུར་མགོན་ཡིན་ལ།   རྒྱབ་ཆོས་ཀྱང་བརྟག་གཉིས་བཤད་པ་ཡིན།  ངས་ཀྱང་རྗེ་མར་པའི་དྲུང་ན་བརྟག་གཉིས་ཚར་བཅུ་དྲུག་ཉན།   བླ་མ་རྔོག་གི་དྲུང་དུ་ཚར་གཉིས་ཉན། ལར་ཚར་བཅོ་བརྒྱད་ཐོབ་གསུང་། ”ཞེས་གསལ་ཞིང་།

གོང་འཁོད་ཀྱི་ནང་དོན་དུམ་བུ་དེ་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ཞིག་ནི། མིད་ལ་རས་པ་ཁོང་གིས་བརྟག་གཉིས་ཀྱི་གཞུང་གཅིག་པུ་ཡང་ཚར་བཅོ་བརྒྱད་ཁྲིད་མྱོང་བའི་མི་ཞིག་རེད།  དེང་སང་གི་དཔེ་ཆ་བ་ཡིན་ཟེར་མཁན་དེ་ཚོས་ཀྱང་སློབ་གཉེར་གནང་སྐབས་རིག་གཞུང་གཅིག་གི་ཆོས་ཚན་གཅིག་ལ་ཚར་བཅོ་བརྒྱད་སློབ་ཁྲིད་ཞུས་པ་དེ་འདྲ་ཧ་ལམ་དཀོན་པོ་རེད། དེས་ན་མིད་ལ་རས་པ་ནི་སྒྲུབ་པ་ཉམས་ལེན་བྱེད་མཁན་རྣལ་འབྱོར་པ་ཞིག་དང་རྟོགས་ལྡན་པ་ཞིག་ལས་དཔེ་ཆ་བ་ཞིག་ཡིན་སྣང་མི་བསམ་པའི་གཏམ་སྨྲ་བ་ནི།   ཁོང་གི་ལོ་རྒྱུས་རྣམ་ཐར་སྐོར་ལ་རྒྱུས་མེད་པའི་སྐད་ཆ་ཞིག་ལས།   དངོས་ཡོད་ལོ་རྒྱུས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་མ་རེད་འདོད།

2019/3/20/


མི་ལ་རས་པ་ཙོང་ཁའི་ཡུལ་དུ་ཕེབས་པའི་སྐོར།  (2)


ཉེ་སྔོན་མི་ལ་རས་པའི་རྣམ་ཐར་མི་འདྲ་བ་སྐོར་ཞིག་ལ་བག་ཆགས་འཇོག་པའི་ཚུལ་དུ་དཔེ་ཀློག་ཙམ་བྱས་པ་ཡིན།   དཔེ་ཀློག་བྱས་པའི་ཁྲོད་ནས་བག་ཆགས་ཆེས་ཟབ་མོ་ཐོབ་པའི་མི་ལའི་ལོ་རྒྱུས་རྣམ་ཐར་ནི། ངན་རྫོང་སྟོན་པ་སོགས་ཀྱིས་མཛད་པའི་མི་ལའི་རྣམ་མགུར་དང་། ཀརྨ་རང་བྱུང་རྡོ་རྗེའི་མི་ལའི་གསུང་མགུར་མཛོད་ནག་མ་དང་།   གཙང་སྨྱོན་གྱི་རྣམ་མགུར་དང་།  ཕག་གྲུ་དང་ཞང་གཡུ་བྲག་པའི་མི་ལའི་རྣམ་ཐར་དང་།  ལྷོ་རོང་ཆོས་འབྱུང་དང་།   དེབ་སྔོན།  ཆོས་འབྱུང་མཁས་དགའ།  འབྲུག་ཆོས་འབྱུང་རྣམས་སུ་གསལ་བའི་མི་ལའི་རྣམ་ཐར།  གཡུང་སྟོན་ཞི་བྱེད་རི་ཁྲོད་པའི་མི་ལའི་རྣམ་ཐར་ཉི་ཟླའི་འོད་སྒྲོན་དང་། མཁའ་སྤྱོད་དབང་པོའི་མི་ལའི་རྣམ་ཐར་དང་།   ཤཱཀྱ་རིན་ཆེན་གྱི་མི་ལའི་རྣམ་ཐར།  མི་ལའི་རྣམ་ཐར་མོས་གུས་སྙེ་མ། མི་ལའི་ལོ་རྒྱུས་མགུར་བཀྲ་ལྷ་བརྒྱ་མའི་ཐང་རིས། བཀའ་བརྒྱུད་གསེར་ཕྲེང་དུ་གསལ་བའི་མི་ལའི་ལོ་རྒྱུས་སོགས་ཡིན་ལ།

རྣམ་ཐར་ལོ་རྒྱུས་དེ་དག་ལ་མཇལ་རྗེས་དམིགས་བསལ་ཞིག་ཤེས་རྟོགས་བྱུང་བ་ནི།   རྗེ་བཙུན་མི་ལ་རས་པ་ཞེས་པ་ཁོང་ནི་གནས་གངས་ཁྲོད་འགྲིམས་པའི་རི་ཁྲོད་པ་ཞིག་ཡིན་པ་མ་ཟད།  ཡངས་པའི་རྒྱལ་ཁམས་མྱུལ་བའི་རྒྱལ་ཁམས་པ་ཞིག་དང་།   ཐོས་པ་ཕྱོགས་སུ་མ་ལྷུང་བའི་དཔེ་ཆ་བ་ཞིག་དང་།  རྟོགས་པ་གླུ་རུ་གྱེར་བའི་གཞས་པ་ཞིག་དང་། སྤྱོད་པ་འཆལ་པོར་མཛད་པའི་རྣལ་འབྱོར་བ་ཞིག་དང་། སྣང་སྲིད་ཐམས་ཅད་དཔེ་ཆ་རུ་ཤར་བའི་ཨ་སྐྱོ་བ་ཞིག་ཀྱང་རེད།   ད་དུང་བདག་གིས་ཤེས་པར་དཀའ་བའི་རྡོ་རྗེ་འཆང་དབང་དངོས་ཡིན་ཡང་སྲིད། ཡིན་ནའང་། 

འདིར་ཁོང་གི་ལོ་རྒྱུས་ཡིག་ཚང་ལས་མཐོང་བའི་དོན་དག་གཞན་ཞིག་བཤད་པར་འདོད། དེ་ནི་མི་ལ་རས་པ་ཁོང་དངོས་སུ་མདོ་ཁམས་ཙོང་ཁའི་ཡུལ་དུ་ཕེབས་མྱོང་བ་མ་ཟད། ཟི་ལིང་དང་།  མཚོ་སྔོན་པོ། ཚྭ་ཁ།   ཨན་ཆུང་གནམ་རྫོང་དང་།  དན་ཏིག་སོགས་ལའང་ཕེབས་མྱོང་ངམ་སྙམ།  རྫུ་འཕྲུལ་གྱིས་ཕེབས་པ་ཡང་མ་རེད། ཡུན་ཐུང་བ་ཙམ་ལས་སྐུ་དངོས་སུ་ཞབས་ཀྱིས་བཅགས་ནས་ཕེབས་པར་བཤད།

ཐེངས་དེར་ཙོང་ཁའི་ཡུལ་དུ་ཕེབས་དོན་ནི།   ཙོང་ཁའི་རྒྱལ་པོ་དར་མ་འབུམ་གྱིས་གདན་དྲངས་པ་ཡིན་ཞེས་གསལ།  ཙོང་ཁའི་རྒྱལ་པོ་དར་མ་འབུམ་ནི། བོད་ཀྱི་ལོ་རྒྱུས་ཡིག་ཚང་གཞན་དུ་བཤད་ཡོད་པ་མ་མཐོང་།   མངའ་རིས་རྒྱལ་པོ་རྩེ་ལྡེའི་སྐབས་ཡིན་འདུག་པས།   དེས་ན་ཙོང་ཁ་རྒྱལ་པོ་ཁྲི་ལྡེའི་སྲས་ཡིན་ནམ་སྙམ།  གྱི་ལྗང་ལོ་ཙཱ་བ་དང་།  པཎྜི་ཏ་འབུམ་ཕྲག་གསུམ་པ། ལོ་ཙཱ་བ་ཞ་མ་སེང་རྒྱལ་སོགས་ཀྱང་ཙོང་ཁའི་རྒྱལ་པོས་གདན་དྲངས་ནས་ཙོང་ཁའི་ཡུལ་དུ་ཕེབས་ཚུལ་ཆོས་འབྱུང་རྣམ་ཐར་རེ་གཉིས་ལས་བཤད་ཀྱང་། དེའི་སྐབས་ཀྱི་ཙོང་ཁའི་རྒྱལ་པོའི་མཚན་ལ་ཁྲི་སྟོན་ཆེན་ཞེས་བཤད་ཡོད།  ཁྲི་སྟོན་ཆེན་བྱ་བ་ནི་རྒྱའི་ཡིག་ཚང་དུ་འཁོད་པའི་ཙོང་ཁའི་རྒྱལ་པོའི་སྲས་(董毡)མིན་འགྲོ་སྙམ།  གདུང་སྲས་སྤྱན་སྔ་བ་དོན་ཆེན་ཟེར་བ་ཞིག་ཀྱང་ཡོད་ཚུལ་ཡིག་ཚང་ལ་ལར་བཤད། གང་ལྟར་རྗེ་བཙུན་མི་ལ་རས་པ་གདན་འདྲེན་ཞུ་མཁན་ཙོང་ཁའི་རྒྱལ་པོའི་མཚན་ལ་དར་མ་འབུམ་ཞེས་འཁོད་ཡོད། འདི་དང་པཎ་ཆེན་འབུམ་ཕྲག་གསུམ་པ་གདན་འདྲེན་ཞུ་མཁན་ཙོང་ཁའི་རྒྱལ་པོ་ཁྲི་སྟོན་ཆེན་གཉིས་ཀྱི་མཚན་ནི་སོ་སོར་རེད་འདུག

དུས་སྐབས་དེར་ཙོང་ཁའི་རྒྱལ་པོ་དར་མ་འབུམ་གྱིས་མི་ལ་རས་པ་ལ་འདམ་སེང་དཀར་མོའི་ཞོ་ཟས་དྲངས་པའི་ཞལ་ཕོར་དེ་དུས་ཕྱིས་སུ་བྱོན་པའི་ཞི་བྱེད་རི་ཁྲོད་པས་ཀྱང་དངོས་སུ་མཇལ་མྱོང་བར་བཤད་དོ།།

མི་ལ་ཡབ་སྲས་རྣམས་ཙོང་ཁའི་ཡུལ་དུ་ཕེབས་སྐབས་ཙོང་ཁའི་བཤན་པ་ཞེས་པ་སྐད་གྲགས་ཆོད་པའི་སྡིག་པོ་ཆེ་ཞིག་ཡོད་པ་དེ་ཆོས་ལ་བཏུལ་ནས་མི་ལའི་སློབ་མ་རྐྱེན་ངན་གྲོགས་སུ་གྱུར་བའི་སློབ་མར་གྱུར་བ་དང་།  རྨ་ཤོད་རྒྱལ་བུ་དོན་གྲུབ་དཔལ་སོགས་སློབ་མ་མང་དུ་བྱོན་ནོ།།

ཡང་མི་ལའི་རྣམ་ཐར་དུ་བཤད་པའི་བྱང་ཨ་འདར་ཚ་ཁའམ་ཨ་འདར་ཚ་ཁ་ཞེས་པའི་ས་མིང་དེ་ནི་མཚོ་སྔོན་གྱི་ཚ་ཁའི་མཚོ་ཡོད་ས་དེར་གོ་བ་ཡིན་ནམ།  ཡང་ན་ཨ་འདར་ཆ་ཁ་ཟེར་བ་དེང་སང་ཡང་ཟུར་མ་ཆག་པར་འབོད་པའི་བ་ཡན་རྫོང་ཁོངས་ཀྱི་ཨ་འདར་ཆ་ཁ་ལྷ་ཁང་ཡོད་ས་དེ་ཡིན་ཤེས་མ་སོང་།  ཕྱི་མ་ཡིན་ན།   དན་ཏིག་དང་ཨན་ཆུང་གནམ་རྫོང་གཉིས་ཀྱི་བར་ན་ཡོད་པས་སོ།།

གང་ལྟར་མི་ལའི་རྣམ་ཐར་ནང་གི་ཙོང་ཁའི་རྒྱལ་པོ་དར་མ་འབུམ་བྱ་བ་ནི་ཙོང་ཁའི་རྒྱལ་རབས་ཞིབ་འཇུག་བྱེད་མཁན་ཚོ་ལ་ཤིན་ཏུ་གལ་ཆེ་བའི་མི་སྣ་ཞིག་ཀྱང་ཡིན་པ་བཤད་མ་དགོས་སོ།། 

2019/3/20/