ལག་རྩལ་གསར་པ་དང་འབྲེལ་གཏུག་སྨྱན་ཆས་ཀྱིས་ང་ཚོའི་འཚོ་བ་དང་མཐོང་རྒྱ་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་ཀིན་ཡོད་པ་དང་།ང་ཚོའི་འཚོ་རྟེན་ནི་གྲངས་འཛིན་དུས་རབས་དང་འབྲལ་མི་ཕོད་པ་ཞིག་ཡིན། སྨྱན་ཆས་གསར་པ་ནི་འཐུང་ཆུ་དང་མཁའ་རླུང་ཇི་བཞིན་འཚོ་བའི་གང་ས་གང་དུ་གནས་པ་མ་ཟད་འཚོ་བའི་རོལ་སྟངས་དང་། བྱ་སྤྱོད་གོམས་སྲོལ། རིན་ཐང་ལྟ་བ། ངོས་འཛིན་བྱེད་སྟངས་དང་སློབ་སྦྱོང་བྱེད་སྟངས་སོགས་ལ་ངང་ངམ་ཤུགས་ཀྱིས་འགྱུར་ལྡོག་དང་ཤུགས་རྐྱེན་ཐེབས་ཀྱིན་འདུག

སྨྱན་ཆས་གསར་པ་ཁྱིམ་བདག་དང་བྱིས་པར་མཚོན་ན་དུས་མཉམ་ངང་བྱུང་བ་དང་། ཉེ་བའི་ལོ་གཉིས་རིང་། མི་རྣམས་ཀྱིས་བརྙན་ཐུང་ལྟ་བའི་ཐད་ལ་དུས་ཚོད་མང་པོ་འཕྲོ་བརླག་བྱེད་བཞིན་ཡོད། དེ་ཡང་ཁྱིམ་བདག་རྣམས་ཀྱིས་ཁྱུག་དབྱངས(抖音)དང་ཁའེ་ཧྲུག(快手)རྩེ་བ་མ་ཟད། དེས་མི་ཚད་བྱིས་པ་རྣམས་ཀྱིས་ཀྱང་ཁ་པར་གྱི་འཇིག་རྟེན་ལ་མགོ་གཡེང་ནས་བསྡད་ཡོད།

མི་ཁ་ཤས་ཀྱིས་བཤད་རྒྱུར་ཁྱུག་དབྱངས(抖音)དང་ཁའེ་ཧྲུག(快手)ནང་གི་བརྙན་དེ་དག་གིས་བྱིས་པ་རྣམས་ལ་གནོད་སྐྱེལ་བ་དང་། ཡང་ཁ་ཤས་ཀྱིས་བཤད་རྒྱུར་ཁྱུག་དབྱངས་ནང་གི་བརྙན་དེ་དག་གིས་བྱིས་པའི་མཐོང་ལམ་རྒྱ་སྐྱེད་པ་མ་ཟད་ཤེས་བྱའི་ཡོན་ཏན་དང་དྲང་ཕྱོགས་ནས་ནུས་ཤུགས་ཇི་སྙེད་ཅིག་སྤྲོད་ཐུབ་ཟེར། བརྙན་ཤེལ་འབྲེལ་འཛུགས་ཀྱི་དུས་རབས་སུ་ནང་དོན་གི་ཐད་ཉ་ཉོག་མཉམ་བསྲེས་ཡིན་པས་བྱིས་པ་རྣམས་དེའི་ཐད་ནས་ལེགས་ཉེས་བླང་དོར་དང་སྙིགས་དོར་བཅུད་ལེན་ཤེས་པ་ནི་ཁྱིམ་བདག་རྣམས་ཀྱི་འགན་འཁྲི་གཙོ་བོ་ཞིག་ཡིན་པར་འཁུམས།

བྱ་སྤྱོད་ཀུན་དང་འདྲ་པར། ཕ་མ་ཟུང་གིས་གློག་རྡུལ་སྨྱན་ཆས་བེད་སྤྱོད་ཀྱི་གོམས་གཤིས་ནི་བྱིས་པ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པ་དང་། ཞིབ་མོར་བཤད་ན། ཁྱིམ་བདག་རྣམས་ཀྱིས་བྱིས་པ་འཚར་ལོངས་ཆེད་དུ་སྨྱན་ཆས་བེད་སྤྱོད་ཀྱི་ཁོར་ཡུག་ཅིག་སྐྲུན་པ་གཏན་ནས་མི་འདྲ་སྟེ། ཁོ་ཚོས་གདམ་གསེས་དང་རང་གི་བྱིས་པ་རྣམས་ཀྱིས་སྨྱན་ཆས་བེད་སྤྱོད་ཀྱི་གནས་ཚུལ་དང་འབྲེལ་བ་དམ་ཟབ་ཡོད། ཨ་མེ་རི་ཁའི་ནུབ་བྱང་སློབ་ཆེན་གྱིས་ཞིབ་འཇུག་ཅིག་ལས་ཤེས་གསལ་ལྟར་ན། བྱིས་པ་ལོ0ནས་ལོ་8ཁྲོད། ཁྱིམ་བདག་གིས་བྱིས་པར་སྨྱན་ཆས་ཅི་རིགས་བེད་སྤྱོད་ལ་གཙོ་ཁྲིད་ཀྱི་ནུས་བ་ལྡན།བྱིས་པ་དང་ལོ་ཆུང་གཞོན་ནུ་ཚོས་གློག་རྡུལ་སྨྱན་ཆས་དང་དྲ་བར་ཁ་གཏད་ཚེ། ཕ་མ་མི་འདྲ་བ་ལ་བྱེད་ཐབས་མི་འདྲ་བ་རེ་ཡོད་པ་དང་། ཁོང་ཚོ་ལམ་མདོ་མི་འདྲ་བ་ནས་ཡར་ལངས་ཏེ་བྱིས་པ་རྣམས་མི་ཚེ་ཡི་ལམ་ཁ་མི་འདྲ་བའི་ཕྱོགས་སུ་ཁྲིད་སྟོན་བྱེད་ཀྱི་ཡོད། བྱེ་བྲག་ཏུ་གཤམ་གྱི་རིགས་འདི་དག་ཡོད།

སྒྱིད་ལུག་རིགས་ཀྱི་ཕ་མ། གང་འདོད་དུ་རྩེ་རུ་བཅུག་པ། ཉི་མ་རེར་རང་གི་ལས་ཀ་དང་རོལ་རྩེད་ལ་མགོ་གཡེང་ནས་སྡོད་པ་ལས། བྱིས་པས་གློག་ཀླད་དང་ཁ་པར་རྩེ་ན་སྐྱོན་མི་འདུག་བསམ་པ་མ་ཟད།འུར་དང་རྙོག་དྲ་མི་བཟོ་བ་དང་རང་ཉིད་ལ་བར་ཆད་མ་བཟོས་ན་ཁོས་ཅི་བྱེད་ཀྱང་ཆོག་ཅེས་ཟེར་བའི་ཕ་མ་འདི་རིགས་རྒྱུན་དུ་མཐོང་ཐུབ་ལ། བྱིས་པ་ངུ་བ་དང་རེ་བ་རེ་བཏོན་པ་ཙམ་གྱིས་རྩེས་ཤིག་ཅེས་ཟེར་ནས་ཞར་དང་ཞོར་ནས་བྱིས་པར ipad དང་ཁ་པར་སྤྲོད་ཀྱི་འདུག

གཅེས་ལང་ངན་ཤོར་རིགས་ཀྱི་ཕ་མ། ཁ་པར་དང་གློག་ཀླད་ནི་སྤྲི་གོར་དང་བྱེ་རིལ་ཡིན་འདོད་པས། བྱིས་པར་ཅི་མཁོ་དེ་སྤྲོད་དང་། བྱིས་པར་སྤྲད་པ་མ་ཟད། ད་དུང་གསར་པ་ཉོས་ནས་སྤྲད་པ། དེ་ལ་རྩ་དོན་གཅིག་ལས་མེད་པ་དང་།བྱིས་པའི་སེམས་པ་སྤྲོ་རུ་འཇུག་རྒྱུ་དེ་ཡིན་པར། དེ་སྤྱོད་ན་རུང་ངམ་མི་རུང་།གང་ལྟར་བེད་སྤྱོད་བྱེད་དགོས་པའི་གནད་དོན་ལ་རྩ་བ་ནས་བསམ་བློ་མི་གཏོང་བའོ།།

ཚོད་འཛིན་རིགས་ཀྱི་ཕ་མ། གློག་ཀླད་དང་ཁ་པར་ནི་སྐྱི་གཡའ་བའི་ཤ་འོད་དང་གཅན་གཟན་གཏུམ་པོ་བཞིན་དུ་འཇིག་པར་མཐོང་བས། དེ་དག་གིས་བྱིས་པའི་འཚར་ལོངས་དང་སློབ་སྦྱོང་ལ་ཕན་ཅི་ཡང་མི་ཐོགས་པར་བསམ། ཁོང་ཚོས་ནམ་རྒྱུན་དུ་རྩེད་མོར་ཁ་གཡེང་མིག་གཡེང་ལས་སློབ་སྦྱོང་བྱེད་མི་ཤེས་ཞེས་སྐད་ཆ་དེ་འདྲ་བཤད་ནས། གློག་སྒོ་བརྒྱབ་པ་དང་དྲ་བཀག་ནས་བྱིས་པ་དྲ་ངོས་སུ་ཞུགས་པར་བཀག་འགོག་བྱེད་བཞིན་ཡོད།

བཙན་དྲགས་རིགས་ཀྱི་ཕ་མ། ཞི་དུལ་འཇམ་ཐབས་ལས་གཅར་རྡུང་གི་ཐབས་བཀོལ་ན་བཟང་ཞེས་པ་དང་།  བྱ་བ་ཐམས་ཅད་ཐག་གཅོད་ལ་དྲག་པའི་ཐབས་སྤྱད་པ། བྱིས་པ་ཡིས་གློག་རྡུལ་སྨྱན་ཆས་དང་དྲ་བ་ཚད་བརྒལ་གྱིས་ཞུགས་དུས་དབྱུག་པས་རྡུང་རྡེག་བྱེད་བཞིན་པ།

ཆེད་ལས་རིགས་ཀྱི་ཕ་མ། གང་སྤང་དགོས་པ་དང་ཅི་ལེན་དགོས་པ་གསལ་པོ་ཡོད་པར། གློག་རྡུལ་སྨྱན་ཆས་དང་དྲ་བ་རིགས་སོ་སོ་དབྱེ་ཡོད་པར་རྩོད་སྒྲུབ་ཀྱི་ལྟ་བ་བཟུང་བ་་དང་། སྙིགས་དོར་བཅུད་ལེན་གྱིས་བྱིས་པར་བེད་སྤྱོད་བྱེད་པ་ལས་དེ་དག་གི་བྲན་དུ་མི་ལྷུང་པའོ།།

བྱིས་པ་ལོ་ཆུང་རྣམས་ཀྱིས་གློག་རྡུལ་སྨྱན་ཆས་དང་དྲ་བར་མགོ་ཁུག་པའི་གནད་དོན་ཐད་ལ། ཚན་རིག་གིས་སྣེ་སྟོན་བྱེད་པའི་རྩ་དོན་ནི་གདམ་ག་གང་མང་དང་། དགོད་སྒྲ་གང་མང་ཞེས་པ་ལས་མི་འོས་པར། སྒྱིད་ལུག་དང་ཡང་ན་གཅེས་ལང་བཏང་བ། ཡང་ན་ཚོད་འཛིན་བྱེད་པ། བཙན་དྲག་ལ་བརྟེན་པ་བཅས་གང་ཡིན་ཀྱང་། དེ་དག་ཚང་མ་དེང་གི་དུས་རབས་འདིར་འགན་འཁྲི་ཡོད་པའི་ཕ་མ་ཟུང་ལ་ཡོད་དགོས་པའི་རིག་ལམ་ཞིག་མིན། ཆེད་ལས་རིགས་ཀྱི་ཕ་མ་ནི་ཉིན་དཀར་གྱི་སྐར་མ་དང་རི་བོང་གི་རྭ་བཞིན་དུ་དཀོན་པོ་ཡིན་ཞིང་། དེའི་རྒྱུ་མཚན་ནི་དོན་དག་འདི་དཀའ་ལས་བརྒྱ་ཕྲག་ཡོད་པའི་རྐྱེན་མིན་པས་དེ་ནི་ཕ་མ་མང་ཆེ་བ་བྱ་བ་དེ་གང་ལྟར་བསྒྲུབ་པར་རྨོངས་ཡོད་བ་དང་། དེ་ལ་དོ་དམ་བྱེད་མི་འདོད་པ་དང་དོ་དམ་བྱེད་མི་ནུས་བ་མིན་པར་ཁོང་ཚོ་དེ་སྐོར་གྱི་རྒྱུན་ཤེས་དང་ཐབས་ཤེས་མེད་པས་སོ།། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཁྱིམ་བདག་མང་ཆེ་བས་མ་གཞི་ནས་དྲ་བ་དངོས་ལ་ངོས་འཛིན་ཡག་པོ་བྱུང་མེད་པ་དང་སྨྱན་ཆས་སྤྱོད་པའི་བྱང་ཚད་མི་འདང་བ་བཅས་ཀྱིས་བྱ་ཐབས་ཟད་པའོ།།

བརྟག་དཔྱད་ལས་ཤེས་གསལ་ལྟར་ན། ལོ་ཆུང་བྱིས་པ་རྣམས་ཀྱིས་དྲ་བའི་ཤེས་བྱ་སྐོར་ནས་རང་གི་ཕ་མ་ལས་འཇོན་ཟེར་བ12.9%ཟིན་པ་དང་། དེ་ནས་དམའ་འབྲིང་གི་སྐབས་སུ། གྲངས་ཀ་དེ་རིམ་གྱིས་འཕར་ནས65.4%ལ་སླེབས་འདུག ཡིན་ནའང་བྱིས་པ་ལས་རང་ཉིད་འཇོན་ཟེར་བའི་ཁྱིམ་བདག་ནི14.9%ལས་ཟིན་མེད་པར། དམའ་འབྲིང་ལ་སླེབས་ཚེ།གྲངས་ཀ་འདི་70.9%ལ་འཕར་འདུག གཞན་ཡང་བྱིས་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་བར་སྟོང་མང་ཆེ་བ་དྲ་བ་དང་གློག་རྡུལ་སྨྱན་ཆས་ཀྱིས་ཁ་སྐོང་བྱས་པ་ཡིན་པས་ཁྱིམ་བདག་ནི་བྱིས་པར་འཚོ་བ་དང་སློབ་སྦྱོང་ཕྱོགས་ལ་ཤུགས་རྐྱེན་ཐེབས་ནུས་ཇེ་དམའ་རུ་འགྲོ་བཞིན་ཡོད་ལ། དེ་དང་དུས་མཚུངས་སུ་དྲ་བའི་ཤུགས་རྐྱེན་ནི་གོང་ནས་གོང་དུ་འཕར་གྱིན་འདུག དམའ་འབྲིང་གི་སློབ་མ་སློབ་སྦྱོང་གི་ཁྲོད་གནད་དོན་འཕྲད་དུས། སློབ་མ་21.4%དྲ་བར་ཞུགས་ནས་གནད་དོན་ཐག་གཅོད་དང་། སློབ་མ་27.3%འབྲེལ་ཡོད་ཀྱི་དཔེ་ཆར་བསྟེན་པ། ཕ་མ་ཟུང་ལ་བཀའ་འདྲི་གནང་ནས་གནད་དོན་ཐག་གཅོད་བྱེད་འདོད་པའི་སློབ་མ་ནི10%ལས་ཟིན་མེད་པའོ།།

“ཕ་མར་བཀའ་འདྲི་གནང་བ་ལས་དྲ་བར་བསྟེན་ན་བཟང”ཞེས་པའི་མཚོན་དོན་ནི་དྲ་སྦྲེལ་གྱིས་ཕ་མ་དང་བུ་ཕྲུག་བར་ལ་གྲངས་ཀའི་འགལ་རྐྱེན་ཆེན་པོ་ཞིག་བཟོས་ཡོད་པར་དེ་ཡིས་ཁོང་ཚོ་ཕན་ཚུན་བར་ཡིད་ཆེས་ཡལ་ཟིན་པ་ཞིག་ར་སྤྲོད་བྱེད་ཐུབ། ཕ་མ་རྣམས་ཀྱིས་སྐབས་འདི་རུ་དོགས་ཟོན་བྱས་ཏེ་རང་གི་ཤེས་བྱའི་རྣམ་པ་བརྗེས་བསྒྱུར་བྱས་ནས་སྨྱན་ཆས་ཀྱི་བྱང་ཚད་ཇེ་མཐོར་གཏོང་སྟེ་གནས་བབས་མི་ལེགས་པ་དེ་ལས་བརྒལ་པ་དང་རང་གི་བྱིས་པ་དྲ་བའི་འོབས་དོང་ལས་སྐྱོབ་གང་ཐུབ་བྱེད་དགོས།

ཨ་མེ་རི་ཁའི་སྨྱན་ཆས་བྱང་ཚད་ཞིབ་འཇུག་ལྟེ་གནས་ཀྱི་མཚན་ཉིད་བཞག་པ་ལྟར་ན། སྨྱན་ཆས་བྱང་ཚད་ནི་མི་རྣམས་ཀྱིས་སྨྱན་ཆས་སྣ་ཚོགས་ཁྲོད་ཆ་འཕྲིན་ཅི་རིགས་ལ་ཁ་གཏད་དུས་མངོན་པའི་འདེས་གསེས་ནུས་བ་དང་། ཐེ་ཚོམ་ནུས་བ། གོ་བ་ལེན་པའི་ནུས་བ། དཔྱད་དཔོག་ནུས་བ། གསར་གཏོད་དང་ཐོན་སྐྱེད་ནུས་བ། གཞན་ཡང་རྟོག་དཔྱོད་ཀྱི་ཚོར་སྣང་སྐྱེན་ཡང་བའི་ནུས་བ་བཅས་ལ་ཟེར། དེང་གི་ཆར་སློབ་གྲྭ་ཆུང་འབྲིང་གི་སློབ་མར་མཚོན་ན་སྨྱན་ཆས་བྱང་ཚད་ནི་གློག་རྡུལ་སྨྱན་ཆས་ཀྱི་ངོ་བོ་དང་ནང་དོན་ལ་བརྡར་ཤ་གཅོད་པའི་ནུས་བ་ཞིག་རང་ངོས་སུ་འཇགས་པར་རོགས་རམ་ནི་གལ་ཆེ་ནང་གི་འགངས་ཆེན་རེད། ཁོ་ཚོར་གློག་རྡུལ་སྨྱན་ཆས་ཅི་ཡིན་དང་། བེད་སྤྱོད་གང་འདྲ་བྱེད་ཆོག་ཤེས་སུ་འཇུག་དགོས་ཤིང་། སྒོས་སུ་གློག་རྡུལ་སྨྱན་ཆས་ཀྱིས་རང་ཉིད་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་པ་གསལ་བོ་རྟོགས་པར་འཇུག་དགོས།

སྐབས་འདི་རུ་ཁྱིམ་ཚང་སློབ་གསོ་ནི་དེ་སྔ་དང་བསྡུར་ན་ནུས་བ་དེ་ལས་གལ་ཆེན་པོ་ཞིག་ཐོན་དགོས། བྱིས་པའི་སྨྱན་ཆས་ཀྱི་བྱང་ཚད་སྐྱེད་སྲིང་དང་བྱིས་པས་གློག་རྡུལ་ལག་ཆ་ཡང་དག་ངང་བེད་སྤྱོད་བྱེད་པའི་ཁྲིད་སྟོན་ཕྱོགས་ནས་ཕ་མའི་ནུས་བ་ནི་ལྟ་ཞིབ་རྐྱང་རྐྱང་ཙམ་མ་ཡིན་པར་རང་དཔེ་གཞན་སྟོན་དང་། རང་ཉིད་ཀྱི་བྱ་སྤྱོད་དང་གོམས་གཤིས། ཁ་ཏ་སློབ་གསོ་དང་ལག་ལེན་སྤྱོད་ཚུལ་གྱི་བྱེད་ཐབས་སྟེང་ནས་རིན་ཐང་གི་ལྟ་བ་ཆགས་བཞིན་པ་དང་འགྱུར་ལྡོག་བྱུང་བཞིན་པའི་གནས་སུ་ཁེལ་པའི་བྱིས་པར་ཤུགས་རྐྱེན་སྤྲོད་པ་དང་ལེགས་འགྱུར་ཡོང་ཐབས་བྱེད་དགོས།

རང་ཉིད་ཀྱི་སྨྱན་ཆས་བྱང་ཚད་མཐོར་འདེགས་བྱེད་དགོས་པ་ལས་སླ་མོ་ཞིག་རེད། དེ་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་དང་བརྩོན་པ་ཧུར་ལེན་བྱེད་མི་དགོས། དེའི་སྐོར་གྱི་ཤེས་བྱ་དང་བྱང་ཚད་བྱིས་པར་བཀོལ་དགོས་པ་ཞིག་ཡིན་པས་བྱིས་པའི་ཁྲོད་འཚོལ་བདེ་པོ་ཡོད། ཕྱོགས་གཅིག་ནས་ཁྱིམ་བདག་གིས་རངའགུལ་གྱིས་ཞུགས་དགོས། ཁྱིམ་བདག་རང་ཉིད་དམའ་སར་བསྡད་ནས་བྱིས་པ་དང་མཉམ་དུ་ཤེས་བྱ་གསར་པ་སློབ་སྦྱོང་དང་དང་ལེན་བྱས་ནས་ཡར་རྒྱས་ཡོང་བ་བྱེད་དགོས།དཔེར་ན། བྱིས་པས་རོལ་རྩེད་ལ་མགོ་གཡེང་ནས་བསྡད་པ་མཐོང་དུས་ཁོ་དང་མཉམ་དུ་བསྡད་ནས་རང་ལ་བསླབ་ཏུ་འཇུག་པ་དང་། དེ་བཞིན་ཁོ་དང་མཉམ་དུ་བརྩེས་ནས་བསྡད་ཆོག ཕྱོགས་གཞན་ཞིག་མ་བསྐུལ་རང་སྟོབས་ཀྱིས་དེའི་ཕྱོགས་ལ་རང་འགུལ་གྱིས་སྦྱོང་དགོས། ཁྱིམ་བདག་རང་ཉིད་སོ་སོས་ལག་ཐོགས་ཁ་པར་དང་། ipad གློག་ཀླད་སོགས་བཀོལ་ནས་གཉེན་ཚན་གླེང་སྟེགས་སྐོར་ལ་རྒྱུས་ལོན་ཐེངས་མང་དང་གསར་དུ་བྱུང་བའི་བྱིས་སྐྱོང་མཉེན་ཆས་ཀྱི་ཆ་འཕྲིན་སོགས་ལ་ལྟ་བ་བཅས་བྱས་རྗེས་ཁྱོད་ཀྱིས་འཇིག་རྟེན་ཆུང་ཆུང་འདི་དོན་དངོས་སུ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་དང་ཤེས་བྱ་བརྗེ་སྒྱུར་ཡང་ཧ་ཅང་མགྱོགས་པོ་ཡིན་པ་ཤེས་རྟོགས་བྱེད་ཐུབ།

མིག་དཔེ་ཡག་པོ་འཛིན་པ། ཁྱེད་ཀྱིས་བྱིས་པར་ཁ་པར་དང་གློག་ཀླད་གང་ལྟར་བེད་སྤྱོད་བྱེད་དུ་བཅུག་འདོད་ན་རང་ཉིད་ཀྱིས་ནམ་རྒྱུན་ཁོ་ཚོའི་མདུན་དུ་དེ་ལྟར་བེད་སྤྱོད་བྱེད་དགོས། ཟ་མ་བཟའ་སྐབས་ལག་ཐོགས་ཁ་པར་དང་། ipadསོགས་མཐའ་གཅིག་ཏུ་བེད་སྤྱོད་མི་བྱེད་པ་དང་། བརྙན་འཕྲིན་མི་ལྟ་བའི་སྐབས་སུ་གློག་སྒོ་རྒྱག་པ།

སྔ་ཙམ་ནས་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ། ཡ་རབས་བྲོད་སེམས་ལྡན་པའི་ངང་བརྙན་ཤེལ་བེད་སྤྱོད་ཀྱི་གོམས་གཤིས་ནི་དུས་ཚོད་རིང་ཐུང་གཏན་ཁེལ་བྱེད་པ་མ་ཟད་རྒྱུན་བསྲིང་ལྷོད་མེད་བྱེད་དགོས། བྱིས་པ་ཆུང་དུས་ནས་བཟུང་དུས་ཚོད་ཚོད་འཛིན་བྱ་རྒྱུར་འགོ་བརྩམ་སྟེ། ཁྱིམ་མི་ཡོངས་ཀྱིས་མཉམ་གཅིག་ཏུ་སྲུང་བརྩི་དང་ཕན་ཚུན་ལྟ་སྐུལ་བྱེད་དགོས། ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

བྱིས་པ་དང་མཉམ་དུ་བེད་སྤྱོད་བྱེད་པ། བརྙན་ཤེལ་འདི་རིགས་རང་ནུས་ཅི་ཐུབ་ཀྱིས་བྱིས་པ་དང་མཉམ་དུ་བལྟ་བ་དང་བེད་སྤྱོད་བྱེད་དགོས། དེའི་བར་གསེང་དུ་བྱིས་པ་རྣམས་ལ་ཁྱིམ་བདག་གིས་ལྟ་བཞིན་པའི་ནང་དོན་སྐོར་ལ་ཁོ་ཚོ་བསམ་ཚུལ་དང་ལྟ་ཚུལ་གང་ཡོད་མེད་དྲི་བ་བཏོན་ཞིང་། རང་གི་རིན་ཐང་གི་ལྟ་བ་བྱིས་པར་མཉམ་རོལ་དང་ཁོ་ཚོར་རང་གིས་བརྙན་ཤེལ་དུ་མཐོང་བའི་ཤེས་བྱ་དང་རྒྱུན་གཏན་འཚོ་བའི་ཉམས་མྱོང་ཟུང་དུ་འབྲེལ་བར་སྐུལ་སྤེལ་གཏོང་དགོས། བྱིས་པ་ལོ་ན་བགྲེས་ཙམ་ཡིན་ཚེ་ཁྱིམ་བདག་གིས་རང་གི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་གི་ནང་དོན་སྐོར་མཉམ་རོལ་བྱེད་དགོས།

བར་ཆད་མེད་པར་གཏོང་བ། བྱིས་པས་ལས་བྱ་འབྲི་སྐབས་ཁ་པར་གྱི་གློག་སྒོ་རྒྱག་པ་དང་། བར་ཆད་འབྱུང་སླ་བའི་དངོས་པོ་ཉེ་སར་མི་འཇོག་པ་བྱེད་དགོས། ཁ་པར་གཏོང་མི་ཆོག་པའི་རྣམ་པ་བཟོས་པ་སྟེ། དཔེར་ན་ཁྱིམ་མི་ལྷན་འཛོམས་བྱུང་སྐབས་སྨྱན་ཆས་རིགས་ཀྱི་ཡོ་བྱད་དག་གློག་སྒོ་རྒྱག་དགོས།

ལག་དངོས་ཀྱི་ལས་ཀ་བསྐྱུར་བ། བྱིས་པར་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཆེད། ཁྱིམ་བདག་ཁ་ཤས་ཀྱིས་ཉིན་མཚན་ཀུན་ཏུ་ལས་ཀར་མགོ་འཁོར་ནས་བསྡད་ཡོད་པས་དེ་ནི་དཀའ་ཚེགས་ལྡན་པ་དང་ཐང་ཆད་པ་ཞིག་ཡིན་པ་མ་ཟད་དོན་དངོས་ཀྱི་འཚོ་བའང་མི་མཐུན་པ་ཞིག་ཡིན། ལས་ཀ་བསྒྲུབ་པའི་དུས་ཚོད་དང་ཁྱིམ་གྱི་ངལ་གསོ་ཡི་དུས་ཚོད་གཉིས་ལ་དབྱེ་མཚམས་གསལ་བོ་བྱེད་དགོས།

གློག་ཀླད་རོལ་རྩེད་སོགས་དངོས་ཡོད་ཀྱི་འཚོ་བའི་ནང་དུ་དྲངས་བ། བྱིས་པ་རྣམས་གློག་ཀླད་དང་བརྙན་འཕྲིན་ལ་དབྱིངས་ཞུགས་པའི་རྒྱུ་མཚན་ནི་ཁོ་ཚོར་སྤྲོ་བ་དེ་ལས་ལྷག་པའི་རྩེད་མོ་རྙེད་མེད་པས་ཡིན། བྱིས་པ་རྣམས་ལ་བཙན་དང་ཤུགས་ཀྱིས་གློག་ཀླད་དང་ipadརྩེ་རུ་མི་འཇུག་པ་དང་། ཡང་ན་བརྙན་འཕྲིན་ལྟ་བར་བཀག་འགོག་བྱེད་པ་བཅས་ལས་ཁོ་ཚོར་སྤྲོ་བ་ལྡན་པའི་ནང་དོན་དེ་རིགས་གཉེན་ཚན་རོལ་རྩེད་དུ་བསྒྱུར་ན་བཟང་སྙམ། རྩེད་མོ་འདི་རིགས་རྩེ་བདེ་བ་མ་ཟད་བྱིས་པ་རྣམས་ཀྱིས་གློག་རྡུལ་ཐོན་རྫས་རིགས་ལ་སེམས་པ་ཤོར་ནས་འབྲལ་མི་ཕོད་པའི་གནས་ཚུལ་ཛ་དྲག་དེ་ལས་སྐྱོབ་གང་ཐུབ་བྱེད་པ་མ་ཟད་གཉེན་ཚན་བར་གྱི་བརྩེ་བ་ཇེ་ཟབ་གཏོང་ཐུབ་པ་དང་བྱིས་པའི་བག་ལ་ཞ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ། གཅིག་བཀོལ་མང་ཆོད་ཡིན་པས་དེ་ནི་དགའ་འོས་བའི་བྱ་བ་ཞིག་ཡིན་ནོ།།

སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོ་ཐེབས་པའི་་ཁྱིམ་བདག་གིས་གློག་རྡུལ་བརྙན་ཤེལ་དང་གློག་རྡུལ་སྨྱན་ཆས་རིགས་མིག་གི་མཐོང་སར་མངོན་མི་འོས་ཞེས་བཤད། དེ་ལྟ་ཡིན་རུང་ཁྱིམ་བདག་གིས་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཤེས་རྟོགས་བྱེད་དགོས་པ་མ་ཟད་དང་ལེན་བྱ་རྒྱུ་ནི་སྨྱན་ཆས་མེད་པའི་གནས་ཤིག་མེད་པ་སྟེ། སྨྱན་ཆས་ནི་ང་ཚོའི་འཚོ་བའི་ཟབ་སར་ཞུགས་ཡོད། དེ་ནི་འཚོ་བའི་རོལ་སྟངས་ཤིག་ཡིན་པ་སྟེ།དུས་རབས21པའི་འཚོ་གནས་བྱེད་ཐབས་ཤིག་ཏུ་གྱུར་འདུག ཁ་པར་དང་གློག་ཀླད། ཡང་ན་ipadགང་རུང་ཞིག་ཡིན་ནའང་། དེ་དག་ཚང་མ་ནི་ལག་ཆའི་རིགས་ཤིག་ཡིན། ལག་ཆ་རང་སྟེང་ལ་བཟང་ངན་གྱི་དབྱེ་བ་མེད་དེ། གནད་འགག་ནི་བྱིས་པས་གང་ལྟར་བེད་སྤྱོད་བྱེད་པ་དང་། དེ་བཞིན་ཁྱིམ་བདག་རང་གིས་གང་ལྟར་བེད་སྤྱོད་བྱེད་འདོད་པ། ལག་ཆ་འདི་བེད་སྤྱོད་གང་ལེགས་བྱེད་དགོས་ན། ཁྱིམ་བདག་གིས་དགེ་སྤེལ་སྐྱོན་སེལ་བྱེད་ཤེས་བ་མ་ཟད་བྱིས་པ་དང་མཉམ་དུ་སྨྱན་ཆས་ལ་ཕྱོགས་ཡོངས་དང་ཡང་དག་པ་ཞིག་ངོས་འཛིན་དང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་དགོས།

འཕོ་འགྱུར་ཆེན་པོ་བྱུང་བའི་བརྙན་ཤེལ་སྤྱི་ཚོགས་ཀྱི་འབྲེལ་འཛུགས་དུས་རབས་སུ། ཁྱིམ་བདག་རང་སོ་སོ་ནས་རང་དཔེ་གཞན་སྟོན་བྱེད་པ་སྟེ། བྱིས་པར་གློག་རྡུལ་སྨྱན་ཆས་རིགས་སྐྱོན་དང་བྲལ་བ་དང་།འོས་འཚམ་གྱིས་བེད་སྤྱོད་དང་བྱ་འགུལ་གཞན་དག་བར་གྱི་འབྲེལ་བ་དོ་མཉམ་ངང་ཡོང་བ་བཅས་ལ་རོགས་རམ་བྱེད་དགོས། ཁྱིམ་བདག་གིས་ཁྱིམ་མིའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་གློག་རྡུལ་སྨྱན་ཆས་བེད་སྤྱོད་ཀྱི་སྒྲིག་ལམ་ཞིག་གསར་བཟོ་བྱེད་དགོས་པ་སྟེ། གློག་རྡུལ་སྨྱན་ཆས་བེད་སྤྱོད་བྱེད་དུས་ཀྱི་གོམས་གཤིས་ངན་པ་དང་བྱ་སྤྱོད་མི་ལེགས་པ་ཇེ་ཉུང་དུ་གཏང་སྟེ་གློག་རྡུལ་སྨྱན་ཆས་རིགས་ཀྱིས་བྱིས་པའི་ལུས་སེམས་དང་སྤྱི་ཚོགས་འབྲེལ་གཏུག ཡང་ན་མི་སྒེར་གྱི་ཡར་རྒྱས། སློབ་སྦྱོང་མངོན་སྟངས་སོགས་ཕྱོགས་དེ་རིགས་ལས་འབྱུང་བའི་གནད་དོན་ལ་སྐབས་ཐོག་ཏུ་གསར་རྙེད་ཐུབ་པ་དང་ཁ་གཏད་དུ་བཅོས་ཐབས་བྱེད་ཤེས་དགོས།

           

རྩོམ་པ་པོ་ནི་སན་ཧོ་དྲ་བ་སྲོལ་གཏོད་མཁན་དངCEOའགན་གཅིག་ལྕོགས་སུ་གནང་བའི་ཧུའུ་ཆང་ཡིན་ཞིང་།རྩོམ་འདི《ཀྲུང་གོའི་མི་རིགས་སློབ་གསོ》2018ལོའི་ཐེངས6པ་ལས་བཏུས་ཤིང་དཔལ་མཚོ་སྐྱིད་ཀྱིས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་བ་ཡིན།