༡ ༄༅།།     །།གནམ་ལབས་ཀྱི་བཙན་པོ།།

༢ ས་ལྷུནད་ཀྱི་མངའ་མཛད།། མྱི་རྗེ་ལྷའི་སྤྲུལ་

༣ པ། གནམ་གྱི་ལྷ་ལས་འགྲེང་མྱིའི་རྗེར་གཤེགས་

༤ ཏེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་བསྐྱོད་པའི་བོད་ཀྱི་

༥ སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞ་སྔའ་

༦ ནས་ཕོ་བྲང་གྲོ་ཤོད་བི་བ་མཁར་ན་བཞུགས་

༧ པའི་དུས་སུ། བཀའ་ལུང་གསལ་བའི་མདོའ་

༨ བྱང་གུ་གེའི་སྡེ་རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་

༩ གཙུག་པུད་རྗེ་ལ་ཁྭེ་ལ་ཡོས་བུའི་ལོ་རྒུན་

༡༠ ཟླ་ཐ་ཆུངས་ཀྱི་ངོ་ལ་བཀས་གནང་བ་།

༡༡ རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ལ་

༡༢ ཁྭེ་མཆིས་ན་ཡང་བཙན་པོ་གདུང་རྒྱུད་རིམ་

༡༣ ཕ་མེས་རྒྱུད་ཀྱིས་སྙིང་ཉེ་ཞིང་ཞོ་ཤ་ཆེར་

༡༤ ཕུལ། མེས་སྟའུ་སྙ་གཟིག་ཀྱི་སྐུ་རིང་ལ་

༡༥ རྒྱ་ཤིན་བློན་ཆེན་པོ་འཛམ་གླིང་ཁྲི་དོག་བཞེར་

༡༦ བཙན་ནེས་དྲུ་གུ་ཡུལ་དུ་དམག་པོན་བགྱིས་ཏེ་།

༡༧ མྱང་དབས་མནོན་དང་གསུམ་། ཚེ་སྤོངས་འཕྲིན་

༡༨ དང་སྒོ་བསྟུན་ནས་། རྒྱལ་ཕྲན་བཅུ་གཉིས་ཀྱིའ་

༡༩ སྲིད་བརླག་། ཞང་ཞུང་སྡེ་དང་བཅས་པ་འ་ཞའ་

༢༠ འཁོར་དང་བཅས་པ་། དགས་པོ་རྒྱབ་དང་བཅས་

༢༡ པ་མངར་འདུས་སྟེ་ཞབས་འདེགས་ཕུལ་། མེས་

༢༢ ཁྲི་གནམ་རི་སྲོང་བཙན་རླུང་ནམ་གྱི་སྐུ་རིང་ལ་

༢༣ རྒྱེ་ཤིན་བློན་ཆེན་པོ་ཨ་རྱ་འཛམ་བུས་དམག་དཔོན་

༢༤ བགྱིས་ཏེ་། སྦལ་ཏི་དང་ནོལ་ཐབས་མཛད་པའི་

༢༥ སར་དཔའི་ཡ་རབ་བགྱིས་ཆབ་སྲིད་རྒྱས་པར་

༢༦ བཅུགས་པས་བཀའ་རྟགས་ཀྱི་སྒྲོམ་བུ་མཐའ་

༢༧ དབུས་སུ་བཙན་པར་རྨེང་ཆགས་པའི་ཞབས་

༢༨ འདེགས་ཕུལ་། མེས་སྲོང་བཙན་སྒམ་པོའི་

༢༩ སྐུ་རིང་ལ་རྒྱེ་ཤིན་བློན་ཆེན་པོ་མང་རྗེ་བཙན

༣༠ ལ་མྱིས་རྒྱའི་ཕྱོགས་སུ་དམག་དྲངས་ག་རམ་

༣༡ རྒྱ་ཐང་དུ་རྒྱ་དང་ནོལ་ཐབས་མཛད་པའི་དུས་

༣༢ སུ་དཔའི་ཡ་རབ་བགྱིས། དཔའ་མཚན་སྟག་

༣༣ གི་ཟར་ཆེན་གསལ་། འགར་སྟོང་བཙན་ཡུལ་

༣༤ ཟུངས་དང་། ད་རྒྱལ་མང་པོ་རྗེ་སྲོང་ནམ་གཉིས་

༣༥ དང་སྒོ་བསྟུན་ནས་བོད་ཀྱི་མཁར་བཞི་བརྩིགས་

༣༦ པ་དང་། བོད་རུར་ཕྱེ་བ་དང་། སུམ་པ་སྡེར་བཅད་པ་

༣༧ ལ་སོགས་པའི་ཞབས་འདེགས་ཕུལ་བས་དཔེན་

༣༨ ཡོན་ལ་གསེར་གྱི་ཡི་གེ་ཆུ་ངུ་བཀས་གནང་

༣༩ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་། རྒྱེ་ཤིན་

༤༠ བློན་ཆེན་པོ་ཁྲི་དབང་གཙུག་པུད་རྗེ་ལ་ཁྭེས་

༤༡ ཡུལ་ན་གར་དུ་གཉི་འོག་དང་ནོལ་ཐབས་

༤༢ མཛད་པའི་དུས་སུ་། བྱ་ལོ་ནས་ལོ་རྒུའི་བར་

༤༣ དུ་རྒུ་ཁྲོམ་བགྱིས་དཔའ་འཛངས་ཀྱི་ཕུལ་བཏོན་

༤༤ ཏེ་། མཐའི་འགོ་མནན་རྗེའི་སྐུ་བཙས་ཆབ་

༤༥ སྲིད་ཀྱི་ནོལ་ཐབས་གར་བྱུང་དུ་སྒོ་སྲོག་ལ་མ་

༤༦ འཛེམས་ཏེ་ཆབ་སྲིད་གྲངས་དང་རིམ་པར་ཕྱག་ཏུ་

༤༧ ཕུལ་ཏེ་། དཔེ་ཡོན་ལ་སེང་གེའི་གོང་ལག་གསལ་

༤༨ གཡུའི་ཡི་གེ་ཆུ་ངུ་བཀས་གནང་། དེ་ལྟར་སུག་

༤༩ བྱད་ཡུན་དུ་བཟང་ཞིང་གདུང་རྒྱུད་རིམ་པ་ལ་མྱི་

༥༠ རབས་རྒྱུད་ཀྱིས་ཞོ་ཤ་ཆེར་བགྱིས་པའི་རྒེ་ཡོན་

༥༡ དང་སྦྱར་ནས་བཀའ་རྩིགས་གནང་བ་ཡིན་གྱིས་

༥༢ མངའ་མཛད་གདུང་རྒྱུད་ཇོ་མོ་བདན་ཁུར་ཕྱི་

༥༣ མ་རྣམས་ཀྱིས་ནམ་ནམ་ཞ་ཞ་། ཚེ་ཚེ་

༥༤ རབས་རབས་བུ་ཚ་མཐའ་རྗེས་མྱི་རབས་

༥༥ རྒྱུད་མར་མྱི་བཅོ་མྱི་བསྒྱུར་མྱི་དབྲི་མྱི་བསྐྱུང་

༥༦ བཀས་མྱི་བཤུ་མྱི་ཤ་སྨན་ཆལ་སྨ་སྟོའ་དང་

༥༧ བཅས་པ་ཡང་གདུང་རྒྱུད་རིམ་པས་བཀས་

༥༨ གནང་བའི་ཡིག་རྩང་དང་མཐུན་པར་བཀའ་

༥༩ སྟགས་འགུར་སྟགས་དང་བཅས་པ་འཆང་དུ་

༦༠ གསལད་པ་ཡིན་ནོ་།། ངའི་རྒྱེ་ཤིན་བློན་ཆེན་

༦༡ པོ་ཁྲི་དབང་གཙུག་པུད་རྗེ་ལ་ཁྭེ་བུ་ཚ་རྒྱུད་

༦༢ དུ་ཁྲག་ཆེ་བཏོན་ཆུང་བཏོན་ནི་ཤི་རི་ཤི་ཐང་དུ་

༦༣ བཀས་གནང་། སུས་བཀུམ་ཡང་ལྷ་གཉན་

༦༤ མཆོད་པ་དང་སྲི་གནོན་གྱི་རྐྱེན་ལ་བྲན་ཕོ་རུས་

༦༥ སྣ་རྒུ་བྲན་མོ་རུས་སྣ་རྒུ་གསེར་གྱི་མདའ་རྒུ་

༦༦ ཏྭ་དར་རྒུ་། གཡུའི་འཕང་རྒུ་ལ་སྲིན་བལ་

༦༧ འདབ་མ་བཏགས་པ་། མོན་ལུག་རྒུ་།

༦༨ མོན་ར་རྒུ་། ནས་ཁལ་རྒུ་། ཤིང་ཏོག་ཁལ་

༦༩ རྒུ་། མར་ཁྭག་རྒུ་། གུ་རམ་རྒུ་། ་་སྒང་

༧༠ རྒུ་ལ་སོགས་པ་དང་མཆོད་པར་བྱའོ་།། བླ་རི་

༧༡ རྩོ་རི་རྨ་བྱ་མདོངས་གསེར་གྱི་ཞུ་ལུབས་སུ་

༧༢ གཡོག་། བླ་མཚོ་ང་ར་གཡུ་མཐུར་ཅན་ནི་

༧༣ གཟི་མཆོང་གིས་གཅལ་དུ་བཀྲམ་། བླ་ཐང་

༧༤ གཡའ་ཐང་མྱིང་མང་རིས་ནི་དར་ཟབ་ཀྱིས་

༧༥ གཡོག་། ཕྲད་ཡས་དར་ཡུག་རྒུ་། གསེར་གྱི་

༧༦ སྦྲམ་བུ་རྒུ་། འབྲི་རྒུ་། རོ་གཡོགས་ལ་ཁྲབ་

༧༧ མྱིང་ཅན་རྒུ་། རོ་གལ་ལ་སྟ་རབ་རྒུ་། སྙིང་

༧༨ ནོན་ལ་གསེར་སྲང་བརྒྱ་དང་གཡུ་རབ་རྒུ་། 

༧༩ བར་སྟོང་ལ་སྟ་རབ་རྒུ་། གཡག་རབ་རྒུ་། ཟ་

༨༠ བོག་རབ་རྒུ་། ནས་ཁལ་རྒུ་། ལུག་གྲང་རྒུ་།

༨༡ སྟོང་ནག་ནི་ཤི་རི་ཤི་ཐང་གི་རྐང་གྲངས་ལས་

༨༢ བཀས་གནང་། སྲང་རྒུ་ཁྲི་རྒུ་སྟོང་། རྒུ་བརྒྱ་

༨༣ རྒུ་བཅུ་རྩ་རྒུ་། ཞོ་རྒུ་། ནམ་རྒུ་། ལུག་རྒུ་

༨༤ ཉིང་རྒུ་བཀས་གནང་། སོ་སྟ་སེན་གས་ན་སྐྲ་

༨༥ ལུག་། ཡུགས་སའི་གོས་རིན་སྲང་རྒུ་། མཆི་

༨༦ ཕྱིས་འབྲི་ཅིག་དང་དར་ཡུག་ཅིག་། རྒྱ་རིན་ལ་

༨༧ སྟ་ཅིག་ཐེབ་ཀྲིས་དར་ཡུག་དམར་པོས་བྱ་སྟེ་པག་

༨༨ མར་བརྒྱུས་། མནའ་མ་དང་བུ་སྲིང་གི་ཁྲིན་སྲང་

༨༩ བཞི་བརྒྱ་། མཚོན་ཆེ་ཕྱུང་ཆུང་ཕྱུང་ཁེང་རབ་ཀྱི་

༩༠ སྟོང་དང་བསྙམ་། མྱི་ཞིང་འབྲོག་སོགས་གནང་བ་

༩༡ མེ་ཉག་དང་ཐག་། ར་ལྗགས་དང་ནམ་པག་། 

༩༢ ཏིང་དི་དང་སྲེ་། སྦྱུ་རུ་དང་མོ་ལྕགས་རུ་རྦང་ལ་སོགས་

༩༣ རུས་སྣ་རྒུ་སྟོང་བརྒྱ་ཅུ་རྩ་བདུན་། ཡུལ་འཕན་

༩༤ ཡུལ་གྱི་རྒྱ་ཚར་སྲང་། ཞིང་རྒོད་དོར་བརྒྱ་བཞི་

༩༥ བཅུ་རྩ་ལྔ་པ་། འབྲོག་སྐྱི་ཐང་རིང་མོས་ཡས་

༩༦ བཅད་པ་། སྤང་རི་འབྲོང་ཚང་ཅན་གྱིས་མས་

༩༧ བཅད་པ་། བྲག་དམར་ཆུ་མདོའ་ལུང་ལག་གིས་

༩༨ བཅད་པ་། ན་རླུང་འོམ་ཚང་གིས་བཅད་པ་།

༩༩ བར་གྱི་རོ་ལེབ་མ་ཤིང་ལྕག་ཡུ་བཀས་གནང་། 

༡༠༠ སྔར་ཆོད་པའི་མྱི་ཞིང་འབྲོག་སོགས་བཀའ་དྲིན་

༡༠༡ མཛད་པ་ཉོས་ཞིང་ཕྲུ་ས་ཡན་ཆོད་དབང་བགྱིད་

༡༠༢ པར་བཀས་གནང་། སྤུས་ལྕོགས་པ་རྣམས་

༡༠༣ བླའི་སྒོ་གཉེར་ཆེན་པོ་འཚལ་བར་བཀས་གནང་།

༡༠༤ བཀའི་ཞང་བློན་པོར་བཞག་ཅིང་གཉའ་སྙོམ་པར་

༡༠༥ བཀས་གནང་། སྒོས་ཉེས་ཆེ་ཆུང་ཅི་མཆིས་

༡༠༦ ཀྱང་མྱི་བཀུམ་མྱི་སྤྱུག་། གཞན་སྙན་ཕྲ་ཞུ་

༡༠༧ བ་བྱུང་ན་ཡང་མ་སྦྱངས་པར་མྱི་གསན་ཞིང་

༡༠༨ བཀའ་ཆད་སྲོག་མྱིག་མྱི་མཛད་པར་བཀས་གནང་

༡༠༩ རྩིགས་ཞིང་རྩིགས་འབྲོག་འཚལ་བ་ལ་བཀའ་

༡༡༠ སྐོས་མི་མཛད་པར་བཀས་གནང་བའི་ཞལ་ཕན་

༡༡༡ གསལ་བ་འདི་སྒྲོག་རྡོ་ལ་ཕན་པར་གྱིས་ཤིག་།

༡༡༢ རྒྱེ་ཤིན་བློན་ཆེན་པོ་ཁྲི་དབང་གཙུག་ཕུད་རྗེ་ལ་

༡༡༣ ཁྭེ་བུ་ཚ་རྒྱུད་དུ་སྤྱན་རས་ཀྱིས་མྱི་བཙའ་རེ་།

༡༡༤ འཁོར་ཡུལ་བླར་བཞེས་རེ་། གཞན་དུ་ཡང་

༡༡༥ སྒྱུར་རེ་། སྙན་ཕྲ་བྱུང་ན་ཡང་གསན་རེ་།

༡༡༦ ཤགས་ཁར་རྫོང་རེ་། ཡུས་འགྲོས་ལྟར་

༡༡༧ བཀའ་མྱི་བཅད་རེ་། མ་སྦྱངས་པར་གཏཾ་

༡༡༨ སླས་གཅོད་པ་མཛད་རེ་། བློན་ཆེན་པོ་ཁྲི་དབང་

༡༡༩ གཙུག་ཕུད་ལ་བུ་ཚ་རྒྱུད་དུ་འདི་ལྟར་བཀའ་

༡༢༠ རྩིགས་གཡུང་རུང་དུ་བཙན་པར་བཀས་གནང་

༡༢༡ སྟེ་གཞི་ཕྱག་རྒྱ་འཆང་དུ་གསལད་པ་ཤང་ཤང་

༡༢༢ དུམ་རྩེག་ཏུ་བཏབ་པ་ཅིག་ལས་བཤུས་པ་

༡༢༣ ལགས་སྷོ་།། 

༡༢༤ ཡུལ་ཕན་ཡུལ་གྱི་རྒྱེ་ཤིན་གྱི་ཆེ་རྟགས་།།

བཀའ་རྩིགས་འདིའི་དོན་དམིགས་བསལ་འགའ་ཞིག་ས་བཅད་ཙམ་དབྱེ་ན།

༡ བཙན་པོའི་ཕོ་བྲང་བི་བ་མཁར་ཞེས་པ་ཞིག་གྲོ་ཤོད་ཀྱི་ཁོངས་སུ་ཡོད་པར་བཤད་པ་དང་། 

༢ རྒྱལ་རབས་ཆོས་འབྱུང་ཁག་ནས་བཤད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས་པ་དེ། གཉའ་ཁྲིའི་གོང་དུ་བྱུང་བ་བཤད་ཡོད་ཀྱང་། བཀའ་རྩིགས་འདིར། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་དབང་དུ་འདུས་པར་བཤད་པ། 

༣ རྗེ་གནམ་རི་སྲོང་བཙན་གྱི་སྐབས་སུ་སྦལ་ཏི་དབང་དུ་འདུས་པ། 

༤ སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་དང་དམག་འཐབ་པ་དང་། བོད་རུ་བཞིར་ཕྱེ་ཞིང་ས་ཁུལ་གྱི་ཐོན་འབབ་དང་ས་བབས་ལ་གཞིགས་ནས་སྲིད་འཛིན་སྡེ་ཁོངས་དབྱེ་བ་སོགས་རྒྱལ་རབས་སྤྱི་དང་མཐུན་པ་རྣམས་ནན་བཤད་བྱས་པ་མ་ཟད། མཁར་བཞི་བརྩིགས་པ་ཡང་གྲངས་ངེས་བསྟན་པ། 

༥ ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡུལ་ན་གར་དུ་གཉི་འོག་དང་དམག་འཐབ་རྒྱུན་རིང་མཛད་པ།

མཛད་པ་གལ་ཅན་དེ་དག་གི་སྐབས་སུ་བྱས་ཅན་བློན་པོར་གསེར་གཡུའི་ཡི་གེ་སྤྲད་པ་བཅས་བཤད་པ་དང་། 

ལྷག་པར་རྒྱེ་ཤིན་བློན་ཆེན་པོ་དབང་གཙུག་པུད་དམ་གཙུག་ཕུད་གདུང་རྒྱུད་ལ་འཇགས་པའི་བཀའ་རྩིགས་འདི་གནང་ཞིང་། བཀའ་རྩིགས་འདིར་ཞར་འཕྲོས་སུ་སྐབས་དེར་མི་ཆེན་པོ་དཀྲོངས་ན། དཀྲོངས་མཁན་གྱིས་མཆོད་པ་དང་སྲི་གནོན་གྱི་ཆ་རྐྱེན་སོགས་བློས་ལྕོགས་རེ་བྲལ་བ་བསྒྲུབ་དགོས་པར་བཤད་པ་སོགས་ལུགས་སྲོལ་དང་འབྲེལ་བའི་འདས་མཆོད་ཀྱི་རྣམ་པ་ཡང་མཚོན་པ་ལགས་སོ། །

འོན་ཀྱང་དཀའ་གནད་ཞིབ་འཇུག་གི་གནས་སུ་ལུས་པ་རྒྱེ་ཤིན་བློན་ཞེས་པའི་ཐ་སྙད་རྒྱལ་རབས་གཞན་ན་མཐོང་རྒྱུ་དཀོན་པས་དེ་གོ་གནས་ཡིན་ནམ་རུས་མིང་ལྟ་བུ་ཡིན་ནམ། ལྷག་པར་ཁྲི་དབང་གཙུག་ཕུད་རྗེ་ལ་ཁྭེ་ཞེས་པ་དེ་ཡང་གོ་མིང་གང་ཞིག་ཡིན་ནམ། ཤང་ཤང་དུམ་རྩེག་ཅེས་པ་འདི་ཡང་མཁར་རམ་ཕོ་བྲང་རྒྱེ་ཤིན་བློན་ལ་འབྲེལ་ཅན་ཞིག་ཡིན་ནམ། ཁོང་གི་བླ་རི་དང་བླ་མཚོ། བླ་ཐང་སོགས་དིང་སྐབས་གང་དུ་ཡིན་ནམ། བླ་མཚོ་དེ་དང་ར་གཡུ་མཚོ་ཨེ་ཡིན།དེ་དག་ནི་ད་ལྟའི་སྐབས་ངེད་རང་གི་དཀའ་གནད་དུ་བྱུང་། 

དེ་ལྟར་བཀའ་རྩིགས་འདི་གློག་ཡིག་བཏགས་ཞོར་དཔྱད་པ་ཅུང་ཟད་བྱས་ནས་མཐོང་བ་རྣམས་ཀྱང་བཀོད་པ་ལགས་སོ། །

སྨྲས་པ། ལྐོག་གྱུར་རྡོ་རིང་མཐོང་བའི་མངོན་ཤེས་མེད། །རྫུན་ཧམ་གྲལ་ལ་སྒྲིག་པའི་བློ་ཤེད་མེད། ། ཕ་མེས་ཡིག་རྙིང་ནན་གྱིས་ལྟ་བ་འདི། །དཔལ་ཁུད་འབྲོག་རྒན་རང་གི་ལུགས་སྲོལ་ཡིན།།