བོད་མོས་བོད་མོའི་རྩོམ་རིག་གླེང་བ།

ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དེ་གླེང་དགོས་ཚེ་ངེས་པར་མི་ལོ་བཞི་བཅུ་ལྷག་གི་ཡར་སྔོན་ནས་གླེང་དགོས་འདུག

ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་ང་རང་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། དེས་ན་ལོ་རབས་དྲུག་ཅུ་བའི་སྨད་ཙམ་ཞེས་གླེང་འོང་དུས། ང་རང་བྱིས་དུས་ཀྱི་སྤྱི་ཚོགས་ཁོར་ཡུག་དེ་ག་འདྲ་ཞིག་ཡིན་པ་ངས་མ་བཤད་ཀྱང་ཚང་མས་མཁྱེན་ཐུབ།

ང་ནི་ཕ་མ་གཉིས་པོ་རིགས་རུས་མཐོན་པོ་ཅན་ཞིག་གི་རྒྱུད་ལ་སྐྱེས་པས་ཚ་ཚ་འུར་འུར་གྱི་ལོ་རབས་དེའི་ནང“རིགས་རུས”ཀྱིས་ངེད་ཚང་ལ་ཆག་སྒོ་བསམ་མི་བཟོད་པ་ཞིག་བསྐྱལ་འོང་ཞིང༌། ཁག་གཞག་ས་དང་ཁ་གཡོར་ས་གང་ཡང་མེད་པར་ངའི་ཕ་ལོ་ལགས་ཀྱང་ཕ་ལོ་གཞན་པ་ནང་བཞིན་མི་ལོ་བཅུ་ལ་ཁྲི་མུན་དུ་བཅུག་ཟེར། གང་ལྟར་ངས་ཤེས་དུས་ངའི་ཕ་ལོ་ལགས་གཟུགས་པོ་སྐྱོ་བོ་ཆགས་འདུག་པར་མ་ཟད་ང་རང་ལོ་ན་དྲུག་ལ་སོན་པའི་དཔྱིད་མགོའི་མཚན་མོ་ཞིག་ནས་བཟུང༌། ངས་ཕ་ལོ་ལགས་ཀྱི་བྲང་གཞུང་དྲོན་མོ་གཏན་དུ་བོར་སོང༌།

ང་རང་ལོ་ན་བདུན་ལ་སོན་པའི་ལོ་དེར་ངའི་ཨ་མ་ལགས་ཀྱིས་ང་ཡང་ངའི་རྩེད་རོགས་ཚོ་དང་མཉམ་དུ་སློབ་གྲྭར་བསྐྱལ་རྒྱུ་བྱས། ཡིན་ནའང༌། སྐབས་དེར“གྲལ་རིམ”ཟེར་བ་ཞིག་གིས་མི་ལ“ཐོབ་ཐང”སྤྲོད་ཀྱིན་འདུག་པས།  ངས་ནི་ཡང་སྙིང་རྒྱུ་མཚན་ཅི་ཡིན་གསལ་བོར་མི་ཤེས་ནའང་ངེད་ཚང་གྲལ་རིམ“མཐེབ་ཆེན”ཡིན་པ་བཤད་པའི་སྤོབས་པ་གཏན་ནས་མེད་ལ། དེས་ནི་ནམ་ཡང་ལོ་ཆུང་གི་ང་ལ་གནོན་ཤུགས་ཤིག་ཀྱང་སྟེར་གྱི་ཡོད་པ་རེད།

སློབ་གྲྭའི་སྒོ་ཐེམ་ལ་ཐེངས་དང་པོར་གོམ་པ་སྤོས་པའི་ཉིན་མོར་རྒན་ལགས་ལ་མིང་ཐོ་འགོད་དུས་ངས་ངེད་ཚང“མཐེབ་ཆེན”ཡིན་ཞེས་ངེས་པར་བཤད་དགོས་བྱུང་བས། ཉིན་དེའི་རྒན་ལགས་ཀྱི་ལྟ་སྟངས་དེ་དང་སློབ་གྲོགས་ཆུང་ཆུང་ཚོའི་མིག་མདངས་དེས་ནི་ང་ཚོའི་བར་ན་ནམ་ཡང་བསྟུང་ཐབས་མེད་པའི་བར་ཐག་ཅིག་ཡོད་པའི་སྣང་བ་ཞིག་ང་ལ་བྱིན་སོང་བས། སྐབས་དེར། ང་རང་བག་འཁུམས་ཏེ་བསྐུང་སའང་མ་རྙེད།

གང་ལྟར། ང་རང་དེ་ལྟར་སློབ་གྲྭར་ཞུགས་ཐུབ་སོང༌།

སྐབས་དེའི་བསླབ་བྱ་ཁག་ཏུ་རྩིས་རིག་ལ་སྣོན་འཐེན་བསྒྱུར་བགོ་ཙམ་དང༌།  རྒྱ་ཡིག་ལ། “ཨ་ཕ། ཨ་མ།  སློབ་གྲྭ། བཟོ་བ། ”ལྟ་བུའི་ཐ་སྙད་རེ་གཉིས་ཀྱི་འབྲི་ཀློག་ངེས་ཐུབ་ན་སྐར་གྲངས་མཐོན་པོ་ལེན་ཐུབ།

སྐད་ཡིག་བསླབ་གཞིར་མཚོན་ན་ཉིན་བཞིན་མའོ་ཀྲུའུ་ཞིའི་གསུང་བཏུས་ལས་ཚན་པ་རེ་བློར་གདོན་དགོས་པ་ལས་གཞན། སློབ་ཚན་ཁག་ཀྱང་བློར་ཟིན་དགོས་པ་རེད། སྐབས་དེའི་སློབ་ཚན་དུ་《 གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུང༌།》ཟེར་བ་ཞིག་ཡོད་པ་དེ་ཁྲིད་པ་ནས། ང་རང་འབྲོག་དབུལ་ཨ་མྱེས་ལྕགས་ཐར་རྒྱལ་གྱི་ལག་པ་གཡས་པའི་སྟེང་ལ་ཤ་འཁོན་གྱི་རྨ་ཤུལ་བཟོ་མཁན་ཕྱུགས་བདག་འཇམ་དབྱངས་ཁ་ལུག་ལ་སྡང་སེམས་དང༌། ཨ་མྱེས་ལྕགས་ཐར་རྒྱལ་ལ་གདུང་སེམས་སྐྱེས་ཤིང༌།《རང་གཅུན་ལུགས་གསོར་དགག་པ་དྲག་པོ་རྒྱག》ཅེས་པ་སློབ་སྐབས་ལྷ་ཁང་རྙིང་བ་ཞིག་གི་ནང་དུ་ཁུང་ཙི་ནི་བདག་པོ་མེད་པའི་ཁྱི་ལྡོམ་ཞིག་དང་འདྲ་བར་འདར་སིག་སིག་ངང་རང་གི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་ཀྱིན་ཡོད་ཅེས་པའི་པར་རིས་ལ་ལྟ་ཞོར། རྒན་ལགས་ཀྱིས་ངོ་སྤྲད་པའི་སློབ་ཚན་གྱི་གོ་བ་དང་བསྟུན་ནས། རང་ཉིད་ཁུང་ཙིའི་སློབ་མ་མིན་པ་ནི་དངོས་གནས་ལས་དྲང་འདུག་བསམས་ནས་དགའ་སྣང་ཡང་ཡང་སྐྱེས་མྱོང༌།

དེ་བཞིན། སློབ་གྲྭར་ཞུགས་པའི་ཕྱི་ལོའི་ལོ་འགོར། ཉིན་ཞིག་སློབ་གྲྭས་ཚོགས་ཆེན་ཞིག་བསྡུས་ཏེ། སློབ་གྲྭའི་མགོ་ཁྲིད་ཀྱིས་ང་ཚོ་སློབ་བུ་ཚོར་ཁྱོད་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་དང་གསར་བརྗེའི་རྗེས་རབས་པ་ཡིན་ཚུལ་མང་པོ་མང་པོ་ཞིག་བཤད་ནས་ང་དང་སློབ་གྲོགས་བཅུ་གྲངས་ཤིག་ལ་སྐེ་དཀྲིས་དམར་པོ་བསྐོན་ཅིང༌།  དེ་ནི་སྔོན་གཤེགས་དཔའ་བོ་མང་པོའི་ཁྲག་གིས་བརྫིས་ནས་དམར་པོར་གྱུར་པ་ཡིན་པས་ཁྱེད་ཚོས་གྲལ་རིམ་འཐབ་རྩོད་ནམ་ཡང་བརྗེད་མི་རུང་ཟེར། ང་ལ་སྐེ་དཀྲིས་དམར་པོ་ཐོབ་པ་དེས་སློབ་གྲྭ་ནས་གྲལ་རིམ་གྱི་དབྱེ་བཀར་ལས་ཐར་ཏེ་ཐེངས་དང་པོར་སློབ་གྲོགས་གཞན་རྣམས་དང་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་ཡིན་པས་དགའ་བ་གཞན་དང་མི་མཚུངས་པ་སྐྱེས་ཤིང༌། མཚམས་ལན་རེར་རང་གི་སྐེ་ལ་ལྟ་བཞིན་ལྟ་བཞིན་སྐེ་དཀྲིས་ཀྱི་དམར་མདོག་འདི་དཔའ་བོའི་ཁྲག་དྲོན་ཡིན་པར་བསམས་ན་ལན་རེར་སྐྱུག་མེར་ལངས་ཤིང་མཚམས་རེར་སྐྲག་སྣང་ཡང་སྐྱེས་མྱོང༌།

ཉིན་དེའི་དགོང་མོར་ཁྱིམ་ལ་ཡོང་ནས་ཨ་མ་ལགས་ལ་སྐེ་དཀྲིས་དམར་པོའི་གཏམ་རྒྱུད་བཤད་པ་དང་སྐེ་དཀྲིས་དམར་པོ་ནམ་ཡང་སྐེ་ལས་ལེན་མ་འདོད་པས། དུས་རྒྱུན་ཉལ་བའི་ཚེ་ནའང་སྐེ་དཀྲིས་དགྲོལ་མ་ཕོད། རྒྱུ་མཚན་ནི། གལ་སྲིད་སྐེ་དཀྲིས་བཀྲོལ་ན་སླར་དགེ་རྒན་གྱིས་མདུད་པ་དེ་འདྲ་ཞིག་མདུད་མ་ཤེས་ཚེ་དགེ་རྒན་གྱིས་ཚོར་སྲིད་ལ། གལ་ཏེ་དགེ་རྒན་གྱིས་སྐེ་དཀྲིས་ཀྱི་མདུད་པ་བཀྲོལ་པ་ཤེས་སོང་ཚེ། རང་ཉིད་ཡང་བསྐྱར“མི་གྲལ”ནས་ལྷུང་བར་སྐྲག་པས་ཡིན། དེ་ལྟར་སྐྲག་པའི་དབང་གིས་ངས་རང་གི་སྐེ་དཀྲིས་དམར་པོ་དེའི་ལྟེབས་ཁུག་དང་མདུད་པའི་བར་ཤིག་དང་སྲོ་མང་གི་ཚང་དུ་གྱུར་ནས་ཐེད་རག་བར་དུ་སྐེ་ནས་ལེན་མ་ཕོད།

རིག་རྩལ་སློབ་ཐུན་གྱི་སྐབས་སུ“རིག་གནས་གསར་བརྗེ་ཆེན་པོ་དངོས་གནས་བཟང༌།དངོས་གནས་བཟང༌།” ཟེར་བའི་བཤད་ལེན་གྱི་གཞས་དེ་ལྟ་བུ་མང་པོ་བསླབས། གཞན་ཉིན་གུང་དང་ཕྱི་དྲོར་སློབ་ཐུན་གྲོལ་ནས་ཡུལ་ལ་ལོག་དུས་གྲལ་འགྲིག་པོར་བསྒྲིགས་ཏེ། “སྒྲིག་ཁྲིམས་ཆེན་པོ་གསུམ། དོ་སྣང་བྱ་དགོས་པ་བརྒྱད།”ཅེས་དང༌། “རྒྱ་མཚོར་བསྐྱོད་ན་དེད་དཔོན་ལ་བརྟེན་དགོས།”ཞེས་པའི“བྱིས་གླུ”གཏང་དགོས་པའི་རིག་གནས་ཀྱི་མཁའ་དབུགས་དེ་འདྲ་རྔུབ་ཀྱིན་འཚར་ལོངས་བྱུང༌།

སྤྱི་ཚོགས་ཀྱི་ཁོར་ཡུག་ངོས་ནས་ཀྱང༌། “ལམ་ཕྱོགས་སློབ་གསོ།”ཟེར་བའི་སྲིད་ཇུས་ཤིག་ཤྭ་འོད་བརྡོལ་པ་བཞིན་བྱུང་བས། ངའི་མ་ལོ་སྟེ་ཞིང་གྲོང་གི་བུད་མེད་ཕལ་བ་ཞིག་ཀྱང་གྲལ་རིམ་འཐབ་རྩོད་ཟེར་བའི་རླབས་རྒྱུན་ཞིག་གི་ཁུད་དུ་ལྷུང༌།

ཉིན་བཞིན་སློབ་གྲྭ་གྲོལ་ནས་ཡུལ་དུ་ལོག་དུས་སྡེ་བའི་གཞུང་ཁང་གི་སྒོ་ཁ་བརྒྱུད་ནས་འགྲོ་སྐབས། ངའི་ཨ་མ་ལགས་གྲལ་མགོར་བརྩེངས་ནས་ཚོགས་འདུ་བསྡུས་ཏེ་འཐབ་རྩོད་རྒྱག་བཞིན་པ་མཐོང་ཐུབ་པས། ང་རང་ཁྱིམ་དུ་མ་ལོག་པར་གཞུང་ཁང་གི་སྒོ་ཁར་ཀ་བ་རིང་བོ་ཞིག་ཡོད་པ་དེའི་ཕག་ནས་ཨ་མ་ལགས་ལ་འཐབ་རྩོད་རྒྱག་པར་བལྟས་ནས་བསྡད་ན། མགོ་ཁྲིད་དང་སྡེ་མི་ཚོས་སྐད་ཤུགས་མཐོན་པོས་ངའི་ཨ་མ་ལགས་ལ་འཇིགས་འཇིགས་ངར་ངར་གྱིས་གཤེ་ཡི་འདུག་པ་ལས་ངས་ཨ་མ་ལགས་ཀྱིས་ཉེས་པ་ཅི་ཞིག་བསགས་པ་མི་ཤེས།

ཉིན་རྒྱུན་བཞིན་མགོ་ཁྲིད་དང་སྡེ་མི་ཚོས་ཏིང་ཞོ་ཕིན་ཟེར་བ་ཞིག་དང་ངའི་ཨ་མ་ལགས་གཉིས་ལ་སྡིགས་ཀྱི་འདུག་པས་ངའི་སེམས་ལ་ཨ་མ་ལགས་དང་ཏིང་ཞོ་ཕིང་གཉིས་ཀྱི་འབྲེལ་བ་ཅི་ཞིག་ཡིན་ནམ། ཡང་ན་ཁོ་གཉིས་ཀྱིས་དོན་དམ་ཅི་ཞིག་བྱས་སོང་ངམ། གལ་སྲིད་ཁོང་གཉིས་མཉམ་འབྲེལ་གྱིས་ཉེས་པ་འདྲ་བཟོས་མེད་ན་སྡེ་མི་ཚང་མ་ཁོ་གཉིས་ལ་དེ་འདྲ་སྡང་དོན་ཅི་ཡིན་ནམ་སོགས་ལ་འདང་མང་བོ་བརྒྱབ་མྱོང༌།

དེ་ལྟར་ནམ་རྒྱུན་ཚར་རྒྱུ་རྫོགས་རྒྱུ་མེད་པའི་གྲལ་རིམ་འཐབ་རྩོད་ཀྱི་ཚོགས་འདུའི་རྗེས་ལ་ངའི་ཨ་མ་ལགས་ཀྱིས་མཉམ་ལས་ཁང་གི་ལས་ཀའི་འགན་འཁུར་འགྲུབ་དགོས་ཤིང་། “ཞྭ་བསྐོན”གྱི་ལས་ཀ་ལ་དེ་བས་ཀྱང་འཐུས་ཤོར་ཅུང་ཙམ་ཡང་ཡོད་མི་ཆོག་པས། ངེད་ཅག་མིང་སྲིང་ཚོས་ག་དུས་ཡིན་ཡང་ཟ་མ་ཕོ་བ་འགྲང་ཚད་ཅིག་དང་ཚ་བོ་ཞིག་འཐུང་མྱོང་བ་ཧ་ལམ་དྲན་རྒྱུ་མི་འདུག

སྤྱིར་ན་ངེད་ཚང་མོ་ཁྱིམ་དུ་ལུས་པའི་སྟེང་ལ། སྒོས་སུ་གྲལ་རིམ་འཐབ་རྩོད་ཀྱིས་ངའི་ཨ་མ་ལགས་འགྲོ་མེད་འདུག་མེད་ལ་གཏད་འདུག་པ་དེས་ངེད་ཚང་ལ་མཚོན་ན་ཕྱོགས་ཡོངས་ནས་དཀའ་ཚེགས་ཆེས་ཆེ་བའི་ལོ་ཟླ་ཞིག་བརྒྱུད་པ་ཡིན། སྐབས་དེར་ངའི་ཨ་མ་ལགས་ལ་འཐབ་རྩོད་ཡིད་དུ་དྲན་དྲན་ཞིག་བྱེད་ཀྱི་ཡོད་ལ། ཐ་ན་གཤེགས་ཟིན་པའི་ཨ་ཕ་ལགས“ཟིང་འཁྲུག”ལ་ཞུགས་པའི་ཉེས་མིང་ལྕི་མོ་དེ་ཡང་ཨ་མ་ལགས་ལ་བཀལ་ཡོད་པས། ངའི་ཨ་མ་ལགས་ཀྱིས་དངོས་གནས་གཞན་དང་མི་འདྲ་བའི་སྐུ་ཚེགས་ཤིག་མྱངས་ཏེ་འོང་།

ཉིན་ཞིག་སྲང་མདོ་ན་མི་མང་རུབ་པའི་དབུས་སུ་ང་ཚོའི་སྡེ་བའི་ཨ་ཅེ་ཞིག་སྐད་ཆེན་པོས་ངུ་ཡི་འདུག་ཅིང༌། རྗེས་ལ་དྲན་མེད་དུ་བརྒྱལ་སོང་བ་དེ་ནི་ཉིན་དེར་མའོ་ཀྲུའུ་ཞི་སྐུ་གཤེགས་པས་མོ་རང་ཧ་ཅང་སྐྱོ་སོང་བས་རེད་ཟེར།

ཉིན་དེ་ནས་བཟུང་ང་ཚོ་སློབ་མ་ཚང་མས་ཀྱང་ཉིན་དུ་མར་དཔུང་རྟགས་ནག་པོ་དང་བྲང་ཁར་མེ་ཏོག་དཀར་པོ་བཏགས་ནས་མྱ་ངན་ཚོགས་འདུ་རབས་དང་རིམ་པར་ཞུགས་པ་ཡིན། ཉིན་འགའི་རྗེས་ཀྱི་ཕྱི་དྲོ་ཞིག་ལ་སྲང་ལམ་ཀུན་ཏུ་མི་མང་བོས་དར་དམར་འཕྱར་ཞིང་ཁ་གཡང་ཅི་ཞིག་སྒྲོག་གིན་འདུག་ཅིང༌།མ་འགྱངས་པར“རིག་གསར་ལས་འགུལ”ཡང་མཇུག་རྫོགས་སོང༌། རིག་གསར་མཇུག་རྫོགས་ཏེ་གནམ་འོག་ཀུན་ཏུ་བཀྲ་ཤིས་ཁ་གཡང་གིས་གང་ནའང༌། ངེད་ཚང་ལ་མཚོན་ན་འགྱུར་ལྡོག་ཅི་ཡང་མེད་པར་སྔར་བཞིན“བཞི་མི་གཙང་བའི་ཁྱིམ་ཚང༌།” ཞེས་པ་ཞིག་རེད་འདུག

ང་རང་དེ་ལྟར་ལོ་ན་དགུ་ལ་སོན།

ལོ་ན་དགུ་ལ་སོན་པའི་ཉིན་ཞིག་གི་མཚན་མོར་ངའི་ཁུ་བོ་དང་ཨ་ནེ་གཉིས་ཀ་ངེད་ཚང་ལ་ཡོང་བ་དང༌།  ངེད་ཀྱི་ཨ་མ་ལགས་དང་ཁོང་ཚོས་ཅི་ཞིག་བཤད་ཀྱིན་འདུག སྐབས་དེར་ཨ་མ་ལགས་ཀྱིས་ངེད་མིང་སྲིང་ཚོར་ད་ཉོལ་གསུངས་ནས་བསྙལ་ཀྱང་ང་རང་གཉིད་མ་ཁུག་པས་ཁོ་ཚོས་ཅི་བཤད་ལ་ཉན་ཏེ་བསྡད།

མཚམས་ཤིག་ངའི་ཨ་མ་ལགས་ཀྱིས།“ངའི་ཕྱེ་སྒམ་ལ་ཁྲོག་སྒྲ་གྲག་གི”ཞེས་ངུ་ཡི་འདུག་ལ་ཁོ་ཚོས་ཕར་ལབ་ཚུར་ལབ་མང་བོ་ཞིག་བྱས་པའི་རྗེས་ལ་ངའི་ཨ་ཅེ་བག་མར་བརྫང་རྒྱུ་བྱས་ཤིང༌། ངའི་ཕུ་བོ་ཁོང་བུ་ཆེ་བ་ཡིན་པས་དེ་ཅིག་ཅིག་མུག་མུག་དང༌། ནུ་བོ་ད་རུང་ལོ་ན་ཧ་ཅང་ཆུང༌། དེས་ན་པདྨ་འཚོ་ཅིག་ཅིག་མུག་མུག་སོགས་མང་བོ་ཞིག་ལབ་ཀྱི་འདུག་ཅིང་དེའི་མུར་ང་ཡང་གཉིད་དུ་ཡུར།

ཕྱི་ཉིན་ངས་ཨ་མ་ལགས་ཀྱིས་ཁོ་ཚོར“ངའི་ཕྱེ་སྒམ་ལ་ཁྲོག་སྒྲ་གྲག་གི”ཟེར་བའི་སྐད་ཆ་དེར་བསམས་ནས་ཕྱེ་སྒམ་ཁ་ཕྱེས་ཏེ་བལྟས་པ་ན་ངེད་ཚང་གི་ཕྱེ་ཚར་ནས་ཕྱེ་སྒམ་གྱི་ཞབས་མཐོང་ཐུབ། རོང་བ་ཞིག་ལ་མཚོན་ན་ཕྱེ་སྒམ་ནང་གི་ཕྱེ་ཚར་ནས་སྟོང་བར་གྱུར་ཚེ་འཚོ་བ་ག་འདྲ་ཞིག་ལ་གདོང་གཏད་དགོས་པ་བཤད་ག་ལ་དགོས།

སྐབས་དེར་ངས་ནུབ་མོ་དེའི་ཁོ་ཚོའི་ཁ་ཏའི་ཧ་ཡོངས་སུ་གོ་ཐུབ་པ་བྱུང་ཞིང༌། ཨ་མ་ལགས་ཀྱི་འུ་ཐུག་པའི་སྐད་ཆ་ཚིག་གཅིག་གིས་ངའི་བྱིས་དུས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཏེ། ང་རང་རྒན་རྒོན་གཉིས་མ་གཏོགས་མེད་པའི་མི་ཚང་ཞིག་ལ་བུ་སྐལ་དུ་བྱིན།

མི་ཚང་དེར་མཚོན་ན་སྣ་འཛོམས་ཀྱི་སིལ་ཏོག་ར་བ་དང་སྒོ་ཕྱུགས་བ་མོ་འགའ་ཡང་ཡོད་པས་འཚོ་བའི་ཆ་རྐྱེན་ཅུང་ཆོག་ཅིང༌། སྐྱི་གཡའ་བའི་གྲལ་རིམ་འཐབ་རྩོད་ཀྱང་ཁོ་ཚང་ལ་འབྲེལ་བ་ཅི་ཡང་མི་འདུག  ཡིན་ནའང༌། ང་རང་སྟེ་ལོ་ན་དགུ་ཅན་གྱི་བྱིས་པ་ཞིག་གི་ངོས་ནས་སློབ་གྲྭར་འགྲོ་ཞོར་དུ་ཁྱིམ་ལས་མཐའ་དག་ཚགས་སུ་ཆུད་དགོས་ན་དེ་ནི་ཧ་ཅང་དཀའ་མོ་དཀའ་མོ་ཞིག་ཡིན་སོང༌།

མི་ཚང་དེའི་ཁྱིམ་བདག་རྒད་པོར་སྤུན་རྒན་པ་གྲྭ་བ་ལོ་ལོན་ཞིག་ཡོད་ཅིང༌། ཁོ་ཚང་གི་སིལ་ཏོག་ར་བའི་ནང་ན“ཨ་ཁུ་ལོ་ལོན” ལ་(མིང་དེ་ངའི་འབོད་སྟངས་ཡིན)ཁང་ཆུང་ཞིག་ཕུབས་ཏེ་དེའི་ནང་བསྡད་ཡོད།   

ངས་ཉིན་བཞིན་ཨ་ཁུ་ལོ་ལོན་ལ་བཏུང་ཆུ་ལེན་དགོས་པས། ནམ་རྒྱུན་ཨ་ཁུ་ལོ་ལོན་གྱིས་ར་སྒོ་གཏན་ཏེ་ནང་ན་ཁུལ་དགེ་ཐོན་སློབ་གྲྭའི་དགེ་རྒན་རྡོ་རྗེ་རིན་ཆེན་དང་དགེ་རྒན་སངས་རྒྱས་རྒྱལ། དགེ་རྒན་འཇམ་དབྱངས། ད་དུང་ངས་ངོ་མི་ཤེས་པའི་མི་འགའ་རེ་བསྡུས་ནས་དཔེ་ཆ་སྣ་རིང་ཞིག་གི་ངོ་ན་ཅི་ཞིག་ཁྲིད་ཀྱིན་འདུག་པ་མཐོང་ཐུབ།

ཉིན་ཞིག ཨ་ཁུ་ལོ་ལོན་གྱིས་ང་རང་ཁོང་གི་གམ་དུ་བོས་ཏེ་དེབ་ཆུང་ལག་བྲིས་མ་ཚི་དྲེག་ཅན་ཞིག་ང་ལ་གཏད་ནས་ཉིན་རེར་བློ་འཛིན་གྱི་འཆར་གཞི་བཞག ཉིན་རེར་བློ་འཛིན་གྱི་འཆར་གཞི་ཡོངས་སུ་གྲུབ་པའི་རྗེས་ལ་ཨ་ཁུ་ལོ་ལོན་གྱིས་ང་ལ་བློར་བཟུང་བའི་མིང་ཚིག་རེ་རེའི་ནང་དོན་བཤད་ཅིང༌། དེའི་རྗེས་ལ་རྒྱུགས་ཆུང་འདྲ་ཡང་ལེན་གྱི་ཡོད་པས་རྒྱུགས་འཕྲོད་ན་སིལ་ཙོ་རུ་གསུམ་གྱི་བྱ་དགའ་ཡོད།མ་འཕྲོད་ན“ཐོད་པ་གུག་གུག་ཚུར་སྲོངས” ཞེས་ཨེན་མདེལ(མཐེ་མོ་དང་གོང་མཛུབ་སྦྲེལ་ནས་རྒྱག་སྟངས་ཤིག)གསུམ་གྱི་ཆད་པ་ཡོད། ལག་བྲིས་དེབ་ཆུང་དེ་ནི་བརྡ་དག་ཕྱེ་མ་ལེབ་ཀྱི་རྩ་བ་ཡིན་པ་ངས་རྗེས་ནས་ཤེས།

ང་རང་ནར་སོན་པ་དང་ངས་ཤེས་རྟོགས་བྱུང་བ་ནི་ངེད་ཀྱི་ཨ་ཁུ་ལོ་ལོན་ཁོང་མ་གཞི་ནས་མིང་དུ་གྲགས་པའི་ཚལ་དགེ་བཤེས་དགེ་འདུན་དར་རྒྱས་ཞུ་བ་དེ་རེད་འདུག (ཡང་ན་ཚལ་ཨ་ཁུ་རིན་ཆེན་རྒྱལ་ཡང་ཟེར།)

མི་ཚང་དེའི་རྒན་རྒོན་གཉིས་པོ་ནི་ཁ་ཏོན་དགེ་སྦྱོར་ལ་བརྩོན་མཁན་གཉིས་ཡིན་པས་ངས་ཀྱང་ཞོར་ནས་ཁོ་གཉིས་ལ་ལད་མོ་བྱས་ཏེ་ངག་ལམ་ནས་མདོ་གདུགས་དང་བཟང་སྤྱོད་སྨོན་ལམ་སོགས་སྐབས་དེར་བློར་ངེས་ཐུབ་པ་བྱུང༌།

ཉིན་ཞིག་ལ་མི་ཚང་དེའི་རྒན་མོས་ཚི་ལེན་རྙིང་བ་ཞིག་གི་ཁུད་ལ་དཔེ་ཆ་མཐུག་པོ་གཉིས་གཅུད་ནས་ལྐོག་ལྐོག་སུད་སུད་ཀྱིས་འཁྱེར་ཡོང་སྟེ། ངའི་ལག་ཏུ་བཞག་ནས་ཁྱོད་ཀྱིས་ཀློགས་དང་ཟེར། ངས་དཔེ་ཆའི་མདུན་ཤོག་སྟེང་གི་རིག་མ་མྱོང་བའི་ཡི་གེ་དེ་དག་གི་ཧ་མ་གོ་བས། (སྐབས་དེར་ངས་དབུ་མེད་ཀྱི་ཡིག་གཟུགས་རྩ་བ་ནས་མཐོང་མྱོང་མེད།) མདུན་ཤོག་ནང་མར་བལྟས་ཏེ《ཧོར་གླིང་གཡུལ་འགྱེད།》ཅེས་བཀླགས་པ་ན། མོས “རེད། ཨ་མྱེས་འཛམ་གླིང་གི་སྒྲུང་རེད།”ཟེར་བཞིན་དེབ་རྒན་གཉིས་པོར་ཐོད་པ་གཏུགས་བྱུང༌།

ཉིན་དེའི་མཚན་མོ་ནས་རྒན་རྒོན་གཉིས་ཀྱིས་ང་རང་གམ་དུ་བོས་ཏེ་སྒྲུང་ཤོད་ཅེས་དཔེ་ཆ་ང་ལ་གཏོད་དུས། ངས་ནི་ཚིག་གི་གཅོད་མཚམས་ཙམ་ཡང་ལེགས་པོ་མ་ཤེས་པས་ཁོ་གཉིས་ཀྱིས་ཀྱང་ཧ་མ་གོ་སྟབས་ང་ལ་གཤེ་གཤེ་གཏོང་ཐེངས་ཤིན་ཏུ་མང༌།

རིམ་གྱིས་ངས་མགོ་གླེང་ན་ཁོ་གཉིས་ཀྱིས་ངག་རྒྱུན་དང་འདྲེས་མའི་ལམ་ནས་མཇུག་སྐྱོང་ཐུབ་ཀྱི་འདུག་པས། དེ་ལྟར་སྒྲུང་གི་ནང་དོན་ཧ་ཅུང་ཙམ་གོ་བ་དང་བསྟུན་ནས་ང་རང་ཡང་ཧོར་གླིང་གཡུལ་འགྱེད་བཀླག་པར་ཧ་ཅང་སྤྲོ་བར་གྱུར།

མི་ཚང་དེའི་རྒན་རྒོན་གཉིས་ལ་མཚོན་ན་ཁོ་གཉིས་ལ་བྱིས་པ་མེད་པའི་དབང་གིས་བྱིས་པའི་སྐྱིད་སྡུག་མི་ཤེས་པས། ང་རང་ཧ་ཅང་དཀའ་ཡོད་ན་ཡང༌། ངས་ནི་ཨ་མ་ལགས་ཀྱིས“ངའི་ཕྱེ་སྒམ་ལ་ཁྲོག་སྒྲ་གྲག་གི”ཞེས་ངུ་བཞིན་སྨྲས་པའི་བརྗེད་ཐབས་བྲལ་པའི་ཚིག་དེ་ཡིད་ལ་བཅངས་ནས། ཁ་གཅིག་གིས་ཇེ་ཉུང་ལ་སོང་ནའང་ཨ་མ་ལགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ཡོད་སྙམ་པའི་འགན་འཁྲིའི་འདུ་ཤེས་ལྟ་བུ་ཞིག་གིས་ལུས་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཁོག་ཏུ་མིད་ཅི་ཐུབ་བྱས་ཏེ་ཉི་མ་བསྐྱལ།

ཧོར་གླིང་གཡུལ་འགྱེད་ང་ལ་ཐོབ་པ་ནས། དེ་ནི་ངའི་ཉིན་གྱི་འགྲོ་རོགས་དང་མཚན་མོའི་ཉལ་རོགས། སྒོས་སུ། ཞལ་ངོ་མཐོང་ཐབས་བྲལ་པའི་ཨ་མ་ལགས་དྲན་རོགས་སུ་གྱུར་པས་ན། གླིང་སྒྲུང་གིས་བྱིས་པ་ཆུང་ཆུང་ཞིག་གི་ཁེར་རྐྱང་གི་སྡུག་བསྔལ་སངས་པར་བྱས།

གླིང་སྒྲུང་གི་ཧ་བག་ཙམ་གོ་ཐུབ་པ་བྱུང་བ་དང་བསྟུན། ཉིན་མཚན་ཀུན་ཏུ་ལག་ནས་མ་བཏང་ཞིང༌། སྟོབས་ཆེན་གླང་བོ་ཁྲ་འབར་གྱིས་སྟག་རོང་ཨ་ནུ་གཟིག་འཕེན་ཞགས་པས་རྨ་ཆུར་འཕངས་པའི་མཚམས་དེར་ཐོན་པ་ནས་ང་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་སྐྱེས་ཏེ། ཡུན་རིང་ཞིག་ལ་ཟ་མའང་ཟ་འདོད་མེད་པར་གྱུར།

ཉིན་བཞིན་སློབ་གྲྭ་དང་ཁྱིམ་ལས་ཀྱི་བྲེལ་གསེང་བར་ནས་ཁོམ་པ་ཅུང་ཟད་རེ་བྱུང་ཚེ་དེ་མ་ཐག་གླིང་སྒྲུང་གི་ཁ་ཕྱེས་ནས་བར་བཅུག་རི་མོའི་ཐོག་གི་སྟག་རོང་ཨ་ནུ་གཟིག་འཕེན་ལ་ཡང་ཡང་བལྟ་དགོས་པར་གྱུར་ཅིང༌། བློས་མི་ཐོངས་པའི་སྣང་བ་མཚར་བོ་ཞིག་ཀྱང་སྐྱེས།

རིམ་གྱིས་སྲིད་ཇུས་ཇེ་ལྷོད་ལ་སོང་བ་དང་བསྟུན་ནས་བོད་ཀྱི་རིག་གནས་ལ་འབྲེལ་བ་ཡོད་པའི་དཔེ་དེབ་འགའ་རེ་བླུ་ཐུབ་ཅིང༌། ད་དུང༌། རེབ་གོང་གི་སྡེ་བ་འགའ་རེས་ཀྱང་སྡེ་དམངས་རང་ངོས་ནས་རྩ་འཛུགས་ཀྱིས《དྲི་མེད་ཀུན་ལྡན》དང༌།《འགྲོ་བ་བཟང་མོ།》 《སྣང་ས་འོད་འབུམ》བཅས་ཀྱི་རྣམ་ཐར་སོགས་འཁྲབ་སྟོན་བྱས་པ་དང༌། རྣམ་ཐར་དེ་དག་གི་དཔེ་ཆ་རེ་ཟུང་ཡང་ཉོ་རྒྱུ་འདུག་པས། ཉིན་བཞིན་རི་ཡུལ་གང་ན་ཡོད་ཀྱང༌། རྣམ་ཐར་ཁྲོད་ཀྱི་གླུ་ཚིག་དག་དབྱངས་རྟར་སྦྱར་ནས་བཏང་བས་རྣམ་ཐར་དེ་དག་ཕལ་ཆེར་བློར་ངེས་པ་བྱུང༌། སྐབས་དེར་སྡེ་མི་རྣམས་ཀྱིས་མཚན་མོའི་དུས་སུ་ཁྱིམ་ཚང་རེ་རེ་བཞིན་སྒྲོལ་མ་འདོན་གྱི་འདུག་པས། ཁོ་ཚོས་ང་ཡང་དེར་བོས་ནས་སྒྲོལ་འདོན་གྱི་རྗེས་ལ་རྣམ་ཐར་འཁྲབ་ལེན་བྱེད་དུ་བཅུག་པ་ལྟར་ངས་ཀྱང་རྣམ་ཐར་མང་བོ་འཁྲབ་ལེན་བྱས། ངས་རྣམ་ཐར་རྣམས་འཁྲབ་ལེན་བྱེད་སྐབས་སུ་ལྟད་མོར་བསླེབས་པའི་ལོ་ལོན་འགའ་རེས། “ཚེ་རིང་རྒྱུ་མ། སྐད་གཉོམ་དུངས་ངེར་ཅི་འདྲའི་སྙིང་རྗེ་པ་ལ། ”ཞེས་བསྟོད་བསྔགས་དང་བཅས་མིག་ཆུའང་ལྷུང་འགྲོ།

རེད་དེ། གྲལ་རིམ་འཐབ་རྩོད་ཀྱིས་ཇི་ལྟར་མནར་ནའང་ངའི་ཨ་མ་ལགས་ཀྱིས་རྣམ་ཀུན་མཚན་མོའི་དུས་སུ་སྒྲོལ་མ་གདོན་རྒྱུ་དེ་ཆགས་མེད་ཡིན་པས་ང་རང་སྐབས་དེ་ནས་བཟུང་སྒྲོལ་མ་དཀར་སྔོན་གཉིས་བློ་ལ་ངེས་པར་གྱུར་ཅིང༌། ད་དུང་ཨ་མ་ལགས་བརྒྱུད་ནས་ངལ་རྩོལ་གླུ་གཞས་ཏེ་ཡུར་གླུ་དང་གྱང་གླུ་ལྟ་བུ་དང༌། བྱིས་གླུ་སོགས་མི་ཉུང་བ་ཞིག་ཀྱང་བློར་ངེས་བྱུང་བ་ནི། ལོ་ན་བདུན་བརྒྱད་ཙམ་ལས་སོན་མེད་པའི་བྱིས་པ་ཞིག་ལ་ཐེངས་དང་པོར་བོད་རང་གི་རིག་གནས་ལ་འབྲེལ་འདྲིས་དང༌། ཡང་ན། བག་ཆགས་འཇོག་པའི་གོ་སྐབས་ཐོབ་པ་ཡིན་པས་དེའི་ངོས་ནས་བལྟས་ཚེ་ཨ་མ་ལགས་ནི་ངའི་ཆེས་ཐོག་མའི་རྩོམ་རིག་གི་བློ་འབྱེད་དགེ་རྒན་ཡིན་ཞེས་བརྗོད་ཀྱང་ཆོག་གོ།

གཞན། གློག་ཀླད་དང་བརྙན་འཕྲིན་ལྟ་བུའི་མིང་ཙམ་ཡང་སྐབས་དེར་གོ་ཐུབ་ཀྱི་མེད་པས། ཨ་མའི་རུམ་ཁ་དྲོན་མོའི་ནང་གི་བྱིས་སྒྲུང་དེ་དག་གིས་དེང་རབས་ཅན་གྱི་དངོས་དེ་དག་གི་ཚབ་བྱས་ཡོད་སྟབས་སྐབས་དེའི་ང་ཚོར་སྲོལ་རྒྱུན་དང་དམངས་སྲོལ་སོགས་ཀྱི་ཤེས་བྱའི་རྨང་གཞི་ལེགས་པོ་བཏང་ཡོད་པ་རེད། 

༡༩༨༠ ལོར། ང་རང་རྫོང་མི་རིགས་སློབ་འབྲིང་དུ་ཞུགས་ཤིང༌། སློབ་འབྲིང་འགྲིམ་པའི་དུས་ཡུན་ནང་རྩོམ་རིག་གི་ཐད་ནས་ང་ལ་བག་ཆགས་ཆེས་ཟབ་པ་ཞིག་གླེང་རྒྱུ་མེད།  

སྐབས་དེར། བོད་ཡིག་ཁྲིད་གཞིའི་ངོས་ནས་སྔར་བཞིན་སྐབས་དེའི་སྲིད་ཇུས་བརྗོད་སྙིང་དུ་བྱས་པ་རྐྱང་རྐྱང་ལས་མེད། དེ་བས་རྒན་ལགས་ཀྱིས་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་དང༌། བརྡ་དག་ཕྱེ་མ་ལེབ་ལག་བྲིས་མ་ཞིག་སློབ་ཐུན་གྱི་བར་གསེང་སྤྱད་ནས་ང་ཚོར་ཁྲིད། ང་ལ་མཚོན་ན་སྔོན་ནས་བཟུང་ཨ་ཁུ་ལོ་ལོན་གྱི་དྲུང་ནས་དག་ཡིག་ཕྱེ་མ་ལེབ་ཆ་ཚང་སྦྱངས་ཚར་ཡོད་པས་སྐབས་དེར་སློབ་གྲོགས་ཡོངས་ཀྱི་ནང་ནས་ང་ལ་རྒན་ལགས་ཀྱི་གཟེངས་བསྟོད་ཐོབ་མྱོང༌།

ཉིན་ཞིག་གི་ཕྱི་དྲོའི་སློབ་གསེང་སྐབས་སུ་ངས་ནི་ལག་པ་འདུག་མ་ཐུབ་པར་སྒོ་སམ་གྱི་གྲུ་ཟུར་ཞིག་ལ། “མཐོ་བ་ནམ་མཁའི་དབྱིངས་ཀྱི་ཉི་མ་དང༌།། དམའ་བ་ས་ཡི་སྟེང་གི་པདྨ་གཉིས།། མཐོ་དམན་ཐུག་པའི་ཁྱད་པར་ཡོད་ན་ཡང༌།། ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད།།” ཅེས་པའི་སྣང་སའི་རྣམ་ཐར་ཁྲོད་ཀྱི་གླུ་ཚིག་ཅིག་བྲིས་ནས་སོང་བར་རྐྱེན་བྱས་ཏེ། ཕྱི་ཉིན་ནངས་མོར་སློབ་གྲྭའི་སྲིད་སྟོན་ཁང་གི་མགོ་བས་ང་རང་སྲིད་སྟོན་ཁང་དུ་བོས་ནས། ཤོག་ལེབ་ཅིག་གི་སྟེང་ལ་བཤུས་པའི་གླུ་ཚིག་དེ་བསྟན་ནས། འདི་གང་ནས་མཐོང་ཞིང་སྒོ་སམ་དུ་འབྲི་དོན་ཅི་ཡིན་སོགས་འདྲི་གཅོད་ཐུང་ཐུང་ཞིག་བྱས་པ་ན། ངས་ནི“འདི་སྣང་སའི་རྣམ་ཐར་ལས་མཐོང༌། འབྲི་དོན་ཅི་ཡང་མེད། ”ཅེས་ལན་བཏབ་པ་ན་མགོ་ཁྲིད་ཀྱིས་ཀྱང་ཅི་ཡང་མི་བཤད་པར་ད་སོང་ཟེར།

སྐབས་དེར་རང་གི་ཨ་མས་མྱངས་པའི་འཐབ་རྩོད་ཡིད་ལ་དྲན་ནས་ང་རང་སྐྲག་ཐག་ཆོད་མོད། རྗེས་ལ་ཅི་ཡང་གྲག་རྒྱུ་མ་བྱུང༌།

ད་ལྟ་བསམས་ན་གླིང་སྒྲུང་ལ་བལྟས་ཏེ་སྟག་རོང་ཨ་ནུ་གཟིག་འཕེན་ལ་མྱ་ངན་གྱི་མིག་ཆུ་ལྷུང་དོན་དང༌། སྣང་སའི་རྣམ་ཐར་ཁྲོད་ཀྱི་གླུ་ཚིག་དེ་དམིགས་ཀྱིས་སྒོ་སམ་ལ་བྲིས་པ་སོགས་ནི། བྱིས་དུས་ཀྱི་མག་མོག་རབ་རིབ་ཀྱི་འདོད་བརྩེའི་མྱུ་གུ་འབུས་སྟངས་ཤིག་ཀྱང་ཡིན་པ་འདྲ།

ལོ་རབས་བརྒྱད་ཅུ་བའི་ནང་དུའམ། ཡང་ན་ང་རང་སློབ་འབྲིང་གི་སྐབས་སུ་སྐུ་ཞབས་རང་གྲོལ་ལགས་ཀྱི《སད་ཀྱིས་བཅོམ་པའི་མེ་ཏོག》སོགས་རྩོམ་རིག་བརྩམས་ཆོས་གསར་བ་རབས་དང་རིམ་པ་ཀློག་པའི་གོ་སྐབས་ཐོབ་ཅིང༌། ད་དུང《མདོ་མཛངས་བླུན》དང༌། 《མི་རོ་རྩེ་སྒྲུང》སོགས་ཀྱང་ཀློག་པའི་སྐལ་བ་ལྡན་པར་གྱུར། དེ་བཞིན《ཆུ་ངོགས་གཏམ་རྒྱུད》དང༌།《ཐོག་ཁང་དམར་པོའི་དམར་པོའི་རྨི་ལམ》བོད་འགྱུར་མའི་ནང་གི་བར་བཅུག་སྙན་ངག་དེ་དག་ལ་ཤིན་ཏུ་དགའ་བར་གྱུར་པས། ཟུར་ནས་དེབ་ཆུང་ཞིག་ཏུ་ངོ་བཤུས་བརྒྱབ་སྟེ་བློར་བཟུང་བ་དང༌། སྐབས་སྐབས་སུ་སྐད་ཡིག་ལས་བྱའི་ནང་དུའང་གང་འཚམ་གྱིས་བཀོལ་ཅི་ཐུབ་བྱས་པས། རྒན་ལགས་ཀྱིས་གཟེངས་བསྟོད་ཡང་ཡང་གནང༌། དེ་ཡང་ཞིབ་ཏུ་བསམས་ན་ང་རང་རྩོམ་རིག་ལ་དགའ་མོས་དང་དེར་གོམ་པ་སྤོས་པའི་མཚོན་རྟགས་ཤིག་རེད་སྙམ།

༡༩༨༣ ལོར། དམིགས་བསལ་སྲིད་ཇུས་ཤིག་གིས། ལོ་དེའི་དམའ་འབྲིང་མཐར་ཕྱིན་སློབ་མའི་ཁྲོད་ནས་སྐད་ཡིག་ལ་ཅུང་བཟང་ཤོས་འགའ་རེ་བདམས་ཏེ་སློབ་ཆེན་ལ་རྒྱུགས་སྤྲོད་དུ་བཅུག་ཅིང༌། ང་ཡང་དེའི་ཁྲོད་དུ་ཚུད་ཡོད་ནའང༌། ང་ནི་གཞན་ལ་བུ་སྐལ་དུ་བྱིན་ཡོད་པས་གཞན་གྱི་བཀོད་སྒྲིག་ལྟར་རང་གི་ལམ་ཁར་བསྐྱོད་དགོས་པ་རེད།

སྐབས་དེར། མི་ཚང་དེའི་རྒན་རྒོན་གཉིས་ཀས་ང་ལས་ལོ་ན་ཅུང་ཆེ་བའི་བྱིས་པ་ཕོ་ཞིག་ཀྱང་ཁྱིམ་དུ་བསུས་འདུག་ཅིང༌། རྗེས་ནས་བཤད་ན་ཁོ་ནི་ང་ལ་བསླངས་པའི་མག་པ་ཡིན་པ་རེད་ཟེར། དེ་ལྟར་ངེད་གཉིས་ལ་ཁྱིམ་སྐྱོང་དུ་འཇུག་རྩིས་ཀྱིས། ང་རང་དམའ་འབྲིང་སློབ་མཐར་ཕྱིན་པ་དང་ཁྱིམ་ལ་ལེན་རྒྱུ་བྱས་འདུག

“སྤུན་རྒན་པ་ཕ་ཡི་ཚབ་ཡིན།”ཟེར་པ་ཅིས་མ་བདེན། ཕོ་ལོ་བཅོ་བརྒྱད་ལས་སོན་མེད་པའི་ངའི་ཕུ་བོ་ལགས་ཀྱིས་ངའི་ཚེ་གང་གི་མདུན་ལམ་ལ་བསམས་ཏེ། ང་རང་མི་ཚང་དེ་ནས་མ་བསྐྱུར་བར་ཕྱིར་རང་གི་ཁྱིམ་དུ་བླངས་ཤིང༌། ཨ་མ་ལགས་དང་ཕུ་ནུ་མིང་སྲིང་ལྷན་འཛོམས་བྱུང་བ་སོགས། ངའི་ཕུ་བོ་ལགས་ནི་ང་ལ་མཚོན་ན་ཕ་ཚབ་ཙམ་གྱིས་ག་ལ་ཚད། ངའི་མི་ཚེའི་དཀྱོགས་མཚམས་ཀྱི་ས་མཁན་ཡང་ཡིན།ལོ་དེར། དམའ་འབྲིང་མཐར་ཕྱིན་པའི་རང་ལོ་བཅུ་དྲུག་ཅན་གྱི་ང་རང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ལ་སྤོས་པ་ཡིན།

སྤྱིར་ན། ལོ་རབས་བརྒྱད་ཅུ་བའི་ནང་སྲིད་ཇུས་ཅུང་ལྷོད་དུ་ཕྱིན་ཡོད་ནའང༌། གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛིན་གྲྭ་ཞིག་ལ་མཚོན་ན། སྐད་ཡིག་ཁྲིད་གཞིར་ས་སྐྱ་ལེགས་བཤད་དང༌། ཚངས་མགུར། མི་ལ་རས་པའི་མགུར་གླུ་སོགས་ལས་ཚན་བཤུས་ཙམ་ལས་མེད་ཅིང༌། དེ་དག་ཕུད་ལོ་རབས་བདུན་ཅུ་བའི་སྙིགས་རོ་ཅན་གྱི་རྒྱ་རྩོམ་བསྒྱུར་མ་རེ་ལས་གཞན་མེད་པས། དེ་ཙམ་གྱིས་སློབ་ཆེན་སློབ་མ་ཞིག་ཤེས་རིག་གི་འདོད་བློ་བསྐང་ཐུབ་ཀྱི་མེད་པ་རེད།

དེའི་སྟབས་ཀྱིས་སྐབས་དེའི་དྲིན་ལྡན་དགེ་རྒན་རྣམ་པས་བོད་རང་གི་རྗེས་རབས་པ་དང༌། ཡང་ན་བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ་ངལ་བ་བརྒྱ་ཕྲག་དང་དུ་བླངས་ཤིང༌། ཕྱི་ནང་དང་ལུས་སེམས་ཀྱི་གནོན་ཤུགས་སྣ་ཚོགས་ཁྱད་དུ་བསལ་ནས། 《རྗེ་རིན་པོ་ཆེའི་རྣམ་ཐར》དང༌། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》སོགས་རང་ངོས་ནས་སྣུམ་པར་ལ་བཏབ་སྟེ་ཟུར་ནས་ང་ཚོར་ཁྲིད་ཅིང༌། རིམ་གྱིས《མི་དབང་རྟོགས་བརྗོད》་དང༌།《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》སོགས་གནའ་རྩོམ་གྲགས་ཅན་འགའ་རྒྱལ་ཁབ་ཀྱི་དཔེ་སྐྲུན་ཁང་གིས་བཀྲམས་ཏེ་སྤྱི་ཚོགས་སུ་ཐོན་པ་ན། དྲིན་ལྡན་དགེ་རྒན་རྣམ་པས་བསླབ་གཞིའི་ཁྲོད་ན་མེད་པའི་གནའ་རྩོམ་དེ་དག་རིམ་གྱིས་ཁྲིད་པ་དང༌། དགོང་སྦྱོང་དང་གུང་གསེང་གི་སྐབས་དང་བསྟུན་ནས་ལམ་རིམ་ཚིགས་བཅད་མ་དང༌།  བློ་སྦྱོང་གི་སྐོར་སོགས་ཀྱང་ཁྲིད།

ང་ལ་མཚོན་ན་ཆུང་ངུའི་དུས་ནས་བོད་རང་གི་ངག་ཐོག་རྩོམ་རིག་ལ་དགའ་མོས་ཆེ་ཞིང༌། རིམ་གྱིས་སློབ་གྲྭར་འགྲིམས་ཏེ་ཡིག་ངོ་ཆོད་པ་ནས་རྩོམ་རིག་ལ་ལྷག་ཏུ་སྤྲོ་བ་འཕེལ་བར་གྱུར་ནའང༌། རྩོམ་རིག་གཞུང་ལུགས་དང༌། ཡང་ན་རྩོམ་རིག་རྣལ་མ་ཞིག་ལ་སློབ་གཉེར་གྱི་གོ་སྐབས་ཤིན་ཏུ་ཕྲ། སློབ་ཆེན་འགྲིམས་པ་ནས་དངོས་སུ་རང་གི་རེ་བ་དོན་གྱིས་སྨིན་མགོ་ཚུགས་ཏེ། དྲིན་ལྡན་དགེ་རྒན་དམ་པ་དགེ་བསྙེན་རྡོ་རྗེ་ལགས་འཛིན་བདག་ཡིན་པའི་གནས་སྟངས་འོག རྗེ་ཤར་གདོང་རིན་པོ་ཆེའི་དྲུང་ནས་མེ་ལྟར་དབལ་ཚ་བའི་རྡོ་སྦིས་དགེ་བཤེས་ཚང་གི་སྙན་རྩོམ་སྐོར་དང༌། ཆུ་མོ་ལྟར་དྭངས་གཙང་གི་སྒེའུ་སྟེང་ཡོངས་འཛིན་གྱི་སྙན་རྩོམ་སྐོར་ཁྲིད་ཅིང༌། རྩོམ་གཤིས་མི་འདྲ་བའི་ཁྱད་པར་དམིགས་ཀྱིས་བཀར་ནས་ཁྲིད་དེ་སོ་སོའི་ཁྱད་ཆོས་རྣམས་ལ་ངོ་མཚར་བའི་དཔྱད་པ་གནང་བར་མ་ཟད། རིན་པོ་ཆེ་ཁོང་གིས་ང་རང་དམིགས་བསལ་རྗེས་སུ་བཟུང་སྟེ།  ༡༩༨༦ ལོའི་ཟླ༦ཚེས༢༥ཉིན། ཡབ་རྗེ་སྐལ་ལྡན་རས་པའི་གསོལ་འདེབས་བྱིན་རླབས་འགུག་པའི་ལྕགས་ཀྱུ་དང༌། སྒྲོལ་མ་དཀར་སྔོན། འཇམ་དབྱངས་གང་བློ་མ། དབྱངས་ཅན་མའི་བསྟོད་པ་བཅས་ཀྱི་ལུང་གནང་ནས། “རྒྱུན་པར་ཁ་ཏོན་གྱིས་ཨ།” གསུང་སྐབས་ཀྱི་དགྱེས་ཞལ་དང་ཕྱག་གི་ཉམས་འགྱུར་སོགས་ལ་བསམས་ཚེ། གསལ་ལྷང་ལྷང་གིས་ང་རང་ད་དུང་ཡང་ཁོང་གི་དྲུང་ན་ཡོད་ཡོད་འདྲ་བའི་ཉམས་སྣང་ཞིག་ངང་གིས་སྐྱེས་འོང་།

གནའ་དེང་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་ལ་སྤྱན་དཀྱུས་རབ་ཏུ་ཡངས་པའི་རྒན་དམ་པ་སངས་རྒྱས་ལགས་ཀྱི་དྲུང་ནས། ཕྱི་གླིང་དང་བོད་རང་གི་གནའ་དེང་རྩོམ་རིག་ལ་སྦྱངས་པ་ཡིན། རྒན་དམ་པ་ཁོང་གིས་རང་གི་ཁྱད་ཆོས་རྩལ་དུ་བཏོན་ནས། རྒྱ་རྩོམ་གྲགས་ཅན་དག་ལ་ལོ་ཙཱ་དང་དུས་མཉམ་དུ་བོད་རང་གི་གནའ་རྩོམ་གྲགས་ཅན་དག་དང་ཞིབ་བསྡུར་གྱིས་ཁྲིད་སྐབས་ཀྱི་རྣམ་འགྱུར་རེ་རེ་དང༌། རྩོམ་རིག་སྨྲ་བ་ལ་མི་འཇིགས་པའི་གདེང་དང་ལྡན་པའི་སྤོབས་པ། དུས་ཚིགས་རེ་རེ་དང༌། སྐབས་ཐོག་རེའི་རྩོམ་ཡིག་གི་བརྗོད་བྱ་སོགས་ཀློང་དུ་བརྡོལ་བའི་ལྗགས་རྩལ་དེ་དག་ནི་ངེད་ཅག་ཙམ་མིན་པར་བོད་སྤྱིའི་རྩོམ་རིག་གསར་བའི་སྐྱ་རེངས་སུ་གྱུར་ཡོད་པ་ང་དང་དུས་མཉམ་གྱི་སློབ་གྲོགས་ཚོར་གསལ།

དེ་བཞིན་དུ་བཀའ་དྲིན་ཅན་གྱི་སློབ་དཔོན་དམ་པ། རྒན་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་དྲུང་ནས་སྙན་ངག་ལ་སྦྱངས་ཤིང༌། གུང་གསེང་སྤྱད་དེ་ཡབ་རྗེ་བླ་མའི་རྣམ་ཐར་ལ་ཞིབ་མཇལ་གྱི་གོ་སྐབས་ཐོབ་པ་དང༌། དེ་བཞིན་རྣམ་ཐར་གང་ཉིད་བརྗོད་བྱར་བྱས་པའི་སྙན་ངག་ལ་སྦྱངས་པ་གྲུབ་ཁུལ་གྱི་འབྲས་རྟགས་སུ། རང་ལོ་བཅུ་བདུན་སྟེང་རྒན་ལགས་ལ་ཀུན་འཁོར་གྱི་ལེགས་སྐྱེས་ཕུལ་བས། དྲིན་ལྡན་རྣམས་ཀྱིས་བསྔགས་བརྗོད་དང་བྱ་དགའི་སྐྱེས་ཀྱང་གནང༌། ཀུན་འཁོར་དེ་གངས་རྒྱན་མེ་ཏོག་སྟེང་བཀོད་ཡོད།

དེ་ལྟར་ཕྱིར་འདང་རེ་འཁོར་ན་ང་རང་སློབ་ཆེན་ལ་ཞུགས་པའི་དུས་ཏེ། རང་ལོ་བཅུ་དྲུག་པ་ནས་དངོས་སུ་རྩོམ་རིག་གི་ལམ་ཁར་གོམ་པ་སྤོས་པ་ཡིན་ཞེས་བཤད་ཆོག་གོ།

བོད་རང་གི་སྲོལ་རྒྱུན་གྱི་རྨང་གཞིའི་ཁྲིད་ཐབས་ཏེ། བློར་འཛིན་འགྲན་བསྡུར་ཞིག་གི་སྐབས་སུ་ང་རང་ཡང་འགྲན་ཞུགས་སློབ་མ་ཞིག་གི་ངོས་ནས་དུས་ཚོད་སྐར་མ་སུམ་ཅུའི་ཡུན་ལ་མཁས་གྲུབ་རྗེས་མཛད་པའི་དཔལ་ལྡན་ཡོན་ཚོགས་མ་བློར་ཟིན་པས་འགྲན་ཐེངས་དེའི་ཟིན་ཐོ་བསྐྲུན་སོང་ཞེས་དགེ་རྒན་རྣམ་པ་ཤིན་ཏུ་དགྱེས། དེ་དག་ཐམས་ཅད་ནི་རང་ཉིད་རྩོམ་རིག་ལ་དགའ་མོས་ཆེ་བའི་ཉེར་ལེན་གྱིས་ཡིན་པ་འདྲ།

དེ་བཞིན་རྒན་དམ་པ་བདེ་མཆོག་ལགས་ཀྱི་དྲུང་ནས་བརྡ་སྤྲོད་དང༌། རྒན་བློ་བཟང་ཆོས་གྲགས་ལགས་ཀྱི་དྲུང་ནས་རིགས་ལམ་འཕྲུལ་ལྡེ་དང༌། བསེ་བསྡུས་གཉིས་ལ་སྦྱངས་ཤིང༌། ཁྲི་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་འཕྲིན་ལས་ཀྱི་དྲུང་ནས་ཡིག་གཟུགས་ལ་སྦྱངས་པ་སོགས་རང་ཚོད་དང་བསྟུན་ན་བོད་རང་གི་རྩོམ་རིག་གཙོར་བྱས་པའི་རིག་པའི་གནས་རྣམས་ལ་སྦྱངས་པའི་གོ་སྐབས་ལེགས་པོ་ཐོབ་ཡོད་བསམ་མོ།།

རྒན་དམ་པ་སངས་རྒྱས་ལགས་ཀྱི་དྲུང་ནས་ལོ་དུ་མར་རྩོམ་རིག་ལ་སྦྱང་བ་བགྱིས་པའི་ཟིན་བྲིས་ཏེ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་དང༌། ནུབ་གླིང་གི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ཤན་སྦྱར་མ་ལག་བྲིས་དེབ་གཉིས་ཅན་རྒན་ལགས་ཀྱིས་དངོས་སུ་ཞིབ་དག་ཀྱང་གནང་བ་ཞིག་ཡོད་པ་པར་དུ་བསྐྲུན་འདོད་ཀྱིས་ཉར་ཚགས་བྱས་ཡོད་པ་དེ། ཉེ་བའི་ལོ་འགའི་སྔོན་ལ་སློབ་གྲྭའི་གཞུང་སྒྲུབ་ཁང་ནས་སུ་ཞིག་གིས་ཕྱག་རིང་བསྲིངས་ཏེ་མི་སྣང་བར་གྱུར། དེ་ནི་ང་ལ་མཚོན་ན། ཡང་ན་འདུན་པ་རྩོམ་རིག་ལ་འཆོལ་མཁན་ཞིག་གི་ངོས་ནས་ཆེས་གསབ་ཐབས་བྲལ་པའི་གྱོང་གུད་ཆེན་པོ་ཞིག་ཡིན།

རེད་དེ། སློབ་ཆེན་ནི་ཤེས་ཡོན་དང་བསམ་བློ་སྨིན་སའི་དོ་ར་ལྟ་བུ་ཡིན་པས། སྐབས་དེའི་སྙིང་ལ་རུས་པ་ཐོགས་པའི་ལར་ཞེན་ཅན་གྱི་དགེ་རྒན་དམ་པ་རྣམས་ཀྱིས་སྲིད་ཇུས་ཇེ་ལེགས་སུ་སོང་བའི་གོ་སྐབས་དམ་འཛིན་གྱིས་བོད་རང་གི་མི་རིགས་དང་རིག་གཞུང་གི་ཆེད་དུ་ཡོད་ཚད་འབུལ་གྱིན་འདུག་པས། སློབ་སྦྱོང་གི་ཁ་དབུགས་ཧ་ཅང་འཁྲུག་ཆ་དོད་པོ་ཡིན།

ང་ལ་མཚོན་ན་བོད་རང་གི་རྩོམ་རིག་གཙོར་བྱས་རིག་གནས་རྣམས་ལ་སྦྱང་བ་ཅུང་ཟད་བྱ་ཐུབ་པ་བྱུང་ཞིང༌། ཞོར་དུ་རྒྱའི་གནའ་རབས་དང་དེང་རབས་རྩོམ་རིག་ལའང་སྐབས་དེའི་མཚོ་སྔོན་མི་རིགས་སློབ་ཆེན་ན་མིང་དུ་གྲགས་པའི་བུའུ་དགེ་རྒན་ལགས་ཀྱི་དྲུང་ནས་ཧན་རྒྱལ་རབས་ཀྱི་འཐུས་ཚབ་རྩོམ་སྟངས“赋”ཞེས་པ་དོན་བརྗོད་རྩོམ་སྟངས་ཅན་དང༌། སུང་གི “词”ཞེས་པ་རང་མོས་རྩོམ་ལུས་ཅན། ཐང་གི་སྙན་ངག ཡོན་གྱི་ཟློས་གར་འཁྲབ་གཞུང༌། མིང་ཆིང་གི་སྒྲུང་གཏམ་སོགས་ལ་བསླབས་ཤིང༌། གཞན། རྒྱའི་རྩོམ་མཁན་གྲགས་ཅན་ལུའུ་ཞུན་དང༌།  རྩོམ་མཁན་རང་ཉིད་ཀྱི་ལས་དབང་དང་དགའ་སྐྱོ་ཆགས་སྡང་མངོན་གསལ་དོད་པོའི་རྩོམ་སྟངས་ལ་མཁས་པའི་ཡུས་ཏ་ཧྥུའི་རྩོམ་གཤིས་དང༌། ཀྲུང་གོའི་དེང་རབས་རྩོམ་རིག་གི་སྣེ་ཁྲིད་པ་ཧུའུ་ཧྲི། “རྒྱལ་ཁབ་ཀྱི་གཅེས་ནོར”   དུ་འབོད་པའི་ཀའོ་མའོ་རའོ་ཡི་དྲང་ལྡོག་ཕྱོགས་གཉིས་ཀྱི་གཤིས་ཀའི་ངོས་ནས་ཁོའི་བརྩམས་ཆོས་ཀྱི་དགོངས་དོན་ལ་གོ་བ་བླངས་པ་ཡིན་ལ། ཨའེ་ཆིན་གྱི《ཏཱ་ཡན་ཆུ་བོ –ང་ཡི་མ་མ།》ཞེས་པས་ང་ལ་ཉམ་ཆུང་སྐྱེས་མ་ཞིག་གི་ལས་དབང་ལ་མིག་ཆུ་ལྷུང་དུ་བཅུག་ཅིང༌། ཞིས་ཀྲི་མའོ་ཡི་འཆར་ཡན་རིང་ལུགས་པའི་མི་ཚེ་གང་བོ་མཁའ་འགྲུལ་དོན་རྐྱེན་གྱིས་མཇུག་རྫོགས་པའི་རྗེས་ལ་ད་གཟོད་ཕྱིར་བསྒྲགས་པའི་ཁོའི་ཆེས་མཐའ་མཇུག་གི་བརྩེ་འཕྲིན་དེས། ངས་ནི་དེང་རབས་རྩོམ་རིག་པ་གྲགས་ཆེན་ཁོང“བརྩེ་དུངས་ཀྱི་རྒྱལ་སྲས”ཤིག་ལའང་ངོས་བཟུང་མྱོང༌། ལྷག་པར་རྒྱའི་གནའ་རབས་རྩོམ་རིག་ཁྲོད་ཀྱི་སྐྱེས་མའི་བརྩམས་ཆོས་ལ་དམིགས་བསལ་དོ་སྣང་བྱས་པ་ཡིན་ཏེ། ཧན་ནུབ་མའི་སྐབས་ཀྱི་ཀྲོའོ་བུན་ཅོན།(སྤྱི་ལོ་སྔོན་གྱི་ལོ་༡༧༩–༡༡༧)དང༌། རྩོམ་རིག་པ་ཆེན་མོ་སི་མ་ཞང་རུའུ་གཉི་གའི་བར་གྱི་དགའ་འཛོམས་དང་གྱེས་བྲལ། བརྩེ་འདང་དང་འཁང་སེམས་མཚོན་པའི་མོ་རང་གི་བརྩམས་ཆོས་གྲགས་ཅན《སྐྲ་དཀར་བཀླགས་པ》ཞེས་པས་ང་རང་དུངས་བརྗོད་སྙན་ངག་ལ་སྤྲོ་བ་གཞན་དང་མི་མཚུངས་པ་ཞིག་དྲངས་ཤིང༌། དེ་བཞིན། ཝང་དབྱི་ཅིན་དང༌། ལི་ཅི་ལན། ཀྲའོ་ཧྥེ་ཡན། ལི་ཆིན་ཀྲའོ་སོགས་ཀྱི་སྙན་ངག་དང་སྙན་ངག་ཁྲོད་ན་མངོན་གྱིན་པའི་མོ་གཤིས་ཀྱི་མཛེས་དྭངས་དང་ཤེས་རབ་ཀྱི་ནུས་སྟོབས་དེས། བུད་མེད་ནི་ལྷན་སྐྱེས་ནས་འཛེམ་བྱ་ཞིག་དང༌། གཉོམ་ཆུང་ནུས་མེད་ཡིན་པའི་བག་ཆགས་དང༌། ང་རང་གི་དྲན་ཕྱོགས་ལ་འགྱུར་བ་ཐེབས་པ་སོགས། མདོར་ན་ཤ་དར་ཁྲག་དར་དང་ཨ་གསར་འུར་ཞོགས་ཆེ་བའི་སྐབས་དེའི་ང་རང་ལ་རྩོམ་རིག་གིས་དུས་ངེས་མེད་དུ་ཚ་འུར་འུར་དང༌། འཁྱག་སིབ་སིབ་ཀྱི་ཚོར་བ་སྣ་ཚོགས་བྱིན་མྱོང༌།

གཞན་ཡང་རྒྱུན་ལྡན་གྱི་སློབ་ཁྲིད་ཕུད། ཟུར་ནས་དུས་ཚོད་བཀོད་སྒྲིག་གིས་བོད་ཀྱི་དེང་རབས་རྩོམ་རིག་གསར་བའི་དེད་དཔོན། རྒན་དམ་པ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་དྲུང་ནས《སྦ་བཞེད》་དང༌། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》《རཱ་མ་ནའི་རྟོགས་བརྗོད》གཙོར་བྱས་གནའ་རབས་རྩོམ་རིག་དང༌། དེང་རབས་རྩོམ་རིག་གཉིས་ལ་སྦྱང་བ་བྱས།

འདིར་ཆེད་དུ་གླེང་དགོས་པ་ནི། རྒན་ཁོང་གི་ཡོངས་གྲགས་དང་རྒྱུགས་ཆེ་བའི་རང་མོས་སྙན་ངག་གསུམ་སྟེ།《ལང་ཚོའི་རྦབ་ཆུ》ནི་ཁོང་གི་ཕ་ཡུལ་དགུ་རོང་ཧོར་བའི་རི་ངོས་ཤིག་ན་དྲག་ཏུ་འཕྱོ་བའི་རྦབ་ཆུ་དེ་མཐོང་བ་རྐྱེན་བྱས། དུས་སྐབས་དེའི་བོད་ཀྱི་ན་གཞོན་ལར་ཞེན་ཅན་ཞིག་གི་སེམས་ཁམས་དང༌། སྤྱི་ཚོགས་གནས་བབ། མ་འོངས་ཕུགས་འདུན་བཅས་ལ་སྦྱར་ཏེ་བརྩམས་ཞེས་ཡོངས་སུ་གྲགས་ལ།《སྤྲིན་དཀར་གྱི་འདབ་མ་》ཞེས་པ་དེ་ནི་རྒན་ཁོང་གིས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་དགེ་རྒན་གྱི་འགན་བཞེས་པའི་སྐབས་ཏེ། སྤྱི་ལོ༡༩༨༥ལོའི་ཟླ༧ཚེས་༡ཉིན་ཏང་གི་འཁྲུངས་སྐར་བསུ་བའི་མཛད་སྒོར་སློབ་གྲྭ་ནང་ཁུལ་ན་བསྡུ་ཡི་ཡོད་པའི་རིག་རྩལ་སྤྲོ་ཚོགས་ཤིག་གི་སྟེང་ནས། དེང་སྐབས་ཀྱི་སྙན་ངག་པ་གྲགས་ཅན་སྐུ་ཞབས་འབྲོང་ལགས་ཀྱིས(སྐབས་དེར་འབྲོང་ལགས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ཡིན།)སྙན་ངག་ཅིག་གྱེར་འཆར་གྱིས་རྒན་ཁོང་ལ་རྩོམ་ཡིག་སློང་དུ་སོང་བ་ན།  རྒན་ལགས་ཀྱིས“ཁྱོད་ཀྱི་སྐད་གདངས་གྱེར་འདོན་ལ་འཚམ”ཞེས་གསུང་ཞོར་རྒན་ཁོང་ལ་ཡོད་པའི་སྣུམ་པར་ཡིག་གཏགས་འཕྲུལ་ཆས་དེ་སྤྱད་ནས་མ་ཡིག་སོགས་ཅི་ཡང་མེད་པར་དེ་མ་ཐག་གཏགས་གྲུབ་རྗེས་ཁོ་ལ་བྱིན་པ་ཡིན་ཞེས་འབྲོང་ལགས་ཀྱིས་ང་ལ་དངོས་སུ་བཤད་མྱོང༌།

དེ་བཞིན་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཀྱང་ངེད་ཅག་ལ་སློབ་ཁྲིད་གྲུབ་པའི་རྗེས་ཀྱི་ཉིན་དེའི་ཕྱི་དྲོར་རྒན་ཁོང་དང་ང་ཚོའི་འཛིན་གྲྭ་གོང་འོག་གི་སློབ་མ་འགས་མཉམ་དུ་དགོང་ཟས་རོལ་བའི་རྗེས་སུ་སློབ་གྲོགས་ཕོ་ཚོའི་མལ་ཁང་ཞིག་ཏུ་ནམ་སྨད་བར་རྒན་ཁོང་གིས་ང་ཚོར་རྩོམ་རིག་དང་ལོ་རྒྱུས་སོགས་ཁ་ཏ་ཡར་མར་མང་པོ་བྱས་ཤིང༌། ཞོར་དུ་རྒན་ཁོང་གིས་ཨ་རག་ཀྱང་ཉུང་ཙམ་བཞེས་པ་རེད།

ངེད་ཅག་ཁོང་གི་མཐར་རུབ་སྟེ་ཁ་བརྡར་ཉན་ནས་ནམ་ལངས་ལ་ཉེ་དུས་ཤིག་ལ་རྒན་ཁོང་གིས་རང་གི་བྲང་ཁུག་ནས་དུ་ཤུབས་ཤིག་བླངས་ནས་སྟེང་ལ་ཅི་ཞིག་འབྲི་རྩིས་བྱེད་སྐབས། སློབ་གྲོགས་ཤིག་གིས་ཤོག་བུ་ཞིག་འཁྱེར་ཡོང་ནས་རྒན་ལགས་ལ་ཕུལ་པ་ན། རྒན་ལགས་ཀྱི་སྨྱུག་རྩེ་འཁྱུག་ཐེངས་གཅིག་གིས་བྲིས་ཚར་ཏེ་ང་ཚོར་སྟོན་དུས། “འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག —བདག་ལ་བདུད་རྩི་དྲངས་པའི་གྲོགས་པོ་འགའ་ལ་དྲན་རྟེན་དུ་ཕུལ། རང་གྲོལ།”ཞེས་ཤ་རུས་ཡོམ་ཡོམ་སྒུལ་ནུས་པའི་རང་མོས་སྙན་ངག་གྲགས་ཅན་དེ་བྲིས་འདུག་ཅིང༌།  གཤམ་དུ ༡༩༨༥ ལོའི་ཟླ༧ཚེས༢༡ཞེས་ཟླ་ཚེས་ཤིག་ཀྱང་བཀོད་འདུག

རྗེས་ལ་རིམ་གྱིས་སྙན་ངག་དེའི་ཁ་བྱང་ཆུང་བ་དེ་དང་ཟླ་ཚེས་སོགས་ཅི་ཞིག་གི་རྐྱེན་གྱིས་མཐོང་ལམ་དུ་མ་གྱུར། ཡིན་ཡང༌། ངས་འདིར་རྒན་དམ་པ་ཁོང་གི་སྙན་ངག་གྲགས་ཅན་དེ་ནི་ང་རང་ཐེ་བའི་སློབ་གྲོགས་འགའ་ལ་དྲན་རྟེན་དུ་བྲིས་པ་ཡིན་ཞེས་སྙན་ངག་དེའི་རྒྱབ་ལྗོངས་རྗེས་རབས་པས་ཤེས་ན་འགྲིག་སྙམ་པས་གསལ་ཁ་གདོན་འདོད།

ང་ཚོས་དེ་ལྟར་རྒན་ཁོང་ལ་སྐྱེལ་མ་བྱས་པའི་རྗེས་སུ་ཚེས༢༥ཡས་མས་ཤིག་ལ་ང་ཚོར་ཡང་དབྱར་གནང་བྱིན་པས་རང་རང་སར་ལོག་པ་ཡིན།

ཟླ་དགུ་བའི་ནང་སློབ་གྲོགས་གསར་བ་བསྡུས་པ་དང༌། གྱ་ལྔའི་འཛིན་གྲྭའི་ནང་ང་ཚོའི་སྡེ་བའི་བུ་མོ་ཞིག་ཀྱང་གསར་དུ་ཐོན་ཡོད་ལ། བུ་མོ་དེའི་ཕ་མ་གཉིས་ཀྱིས་མོ་རང་ང་ལ་བཅོལ་གདམ་བྱས་ཡོད་པས། ང་ཡང་རྒྱུན་པར་མོ་རང་ཚོའི་ཉལ་ཁང་དུ་འགྲོ་ཡི་ཡོད།

ང་ཚོའི་སྡེ་བའི་བུ་མོ་དེ་མོ་དང་ཉལ་ཁང་གཅིག་ཅིང༌། ཕ་ཡུལ་གཅན་ཚ་ནས་ཡིན་པའི་སློབ་གྲོགས་བུ་མོ་ཞིག་དང་གྲོགས་མོར་གྱུར་འདུག་པས་ང་ཡང་རིམ་གྱིས་གཅན་ཚའི་བུ་མོ་དེའི་གྲོགས་མོར་གྱུར།

གཅན་ཚའི་བུ་མོ་དེ་ལོ་ན་ཅུང་ཆེ་ཞིང་རྒན་དོན་གྲུབ་རྒྱལ་ལགས་དང་འབྲེལ་ལམ་ཡང་བཟང་བོ་ཡོད་སྟབས་ང་ཚོའི་དཔེ་ཁྲིད་མཇུག་བསྡུས་ཡོད་ནའང༌། རྒན་ཁོང་སྐུ་མ་གཤེགས་གོང་གི་བར་དུ་རྒྱུན་པར་མོ་རང་ཚོའི་ཉལ་ཁང་དུ་ཕེབས་ཀྱི་འདུག་པས་ངེད་ཅག་ལ་རྒན་ཁོང་དང་ཐེངས་མང་པོར་མཉམ་དུ་ཁོང་གི་མི་ཚེའི་ལྟ་བ་དང་རྩོམ་རིག་གི་སྐོར་སོགས་ཁ་ཏ་བྱེད་པའི་གོ་སྐབས་ཐོབ་མྱོང་ཡོད།

སྙན་ངག་གྲགས་ཆེན《འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཅེས་པའི་མ་ཡིག་རྒན་ཁོང་སྐུ་གཤེགས་རྗེས་ཀྱི༡༩༨༦ལོའི་ཟླ་༦ཚེས་༢ཉིན་ང་ཚོའི་འཛིན་གྲྭའི་སྐྱོར་དཔོན་ཟུར་བའི་འགན་འཁུར་གྱིན་པའི་སློབ་གྲོགས་ཕོ་ཞིག་གི་ལག་ཏུ་ཡོད་པ་གཡར་ཏེ། ཡང་བསྐྱར་ངོ་བཤུས་ཐེངས་ཤིག་བརྒྱབ་པ་ངའི་ཟིན་བྲིས་སུ་གསལ་བོར་བཀོད་ཡོད་པ་ད་དུང་ཡང་བོར་བརླག་ཏུ་མ་སོང་བར་ཉར་ཡོད་ཀྱང༌། སྐབས་དེའི་ང་ལ་མཚོན་ན་ལོ་ན་ཆུང་བའི་དབང་གིས་རྒན་ཁོང་གི་ཕྱག་ཡིག་དེར་དམིགས་བསལ་གྱིས་དོ་སྣང་དེ་ཙམ་མ་བྱུང་བས་རྗེས་སུ་ཕྱག་ཡིག་དེ་ཅི་བྱས་མ་ཤེས།

ཡིན་ནའང༌། ཉེ་ལམ་ཞིག་ལ། ཨ་འཇམ་གྱིས ༢༠༡༥ལོའི་ཟླ༦ཚེས༡༥ཉིན་ཡི་གེར་བཀོད་པའི“རང་གྲོལ་གྱི་སྙན་ངག་ལྗང་བུས་བཀྲོལ་པ། ལ་རྩེའི་ཇ་ཁང་གི་གདན་ཞུའི་གླེང་སྟེགས་ལས།”ཞེས་པའི་ཁ་ཏ་ཚན་པ་ཞིག་གི་ནང་དུ། རྒན་ཁོང་གི《འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཅེས་པ་དེ་སྐུ་ཞབས་ལྗང་བུ་སོགས་ལ་བྲིས་ཚུལ་ཞིག་སྐུ་ཞབས་ལྗང་བུས་གླེང་འདུག་མོད། དེ་ཅི་ཡིན་ངས་མི་ཤེས།

དེ་ལྟར། སློབ་ཆེན་གྱི་འཚོ་བ་ནི་ལྟོས་འཇོག་གིས་རྒྱལ་ཁ་དང་འབྲས་བུས་བསྐྱལ་ཅིང༌། རང་ལ་མཚོན་ན་བསླབ་འབྲས་ཕུལ་བྱུང་སློབ་མ་སོགས་ཀྱི་མཚན་སྙན་རབས་དང་རིམ་པ་ཐོབ། སྐབས་ཤིག་ལ་བྱ་དགར་ཤོག་དངུལ་དྲུག་ཅུ་ཐམ་པ་ཐོབ་བྱུང་བས། ང་རང་ལ་མཚོན་ན་དངུལ་དེ་འདྲ་མང་པོ་ཞིག་ཐོབ་མྱོང་རྒྱུ་ལྟ་ཅི། མཐོང་མྱོང་ཡང་མེད་རྐྱེན་སྒོར་དེ་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་མ་ཤེས་པར་བསམ་བློ་ཡར་མར་མང་པོ་བཏང་བའི་མཐར། རང་ཁྱིམ་གྱི་འཚོ་བའི་དཀའ་ཁག་ལ་བསམས་ནས་ཅིས་ཀྱང་ཨ་མ་ལགས་དང་ཕུ་བོ་གཉིས་ཀྱི་ཚེགས་ལེན་ཐུབ་ཅིང༌། ཁྱིམ་ལ་གོ་ཆོད་པའི་དངོས་པོ་ཞིག་ཉོ་དགོས་བསམས་བསམས་པའི་མཐར་སྐྱུར་ཁུ་རྒྱ་མ་ལྔ་ཉོས་ཏེ་ཟི་ལིང་ནས་ཕ་ཡུལ་ལ་བསྐུར་པ་ནི། རང་གིས་རྩོམ་རིག་སོགས་ལ་སྦྱངས་པའི་འབྲས་བུའམ། སློབ་སྦྱོང་གི་འབྲས་བུར་ཐོབ་པའི་དངུལ་གྱིས་ཁྱིམ་ལ་རོགས་འདེགས་བྱས་པ་ཐེངས་དང་པོ་ཡིན་པ་དང༌། རྩོམ་རིག་ལ་འདུན་ཡང་བྱིས་བློ་མ་ཡལ་པའི་ངའི་ཁྱིམ་གྱི་དཀའ་ངལ་སེལ་སྟངས་དེ་ནི་ཅི་འདྲའི་དགོད་བྲོ་བོ་ཞིག་ཀྱང་རེད་ཨང༌།

སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ཏེ། རང་ལོ་བཅུ་བདུན་སྟེང་རྐྱེན་ངན་གནམ་ལྷུང་གིས་ངའི་ཨ་མ་ལགས་ངེད་ཅག་མིང་སྲིང་བཞི་བོར་གཏན་དུ་ཁ་བྲལ་བས། ཚེ་སྲོག་གི་ཀ་བ་འགྱེལ་བའི་སྡུག་བསྔལ་གྱི་གཡང་དུ་ལྷུང་ཞིང༌། ཨ་མ་ལགས་དེ་ལྟར་བུད་འགྲོ་བ་ཤེས་ན། ང་རང་དང་ཐོག་སློབ་ཆེན་མ་འགྲིམ་ན་ཅིས་མ་ཆོག་ཨང་སྙམ་ནས་རང་གིས་རང་ལ་ལེ་བདའ་ཡང་བྱས།

དྭ་ཕྲུག་ཅིག་གི་སེམས་ཁམས་དང་དེས་བསྐྱེད་པའི་སྡུག་བསྔལ། རང་ཉིད་ནར་སོན་པའི་གོ་རིམ་ཡ་ང་བ་སོགས་ལ་བསམས་ནས་སེམས་མི་སྐྱིད་པ་ཆགས་ཏེ། ལྭ་བའི་ཕྱི་ནང་ཚང་མ་ཤིག་དང་སྲོ་མང་གི་ཚང་དུ་གྱུར་པས། དགུན་གནང་སྐབས་ཡུལ་ལ་ཐོན་དུས་མ་སྤུན་ཞིག་དང་བདག་གི་ཨ་ཅེ་གཉིས་ཀྱིས་ངའི་ལུས་པོ་དང་ཕྱི་ལྭ་ནང་ལྭ་ཐམས་ཅད་ལ་ཤིག་སྨན་(ཕྱུགས་ཟོག་གི་ལུས་སྟེང་གི་འབུ་གསོད་བྱེད་ཀྱི་སྨན་ཞིག)ནང་དུ་བཀྲུས་ཏེ་བསྐོན་པའི་རྐྱེན་གྱིས་ང་རང་ཉིན་འགར་དྲན་མེད་དུ་བརྒྱལ་པ་སོགས་ང་ནི་ཆུང་དུས་ནས་སྐྱོ་སྣང་གི་སེམས་ཁམས་སྣ་ཚོགས་ཤིག་དང་འབྲལ་མ་མྱོང༌། མདོར་ན། སློབ་ཆེན་གྱི་འཚོ་བའི་ཁྲོད་ནས་དགའ་སྐྱོ་འདྲེས་མའི་མིག་ཆུས་བསྐྲུན་པའི་འདས་དོན་གླེང་དུ་རི་བ་མང་པོ་བསྐྱུར་ཏེ། ༡༩༨༧ ལོ་སྟེ། རང་ལོ་ཉི་ཤུའི་སྟེང་ང་རང་སློབ་ཆེན་ནས་མཐར་ཕྱིན། སློབ་ཆེན་མཐར་ཕྱིན་པ་ནས་ད་བར་དུ་ཕ་ཡུལ་རེབ་གོང་ན་དགེ་རྒན་གྱི་ལས་ཀ་གཉེར་གྱི་ཡོད།

ལོ་རབས་བརྒྱད་ཅུ་བའི་ནང་གི་སློབ་ཆེན་པ་ཞིག་གི་ངོས་ནས་སྐབས་དེར་བྱ་བའི་ལས་གནས་དང་ཡང་ན་ལས་ཁུངས་གང་བཟང་རང་གིས་འདེམ་ཆོག་མོད། འཛིན་བདག་བཀའ་དྲིན་ཅན་གྱིས་ནམ་རྒྱུན་གྱི་ཁ་ཏའི་ཁྲོད་ནས། “དགེ་རྒན་བྱོས་དང༌། རྔོ་ཐོགས་ཚད་གཞན་དང་མི་འདྲ།”ཞེས་ཡང་ཡང་གདམས་པའི་བག་ཆགས་ཀྱིས་ང་རང་དགེ་རྒན་གྱི་ལས་ཀར་འཇུས་པ་ཡིན།

སྤྱིར་ན་དེང་གི་སྤྱི་ཚོགས་ཁྲོད་དགེ་རྒན་ནི་ཆེས་ངོ་སོ་བྲལ་པའི་མི་དེ་ཡིན་ནའང༌། ང་རང་ལས་ཀར་སོང་ཚེ་དགེ་རྒན་ཞེས་འབོད་པ་དང༌། ཁྱིམ་ལ་ལོག་ན་ཨ་མ་ཞེས་འབོད་ཡུལ་ཞིག་ཡིན་པས་ཆོག་སྟེ། དེ་ནི་ངས་རང་གི་ཚེ་གང་གི་ང་རྒྱལ་ཞིག་དང་གཟི་བརྗིད་ཅིག་ཏུ་བརྩིས་ཡོད།

དེ་བཞིན་ངས་རང་གི་ཡོད་ཚད་གཞི་རིམ་སློབ་གསོར་ཕུལ་ཅིང༌། ཞོར་དུ་ང་རང་དཔེ་ཀློག་དང་ཁ་འབྲལ་མ་དགོས་པ་ནི་གང་གིས་ཀྱང་བསྒྲུན་དུ་མེད་པའི་མི་ཚེའི་རྒྱལ་ཁ་ཞིག་ལ་བསམས་ཡོད།

༡༩༨༧ལོར་དངོས་སུ་དགེ་རྒན་གྱི་ཁྲིད་སྟེགས་སུ་འགྲེང་བ་ནས་ད་བར་དུ་ང་རང་རྩོམ་རིག་ལ་དགའ་བའི་འདུན་པ་དང་ཁ་བྲལ་མྱོང་མེད་ཅིང༌། མུ་མཐུད་དུ་ད་དུང་དགེ་རྒན་བསྟེན་ཏེ་སློབ་གཉེར་བྱེད་པའི་ལས་ཀའང་མཚམས་བཞག་མ་མྱོང༌།

ང་རང་དགེ་རྒན་གྱི་ལས་ཀར་ཞུགས་པའི་གོ་རིམ་ཁྲོད་ནས་སྐབས་དང་སྐབས་སུ་ཁྲིད་གཞིའི་ཁྲོད་ན་རྩོམ་རིག་གི་སྐོར་དེ་ཙམ་མེད་པར་དམིགས་ཏེ། གུང་གསེང་གི་དུས་ཚོད་སོགས་སྤྱད་ནས་དགེ་ཆོས་ཀྱི་སྙན་ངག་དང༌། རྗེ་རིན་པོ་ཆེའི་སྙན་ངག་སོགས་སྒོ་སམ་དུ་བྲིས་ཏེ་སློབ་བུ་ཚོར་བཤུ་རུ་བཅུག་ཅིང༌། རང་བློས་དཔོག་ཚོད་ཀྱིས་ནང་དོན་འཆད་འགྲེལ་དང༌། མཉམ་དུ་བློར་བསྐྱོར་བ་དང༌། ཚངས་མགུར་བློ་སྐྱོར་འགྲན་བསྡུར་སོགས་འཛིན་གྲྭ་ནང་ཁུལ་ནས་སློབ་ཕྱིའི་བྱ་འགུལ་འདྲ་སྤེལ་བ་དེ་དག་ནི་ཡལ་ཟིན་ནས་ད་བར་དུ་མི་ལོ་སུམ་ཅུ་ལྷག་སོང་ཡང༌། སྐབས་དེའི་ངའི་སློབ་མ་ཚོས་ད་ལྟ་ད་དུང་ཡང་གླེང་གིན་འདུག དེ་དག་ནི་ང་རང་ཉིད་ལ་མཚོན་ན་སློབ་མ་རྣམས་ལ་རྩོམ་རིག་གི་བག་ཆགས་འཇོག་སྟངས་ཤིག་དང༌། རང་ཉིད་ཀྱང་རྩོམ་རིག་གི་བློ་མིག་ཇེ་གསལ་ཏུ་གཏོང་ཐབས་ཤིག་ཡིན།

རེད་དེ། ལོ་ན་ཚོད་སྨིན་པ་དང་བསྟུན་ནས་ལྟོས་བཅས་ཀྱིས་རང་གི་བསམ་བློའང་སྨིན་ཙམ་བྱུང་བའི་འབྲས་རྟགས་སུ། “སྙིང་ནས་བརྩེ་བའི་ཕ་མ་གཉིས་པོས་ནར་མ་སོན་པའི་ངེད་ཅག་མིང་སྲིང་བཞི་བོར་བྱམས་བརྩེའི་ལག་འཇུ་ལྷོད་ནས་སོང་བའི་དུས་དེ་ནས་ངེད་ཚོས་མི་ཡུལ་གྱི་ཚ་སྐྱུར་མངར་གསུམ་གྱི་བྲོ་བ་མ་མྱངས་པ་མེད་ལ། ངེད་ཅག་མ་བརྒྱུད་པའི་དཀའ་སྡུག་གི་ལམ་བུའང་གང་ཞིག་ཡོད། དེ་ལྟར་ངེད་ཅག་ནར་སོན་པའི་གོ་རིམ་ནི་དེ་འདྲའི་ཡ་ང་བ་ཞིག་རེད་ཨང༌། ”

“དེ་བས་གཉོམ་ལག་མ་རྒྱས་པའི་ན་ཆུང་གི་སེམས་ཁམས་ཤིག་དེ་ལྟར་རྨག་མེད་དུ་བཅོམས་ཤིང༌། བརྩེ་དྲོད་ཀྱིས་བཏང་ཞིང་རེ་ས་རྟེན་ཡུལ་མེད་པའི་ཉམ་ཆུང་གི་རྣམ་ཤེས་ཕྲ་མོ་ཞིག་ལ་ནམ་ཡང་སོས་སུ་མེད་པའི་རྨ་ཁ་ཟབ་མོ་ཞིག་བཏོད་པས་མི་ལོ་བཞི་བཅུ་ལྷག་ནི་དུས་ཡུན་ཐུང་ཐུང་ཞིག་མིན་ནའང༌། ཡིད་ལ་བརྣགས་པའི་འདས་དོན་དེ་སྐར་ཆ་ཙམ་ལའང་ངའི་སེམས་ངོ་ནས་དོར་མ་མྱོང་ལ། འདས་དོན་དེ་ད་ལྟ་ད་དུང་ཡང་གཟུགས་ཅན་བཞིན་དུ་ངའི་སྣང་ངོ་རུ་འཆར་ཞིང༌། དེས་ནམ་ཡང་ངའི་རུས་རྐང་གི་ཟབ་སར་ཚ་འདྲི་དང་གསལ་འདེབས། ཡང་ན། བཟོད་དུ་མེད་པའི་མནར་གཅོད་ཡང་ཡང་གཏོང་བས། སྙན་ངག་ཅེས་པའི་སྐྱིད་སྡུག་འཆད་སའི་སྙིང་གྲོགས་ཤིག་ངེས་པར་མཁོ་ཞིང༌། དེ་ཁོ་ནས་ད་གཟོད་ངའི་སེམས་པར་ལོག་མལ་དང་དབུགས་དབྱུང་སྟེར་ཐུབ་པ་ཡིན།” (༢༠༡༢ལོའི་སྦྲང་ཆར་དེབ་གསུམ་པའི་སྟེང་བཀོད་པའི་སྐུ་ཞབས་སྨྲེང་བུ་ལགས་ཀྱི《བོད་ཀྱི་སྐྱེས་མ་སྙན་ངག་པ་འཆི་མེད་ལ་བཅར་འདྲི་བྱས་པའི་ཟིན་ཐོ།》ཞེས་པ་ལས་དྲངས།)

“སྙན་ངག་ནི་རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་ཞིག་ལ་བསམས་ནས་སྐྱོ་བའི་དུས་ན་མཆི་མ་བཏོན་ཅིང༌། དགའ་བའི་དུས་ན་སྐྱིད་གླུ་བཏང་མྱོང༌། རེད་དེ། འཚོ་བ་ནི་མ་གཞི་ནས་ཉེ་རིང་ཆགས་སྡང་དང༌། ཡང་ན། འགལ་འདུའི་ཕུང་བོ་ཞིག་ཡིན་པའི་ཆ་ནས། ང་རང་ཉིད་ཀྱི་དགའ་སྐྱོའི་སེམས་དོན་རེ་རེ་གླུ་རུ་བླངས་ཤིང༌། འཚོ་བའི་བདེན་པ་རེ་རེ་རི་མོར་ཕབ། བརྒྱུད་པའི་ལམ་བུ་རེ་རེར་ཐོ་རེ་བརྩེངས་པ་ཙམ་ཡིན།”(༢༠༡༢ལོའི་གངས་རྒྱན་མེ་ཏོག་དེབ་དང་པོར་བཀོད་པའི་སྐུ་ཞབས་ཁྲི་སེམས་དཔའ་ལགས་ཀྱི་སྐྱེས་མ་སྙན་ངག་པ་འཆི་མེད་ལ་བཅར་འདྲི་བྱས་པ་ཞེས་པ་ལས་དྲངས།)

གནས་བབ་དེ་འདྲ་ཞིག་གི་འོག་ནས ༡༩༩༠ལོར་ང་རང་དངོས་སུ་བོད་ཀྱི་རྩོམ་སྟེགས་སུ་བུད་པ་ཡིན།

༢༠༠༦ལོའི་ཟླ༧པར་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་ནས་བཏང་བའི་མགྲོན་ཤོག་འབྱོར་པ་དེས། སྐབས་དེའི་རྩོམ་རིག་གི་ལས་དོན་ལ་འཇུག་མཁན་རྣམས་ཀྱི་རེ་འདུན་དང༌། སྒོས་སུ་ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གིས་བོད་མོའི་རྩོམ་རིག་གི་ལས་དབང་ལ་བཅངས་པའི་སེམས་ངོ་མཚོན་ཐུབ་སྙམ་པས་མགྲོན་ཤོག་དེའི་ནང་དོན་ཚན་བཤུས་ཤིག་འགོད་པར་བྱ་སྟེ།

“སྤྱི་ལོ་༢༠༠༦ལོའི་ཟླ༡༡ཚེས༡༠—༡༢ཉིན་གསུམ་གྱི་རིང་ལ། ལ་རྩེ་དཔེ་མཛོད་ཁང་ནས་རྒྱལ་སྤྱིའི་སྟེང་ན་སྐད་ཡིག་སྣ་ཚོགས་ཀྱི་ལམ་ནས་རྩོམ་འབྲི་བའི་བོད་མོའི་རྩོམ་པ་པོའི་འཚོགས་འདུ་ཞིག་ཚོགས་གཏན་ཁེལ་ཡོད།  དེང་སང་འདས་པའི་ལོ་རྒྱུས་ཐོག་ལ་བྱུང་མ་མྱོང་བའི་བོད་མོའི་རྩོམ་པ་པོའི་གྲངས་འབོར་ཞིག་ཡོད་པ་དང་མཚུངས་སུ། ཁོང་ཚོས་གདོང་ལེན་བྱ་དགོས་པའི་གནད་དོན་དང་དཀའ་ངལ་ནི་ད་དུང་ཡང་སྔར་བཞིན་ཧ་ཅང་ཆེན་པོ་ཡིན།

ལ་རྩེ་དཔེ་མཛོད་ཁང་ནས་བོད་མོ་རྩོམ་པ་པོ་འདི་དག་དང༌། ཁོང་ཚོའི་བརྩམས་ཆོས་ལ་དམིགས་བསལ་གྱིས་དོ་སྣང་དང༌། ཁོ་ཚོའི་བརྩམས་ཆོས་དེ་དག་རྒྱལ་སྤྱིའི་ཁོངས་སུ་ཤེས་རྟོགས་སྤེལ་བའི་ལམ་ནས་བོད་མོ་འདི་དག་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་བྱེད་པར་འདོད། ལ་རྩེ་དཔེ་མཛོད་ཁང་ནས་བོད་མོ་འདི་དག་ལ་གནས་ཚང་ཞིག་ཕུལ་ནས་ཁོང་ཚོ་ཕན་ཚུན་བར་ལ་ཉམས་མྱོང་དང་བསམ་བློ་བརྗེ་རེས་བྱེད་དུ་འཇུག་ཅིང༌། དེ་ལ་བརྟེན་ནས་ཁོང་ཚོ་ལ་སྐྱིད་སྡུག་མཉམ་མྱོང་གི་ཚོགས་པ་ཞིག་གི་ཚོར་པ་ཡོང་ཐབས་དང༌། ཁོང་ཚོ་ཕན་ཚུན་བར་དང་བོད་མོ་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་བློ་སྐྱེད་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།

ཁྱེད་རང་ནི། མང་པོས་ངོ་ཤེས་ཤིང་མང་པོར་གྲགས་པ་ཞིག་དང༌། བརྩམས་ཆོས་དཔེ་བསྐྲུན་གནང་ཡོད་པའི་བོད་མོ་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ལ་རྩེ་དཔེ་མཛོད་ཁང་ནས་ཁྱེད་ཉིད་བོད་མོའི་རྩོམ་པ་པོའི་འཚོགས་འདུ་འདིར་གདན་འདྲེན་ཞུ་བར་འདོད། ཚོགས་འདུ་འདིར་བོད་མོ་རྩོམ་པ་པོ་རྣམས་ཀྱིས་རང་རང་ལ་ཐེབས་པའི་རྩོམ་རིག་གི་ཤུགས་རྐྱེན་དང༌། རྩོམ་ལ་ཞུགས་པའི་བརྒྱུད་རིམ། བོད་མོ་རྩོམ་པ་པོ་རྣམས་ཀྱིས་གདོང་ལེན་བྱ་དགོས་པའི་དཀའ་ངལ་དང་གནད་དོན་བཅས་ལ་བགྲོ་གླེང་དང༌། ནུབ་ཕྱོགས་ཀྱི་བུད་མེད་རྩོམ་པ་པོ་དང་མཉམ་དུ་གླེང་མོལ།  སྙན་རྩོམ་དང་ལྷུག་རྩོམ་སོགས་ཁྲོམ་ཀློག་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན། ཁྱེད་རང་ཚོགས་འདུ་འདིའི་ཚོགས་སྐོར་འདི་དག་ལ་ཞུགས་རྒྱུ་ནི་ཁྱེད་རང་གི་རྩོམ་གྲོགས་བོད་མོ་རྣམས་ལ་སྐལ་བ་བཟང་བོ་ཞིག་ཡིན་པར་མ་ཟད། དེ་ལས་རྒྱ་ཆེ་བའི་མི་མང་པོ་ཞིག་བོད་མོ་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་སྣ་ཚོགས་ཤེས་རྟོགས་ཡོང་བར་ཕན་རླབས་མི་ཆུང་བ་ཞིག་ཡོང་ངེས་ཡིན། ད་དུང་ཞུ་རྒྱུ་ཞིག་ལ། ཁྱེད་ནས་རང་རྩོམ་ནས་རང་ཉིད་དགའ་ཤོས་ཀྱི་དུམ་བུ་ཁ་ཤས་འདེམས་ནས་དུས་ཡུན་སྐར་མ་བཅུ་ནས་བཅོ་ལྔ་བར་བཀླག་རྒྱུ་ཡོད་པ་ཞིག་ང་ཚོ་ལ་བསྐུར་ན། ཚོགས་འདུ་ལ་ཉན་མཁན་མང་པོས་གོ་ཆེད་ང་ཚོས་ད་ནས་དབྱིན་བསྒྱུར་གྱི་ལས་མགོ་བརྩམས་ཆོག་པ་དེ་ཡང་དགོངས་འཇགས་འཚལ།” སོགས་ཀྱི་ནང་དོན་ཅན་གྱི་མགྲོན་ཤོག་འབྱོར་ཏེ་འགྲོ་ལུགས་ཀྱང་བསྒྲུབས་ཚར་དུས་རྐྱེན་གཞན་དང་གཞན་གྱི་དབང་གིས་འགྲོ་མ་ཐུབ་པ་དེ་ནི། ང་ལ་མཚོན་ན་རྩོམ་རིག་གི་ལམ་ཁའི་གོད་ཆག་ཆེན་པོ་ཞིག་ཡིན།

སྤྱིར་ན། ང་རང་ཨ་རིའི་སྙན་ངག་མ་གྲགས་ཆེན་ཨ་མི་ལེ་ཊི་ཁིན་སན་ལགས་ཀྱི་སྙན་ངག་ལ་ཧ་ཅང་དགའ་བོ་ཡོད་པས། མོ་རང་གི་སྙན་ངག་གི་ཡོངས་ཁྱབ་བརྗོད་གཞི་སྟེ། མི་ཚེ་དང་བརྩེ་དུངས་ཐོབ་ཤོར་སོགས་ཀྱིས་ལོ་ན་གཞོན་པའི་ང་ལ་ཤུགས་རྐྱེན་ཟབ་མོ་བཟོས་ཡོད་དེ། སྐབས་དེའི་ང་རང་ནི“བཅོ་བརྒྱད་བུ་མོ་གནམ་གྱིས་མི་ཁེབས། ས་ཡིས་མི་ཁྱག”པའི་ལང་ཚོའི་དུས་ཡིན་ལ། བརྩེ་འདང་གི་འཇིག་རྟེན་ཧྲིལ་བོ་རང་ཉིད་ཁོ་ནས་སྒེར་གཅོད་བྱ་ཐུབ་པའི་ང་རྒྱལ་དང་རློམ་སེམས་ཀྱི་སེམས་ཁམས་དེ་ལ་བརྟེན་ནས། རང་ཉིད་ཀྱི་བརྩེ་དུངས་ཀྱི་ཐོབ་ཤོར་དང༌། གྱེས་བྲལ་གྱི་གདུང་བ་སོགས་རང་སྒེར་གྱི་སེམས་འགྱུ་ཕྲ་མོ་དག་བརྗོད་བྱར་བྱས་ཏེ། ན་ཆུང་གི་སེམས་རྩ་སྙི་བ་ལང་ཚོའི་ཆོས་ཉིད་ཡིན་པ་གཞིར་བྱས་ཐོག མེ་ཏོག་གི་བཀྲག་མདངས་འདབ་མའི་ཆེད་དུ་བཀྲ་ཞིང༌། འདབ་མ་ག་ཙམ་སྐམ་རྙིད་དུ་སོང་བའང་མེ་ཏོག་ཁོ་ནའི་དོན་དུ་ཡིན་པའི་ལོ་ཆུང་གི་སེམས་ཁམས་དེས། སྟག་ཤར་གཞོན་ནུའི་རྨི་ལམ་ལ་ཡལ་མེད་དྲན་ཤིང་བཞག་ཚུལ་ནས་རང་སེམས་ཀྱི་འབབ་སྟེགས་ལ་སོས་མེད་ཀྱི་རྨ་ཁ་བཟོས་ཚུལ་སོགས་ལང་ཚོའི་གཏམ་རྒྱུད་མཚོན་པའི་དུངས་བརྗོད་སྙན་ངག་རྐྱང་བྲིས་པ་དཔེར་ན། 《གཙང་འགྲམ་དུ་ལུས་པའི་ཁེར་རྐྱང་གི་སེམས་པ།》དང༌།《ཁྱེད་ཀྱི་རྐང་རྗེས་སུ་འཁྱིལ་བའི་བདག་གི་རྨི་ལམ།》《ལས་ཀྱི་རི་མོ།》 《ལྷོ་ནས་བཏང་བའི་གཞས།》 《བརྩེ་དུངས་དང་ལས་དབང༌།》《རྨི་ལམ་ལྟ་བུའི་ལས་འཕྲོ།》སོགས་མི་ཉུང་བ་ཞིག་བྲིས་ཤིང༌། ཨ་མེ་རི་ཀའི་ངོས་ལེན་སྨྲ་བའི་གྲུབ་མཐའི་འཐུས་ཚབ་མ། སེལ་ཝེལ་ཡ་ཕི་ལ་སི་ལོ་ངོ་བརྒྱད་ཀྱི་སྟེང་ཨ་ཕ་ཚེ་ལས་འདས་པ་རྐྱེན་བྱས། འཆི་བ་མཐོང་ཐེངས་དང་པོ་དེས་མོའི་སྙན་ངག་གི་མི་ཚེ་ལ་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་ཐེབས་པའི་བརྩམས་ཆོས་ཏེ།《ཨ་ཕ།》ཞེས་པ་བཀླགས་པས་ངས་ནི་རང་ཉིད་ནར་སོན་པའི་གོ་རིམ་ལ་ཕྱིར་དྲན་དང༌། ཨ་མ་དྲན་པའི་གདུང་ཡུས། དྭ་ཕྲུག་གི་སེམས་ཁམས་འཁྱག་པ་དང་གནས་བབ་སྐྱུར་མོ་མཚོན་པའི་སྙན་ངག་སྟེ།《ཨ་མ་ལགས། ཁྱེད་རང་ཕེབས་པར་དེ་འདྲའི་བྲེལ་དོན་ཅི།》དང༌།《དེ་ཁྱེད་ཉིད་ཡིན་ནམ། སྒྲོལ་མ།》《བདེན་པའི་ལྷ་མོ》སོགས་བྲིས་པ་ཡིན་ལ།《ཨ་མ་ལགས། ཁྱེད་རང་ཕེབས་པར་དེ་འདྲའི་བྲེལ་དོན་ཅི།》ཞེས་པ་དང༌།《དེ་ཁྱེད་ཉིད་ཡིན་ནམ། སྒྲོལ་མ།》ཞེས་པའི་ནང་དུ། བོད་རིགས་བུད་མེད་ཀྱི་ཡ་ང་བའི་ལས་དབང་དེ་སྤྱིའི་སྒྲོམ་གཞིར་བཞག་ནས། བྱེ་བྲག་ངའི་ཨ་མ་ལགས་ཀྱི་ཡོད་ཚད་ལ་ཕྱིར་དྲན་གྱིས་སྐབས་དེའི་ཨ་མ་ལགས་ཀྱི་གནས་བབ་བརྗོད་པ་སྟེ། ལོ་ན་གཞོན་དུས་བརྩེ་བའི་བཟའ་ཟླ་དང་བྲལ་ཅིང༌། སྒོས་སུ་གྲལ་རིམ་འཐབ་རྩོད་དང་ལམ་ཕྱོགས་སློབ་གསོའི་མནར་གཅོད་འོག་སྐུ་ཚེགས་ཡ་ང་བ་མྱངས་པའི་ངའི་ཨ་མ་ལགས་ལ་མཚོན་ན་རང་ཉིད་ཀྱི་ལང་ཚོ་དང་རྨི་ལམ་ཡོད་ཅིང༌། དེ་ཡོད་ཆོག་ཆོག་ཀྱང་ཡིན་ལ། དཀའ་སྡུག་སྣ་ཚོགས་འོག་སེམས་པ་ཁེན་ས་ཞིག་ཅིས་ཀྱང་མཁོ་ནའང༌། ཨ་མ་ལགས་ཀྱིས་ངེད་ཅག་མིང་སྲིང་ཚོ་སྡུག་བསྔལ་གྱི་གཡང་ལ་ལྷུང་བར་དོགས་ནས་མི་ངོ་ཞིག་ལ་མ་བལྟས་ཤིང༌། འཚོ་བའི་ཁྲོད་ཀྱི་ལུས་སེམས་ཀྱི་དཀའ་ཁག་ཐམས་ཅད་མོ་རང་གཅིག་པུས་ཁུར་ཏེ་འོང་། “ཨ་མ་ལགས་ལ་སྨྲེང་བ་བྱོ་ས་ནི་དབྱར་ཟླ་བཞི་བའི་ཁུ་བྱུག་མ་གཏོགས་ཅི་ཡང་མེད”པས། དེ་ནི་ཚིག་དང་ཐ་སྙད་ཀྱིས་མཚོན་དུ་མེད་པའི་སྡུག་བསྔལ་ཞིག་རེད་ཨང༌། ཨ་མ་ལགས་ལ་མཚོན་ན་རང་གི་ངོས་ནས་རེ་བ་ཅི་ཡང་མེད་དེ།“ཇ་རྒོད་དཀར་ཡོལ་གང་གིས་མོའི་ངལ་བ་ཡོངས་སུ་སེལ་འགྲོ། ”

རིམ་གྱིས་ང་རང་ནར་སོན་པ་དང་བསྟུན་ནས་འཚོ་བའི་དཀའ་ཁག་དང་གནོན་ཤུགས་སྣ་ཚོགས་ལ་གདོང་གཏོད་ཀྱིན་འོང་དུས། ད་གཟོད་རང་གི་ཡོད་ཚད་བུ་ཕྲུག་གི་ཆེད་དུ་ཕུལ་བའི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་སྟེ། ཨ་མ་ལགས་ཤིན་ཏུ་དྲན་ཞིང༌།《ཨ་མ་ལགས། ཁྱེད་རང་ཁྱེད་རང་ཕེབས་པར་དེ་འདྲའི་བྲེལ་དོན་ཅི།》ཞེས་སྐྱོ་ཡུས་དང་འཁང་ར་འདྲེས་མའི་ངུ་ངག་ཀྱང་ཤོར།

“ལོ་ཟླའི་གོད་ཆག” གིས་ཁྱིམ་གཞི་གཏོར་ཅིང་དྲིན་ཆེན་ཕ་མའི་བརྩེ་བ་བོར་པས། ཆུང་ལོ་དགུའི་སྟེང་ནས་མི་ཡི་ངོ་འཛུམ་གྱི་དཀར་ནག་འཚོས་ཏེ་ནར་སོན་པའི་ང་ལ་མཚོན་ན་མི་ཡུལ་གྱི་ཚ་སྐྱུར་མངར་གསུམ་གྱི་བྲོ་བ་མ་མྱངས་པ་མེད་པས་ན། བདག་གི《བདེན་པའི་ལྷ་མོས》ཀློག་མཁན་ཁྱེད་ལ་ཡ་ང་བའི་གཏམ་རྒྱུད་ཅིག་བརྗོད་ཀྱང་སྲིད།

དེ་བཞིན་ཐྲོ་ཉི་མོ་རི་སུན་གྱི་ཨ་རིའི་མི་རྒྱུད་ནག་པོའི་དཀའ་སྡུག་བརྗོད་པའི་བརྩམས་ཆོས་རེ་རེས་ངའི་སེམས་ཀྱི་ཟབ་སར་བཏོད་པའི་རྨ་ཁར་ཚྭ་ཁུ་བཏབ་འགྲོ་བས། ངའི་ན་ཟུག་དེའི་བསྡུས་གཟུགས་ཏེ།《འབྲོག་ཁྱི།》ཡིས་ང་རང་རྗེན་པར་བཤམས་ཡོད།

བོད་རང་གི་རྩོམ་རིག་དང༌། རྩོམ་རྩལ་ཁྱད་པར་ཅན་ལ་གོམས་པའི་ཆེད་དུ། རྗེ་ཙོང་ཁ་པ། མཁས་གྲུབ་དགེ་ལེགས་དཔལ་བཟང༌། ཞང་ཞུང་ཆོས་དབང་གྲགས་པ། རྡོ་རིང་པཎ་ཊི་ཏ། རྡོ་གྲུབ་བསྟན་ཉི་དང༌། རྫ་དཔལ་སྤྲུལ།  བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། དཔའ་རིས་རབ་གསལ། འཇུ་མི་ཕམ་སོགས་ཀྱི་སྙན་རྩོམ་དང༌། ཉམས་མགུར་རྣམས་ལ་རང་གི་ལས་ཀའི་ཞོར་དང༌། ཡང་ན་གུང་གསེང་སྐབས་སུ་ཆེད་དུ་དགེ་རྒན་བསྟེན་ནས་སྦྱང་བ་བགྱིས་ཤིང༌། མཁས་དབང་དེ་དག་གི་སྙན་རྩོམ་ལ་དགའ་བོ་བྱུང་བས། རྩོམ་གཤིས་དེ་འདྲར་ཨེ་གོམས་བསམས་ནས་ཚིགས་བཅད་རྩོམ་ཡིག་འབད་པས་བྲིས་ཤིང་ཆེད་དུ་དཀའ་ལས་བརྒྱབ་པའི་འབྲས་རྟགས་སུ། ད་ལོར་འཕུད་འགྱུར་གྱི་བདག་གི་སྙན་དེབ་གཉིས་པ།《ཆུའི་ལང་ཚོའི》ཁྲོད་ནས་ཁྱེད་ཀློག་མཁན་རྣམ་པས་སྲོལ་རྒྱུན་རྩོམ་རིག་གི་བཞུད་ལམ་ལ་ཕབ་པའི་ངའི་རྐང་རྗེས་མཐོང་ཡང་སྲིད།

རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་བུད་མེད་ཀྱི་སེམས་ཁམས་དེས་རང་རེའི་ལོ་རྒྱུས་སྟེང་གི་བུད་མེད་མཛངས་མ་དག་གི་མཛད་རིམ་ལ་དམིགས་བསལ་དོ་སྣང་བྱས་ཤིང༌། སྒོས་སུ་རྩོམ་རིག་གི་དགའ་མོས་དེས། ལྟ་གྲུབ་ཀྱི་དཔའ་གདེང་བླ་ན་མཐོ་བའི་མ་ཅིག་ལབ་སྒྲོལ་གྱི“རྒྱ་ཆོས་བོད་ལ་དར་པ་གང་མང་མང༌།། བོད་ཆོས་རྒྱ་ལ་སྤེལ་པ་ང་ཉིད་ཙམ།།”ཞེས་པའི་བསྒྲགས་གཏམ་དེས་ང་ལ་སྤོབས་པ་བསྩལ་ཅིང༌། ལྷ་ལྕམ་སད་མ་ཀར་གྱིས་བོད་རྒྱལ་ཁབ་ཀྱི་བརྟན་བརླིང་དང་བདེ་འཇགས། གཅིག་གྱུར་གྱི་ཆེད་དུ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་བློས་བཏང་ཞིང༌། ཆབ་སྲིད་ཀྱི་ཕུགས་རྒྱང་རིང་མོས་དྲངས་པའི“ཡུལ་གྱི་ནི་བསྐལ་ཕོག་པའི།། ཁྱུང་ལུང་ནི་རྔུལ་མཁར་ཞིག།” ཅེས་པའི་མགུར་དེས་ང་རང་བསམ་གཞིག་གི་ཀློང་དུ་དཔྱངས་མྱོང༌།

མདོར་ན། སྔོན་བྱོན་མེས་པོ་མེས་མོ་དག་གི་སེམས་པ་སྒུལ་བའི་མཛད་སྤྱོད་ཀྱིས་ངའི་དགའ་སྐྱོ་ཡོད་ཚད་《ང་དང་ཁ་བའི་གཏམ་རྒྱུད།》ལ་འཐིམ་པར་བྱས་ཤིང༌། 《ཡུམ་ཆེན་གྱི་གཏམ་རྒྱུད།》བརྒྱུད་མེས་མོའི་ཤེས་རབ་ལ་ལུས་ངག་ཡིད་གསུམ་གྱི་མཆོད་པ་ཕུལ་པ་ཡིན་ལ།《ས་མཐའི་སྙན་ངག་པས》  ངས་རང་རེའི་རིག་གཞུང་ལ་བཅངས་པའི་ལྷག་བསམ་དང༌། རྩོམ་རིག་ལ་ཕུལ་པའི་དུངས་ཞེན་བརྗོད་ཡོད།

རེད་དེ། བདག་དང་སྙིང་ཉེ་བའི་ཀློག་མཁན་མང་བོ་ཞིག་གིས་ང་ལ་ཁྱེད་ཀྱི་སྙན་རྩོམ་མང་བོར་སྐྱོ་ཉམས་ཀྱིས་ཁེངས་འདུག ཁྱོད་ནི“སྐྱོ་སྣང་རིང་ལུགས་པ”རྣལ་མ་ཞིག་རེད་ཅེས་བརྗོད་ཀྱི་འདུག དེ་འདྲ་ཡིན་ཡང་སྲིད་དེ།  ང་རང་ནར་སོན་པའི་གོ་རིམ་དང་གནས་བབ་དེས་ང་ལ་ཆུང་དུས་ནས་ཁམས་སེམས་དམིགས་བསལ་བ་ཞིག་ཆགས་སུ་བཅུག་ཡོད་ཀྱང་སྲིད་ལ། སེམས་ཁམས་དེའི་དབང་གིས་ངའི་དཔེ་ཀློག་གི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཐེབས་ཡོད་ངེས་པས་སོ།། དེ་འདྲའི་དབང་གིས་ང་རང་སྤྱིར་ན་ཡང་སྐྱོ་གདུང་ཤུགས་དྲག་པའི་བརྗོད་བྱ་ཅན་གྱི་བརྩམས་ཆོས་བཀླག་པར་ཧ་ཅང་སྤྲོ།

བྱེ་བྲག་སྙན་ངག་གི་ངོས་ནས་བཤད་ན། གནའ་རབས་ཀེ་རེ་སེའི་དུངས་བརྗོད་སྙན་ངག་གསར་བའི་རྨང་འདིང་མཁན་གྱི་སྙན་ངག་མ་ས་ཧྥུ་ལ་མཚན་མཐུན་དགའ་རོགས་སྒྲིག་མཁན་དང༌། སྐྱེས་པ་སྙན་ངག་པའི་མཛའ་མོ། བརྩེ་དུངས་ཀྱི་ཕམ་ཉེས་ཀྱི་དབང་གིས་རང་ཤི་རྒྱག་མཁན་གྱི་བུད་མེད་སྙན་ངག་མ་སོགས་ཐལ་མཐའི་མིང་སྣ་ཚོགས་ཤིག་བཏགས་ཡོད་ནའང༌། མོའི་མི་ཚེའི་ལོ་རྒྱུས་སུ་གཉུག་གཤིས་ཇི་བཞིན་མངོན་ཡོད་པས། མོའི་སྙིང་སྟོབས་དང་དམིགས་བསལ་ཅན་གྱི་གཤིས་ཀ་དེས་ངའི་ཡིད་སེམས་རབ་ཏུ་དྲངས་ཤིང༌། ཨུ་རུ་སིའི“ཆེས་མཐའ་མཇུག་གི་ཞིང་སྡེའི་སྙན་ངག་པར”འབོད་པའི་ཡེལ་སེ་ཉིན་དང༌། མ་ཡ་ཁིབ་སི་ཅི་སོགས་ཀྱི་ཕྱི་གསལ་ནང་གསལ་གྱི་གཤིས་ཀ་དང༌། ཡུན་ཐུང་ལ་འོད་འཚེར་བའི་མི་ཚེ་ཧྲིལ་བོ་སྙན་ངག་ལ་བསྟིམས་པའི་ལྷག་བསམ་དང༌། ཀྱག་ཀྱོག་ཆེ་བའི་བརྩེ་དུངས་ཀྱི་བཞུད་ལམ་སོགས་མཚོན་པའི་སྙན་ངག་གིས་ང་རང་གི་སེམས་པ་སྐྱོམ་པར་བྱས་ལ། བཟའ་འཐོར་དང་བརྩེ་དུངས་ཀྱི་ཕམ་ཉེས། བུ་ཕྲུག་གཉོར་སྐྱོང༌། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་གནོན་ཤུགས་བཅས་ཀྱི་རྐྱེན་པས་རང་ཤི་བརྒྱབ་པའི་སྐྱོ་གདུང་གི་རྩོམ་གཤིས་ཅན་གྱི་བུད་མེད་སྙན་ངག་མ་གྲགས་ཅན་ཕུ་ལ་སི་ལ་གདུང་སེམས་མཉམ་བསྐྱེད་དང༌། མིག་ཆུ་བཏོན་ཞིང༌།མ་ཁེ་ཐུའུ་ཝུན་གྱི“སླར་མཇལ། གལ་སྲིད་སླར་ཡང་མཇལ་ཐུབ་པའི་དབང་དུ་བཏང་ན།”ཞེས་པ་དང༌། ཨལ་ལུན་ཕའོ་ཡི“དཀོན་མཆོག་གིས་ངའི་སྙིང་རྗེ་བའི་རྣམ་ཤེས་སྐྱོབ་རོགས།”སོགས“སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། ཤི་ཡང་ཕྱི་མིག་ལྟ་བའི་རེ་བ”དང་འདྲེས་པའི་ཕམ་ཉེས་དང་རེ་དོགས། ཞེན་ཆགས་ཀྱིས་སྦགས་པའི་ཁ་ཆེམས་དེ་དག་གིས་ངའི་བསམ་གཞིག་གི་སྒོ་མོ་ཡང་ཡང་བརྡུངས་པ་སོགས་མདོར་ན་ང་རང“སྐྱོ་སྣང་རིང་ལུགས་པ”རུ་འགྱུར་ཆོག་པའི་ཕྱི་རྐྱེན་ནང་རྐྱེན་ངེས་ཅན་ཞིག་ཡོད་ངེས། དེ་བས། ངའི་ཀློག་མཁན་དག་གིས་ངའི་སེམས་ངོ་དམར་རྗེན་རྗེན་དུ་མཐོང་འདུག་པར་ངས་ནམ་ཡང་བཀའ་དྲིན་ཆེ་ཞུ་ཡི་ཡོད།

མདོར་ན། ང་ནི་དེ་ལྟར་རྩོམ་རིག་གི་ལམ་ཁ་བརྒྱུད་དེ་འོང་།

ཡིན་ནའང༌། ང་དང་ང་ནང་བཞིན་གྱི་སྐྱེས་མ་རྩོམ་འབྲི་བ་དག་གིས་རྩོམ་རིག་གི་ཆེད་དུ་འཕག་འཚག་ཇི་འདྲ་བྱས་ཀྱང་བོད་མོའི་རྩོམ་རིག་ནི་འཕེལ་མེད་སོར་གནས་ཡིན་པའི་རྒྱུ་རྐྱེན་ཡང་སྙིང་ག་རེ་ཡིན་ནམ། གཤམ་ནས་དེའི་སྐོར་ལ་རང་གི་བསམ་ཚུལ་ཉུང་ཙམ་ཞིག་གླེང་བར་བྱའོ།།

༡ ཕྱི་རྐྱེན། འགྲན་རྩོད་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པའི་གནས་ལུགས་ཀྱིས། བོད་ཀྱི་རྩོམ་སྟེགས་སུ་སྐྱེས་མ་ཚོར་དམིགས་བསལ་སྟེགས་བུ་ཞིག་གནང་ཡོད་པ་དེ་ནི། ང་རང་གི་བསམ་ཚུལ་ལྟར་ན་ང་ཚོར་སོས་དལ་བག་ཕེབས་ཀྱི་གནས་མལ་འཇམ་པོ་ཞིག་བསྩལ་པ་ལས། འགྲན་རྩོད་ཀྱི་གོ་སྐབས་ཤིག་བསྩལ་པ་ནི་རྩ་བ་ནས་མིན་པས། ང་ཚོ་བུད་མེད་དག་གི་གསར་རྩོམ་གྱིས་ཀྱང་ནམ་ཡང་རང་ཉིད་ལ་དབང་བའི་གནས་མལ་འཇམ་པོ་དེར་སོས་དལ་དུ་སྡོད་རྒྱུ་ལས། རང་སྟོབས་ཀྱིས་གནས་མལ་དང་གནས་མལ་བརྗེས་ཏེ་རང་ལམ་ཞིག་དང་རང་མདོག་ཅིག་འཚོལ་བའི་འདོད་བློ་གསར་བ་ཞིག་མཚོན་མི་སྲིད་པ་འདྲ།

དེ་ཙམ་དུ་མ་ཟད། འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་གསར་རྩོམ་བྱུང་འཕེལ་གྱི་གོ་རིམ་ཧྲིལ་བོར་མིག་བཤེར་ཐེངས་ཤིག་བྱས་ན། རང་གི་སྐད་དང་ཡི་གེའི་ལམ་ནས་བྲིས་པའི་རང་རེའི་བུད་མེད་ཚོའི་སྙན་ངག་བརྩམས་ཆོས་ཁྲོད་ན། སྒྱུ་རྩལ་དང་བསམ་བློ་སོགས་ཕྱོགས་གང་གི་ཆ་ནས་གཞན་ལ་ངོམ་དུ་རུང་བའི་བརྩམས་ཆོས་ནི་ཤིན་ཏུ་ཤིན་ཏུ་ཉུང་ཞིང༌། དེ་བཞིན་དུ་ང་ལ་མཚོན་ནའང༌། བོད་ཡུལ་གྱི་ཆེས་མཐོ་བའི་རྩོམ་རིག་བྱ་དགའ་རེ་ཟུང་ཐོབ་མྱོང་བའི་ངོས་ནས་དགའ་བ་སྐྱེས་མོད། དོན་དམ་དུ་བྱ་དགའ་དེ་འདྲ་ཞིག་རང་ལ་ཐོབ་འོས་སོ་སྙམ་དུ་ནམ་ཡང་བསམ་མྱོང་མེད་པར་མ་ཟད། རང་ལ་བྱ་དགའ་རེ་ཐོབ་མྱོང་བ་དེ་དག་ནི། “སྐྱེས་མ་ཚོར་གནང་བའི་དམིགས་བསལ”དེའི་བཀའ་དྲིན་ལ་ད་གཟོད་རང་ཉིད་ལ་བྱ་དགའ་དེ་འདྲ་རེ་ཐོབ་སོང་བར་ངོས་འཛིན་ཟབ་མོ་དང་བཅས་བློ་ཕམ་དང༌། ནོངས་འགྱོད་ཅིག་ཀྱང་ངང་གིས་སྐྱེས་ནས་ཡོད། རྒྱུ་མཚན་ནི།“རང་བློ་རང་ལ་ལྐོག་གྱུར་མིན། ” ཞེས་པ་ནི་ངའི་རྩོམ་ཡིག་གི་ལྕི་ཡང་ང་རང་ལ་གསལ་བའི་སྒྲུབ་བྱེད་དུ་ཅིས་མི་འགྲོ།

རྩོམ་སྟེགས་དེ་འདྲ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ད་གཟོད“མི་སྐྱེས་སྐྱེས་ཐམས་ཅད་བླ་མར་གྱུར”ཅིང༌།“ཨ་མ་གླེན་མའི་བུ་ཕྲུག་གསོ་སྟངས”དེས་ང་ཚོ་ལ་ནམ་ཡང་རང་མགོ་འཁྱོངས་པའི་གོ་སྐབས་ཐོབ་དཀའ་བ་དང༌། དེ་བཞིན་དུ་ང་ཚོ་ནི་ལས་ཀ་གང་ལའང་འབྲས་བུ་ཅུང་ཙམ་ལོན་པ་ཙམ་གྱིས་ཚིམས་སླ་བའི་རིགས་ཡིན་པས། མུ་མཐུད་འཚོལ་སྙེག་དང་བློ་སྦྱོང་གི་མོས་པ་ཉམས་པར་འགྱུར་བ་གདོན་མི་ཟ།

དེ་བས། ང་ནི་དྲང་བཞག་དང་འདྲ་མཉམ་གྱི་ལམ་ནས“གསེར་དང་རག”གི་ཤན་འབྱེད་པར་འཐད་དེ།  ངེས་པ་དོན་གྱི་བུད་མེད་སྙན་ངག་པ་ཞིག་འབྱུང་བར་རེ་བ་ཆེ་བས། དམིགས་བསལ་རྩོམ་སྟེགས་དང་དམིགས་བསལ་འོས་སྦྱོར་སོགས་ལ་བཀའ་དྲིན་མ་ཞུས་ནའང་ཆོག་སྙམ།(མགོན་པོ་སྐྱིད་ཀྱི་བོད་མོའི་དོགས་གཞི་དང་ཐུན་མོང་གི་ལྟ་ཚུལ་ཞེས་པ་ལས་དྲངས།)

དེ་བཞིན་དུ་ཡང་རྩོམ་རིག་བྱ་དགའི་མཛད་སྒོ་ཞིག་གི་སྟེང༌། ངས “ གལ་སྲིད། ང་རང་སྐྱེས་མ་ཞིག་མིན་པའི་དབང་དུ་བཏང་ན། དེ་རིང་རྩོམ་སྟེགས་འདིར་འགྱིང་ནས་བྱ་དགའ་ལེན་མཁན་དེ་ང་རང་ཡིན་མི་སྲིད། རྒྱུ་མཚན་དེའི་ཕྱིར། འདི་ནི་བོད་མོའི་རྩོམ་རིག་གི་གནས་བབ་ཡིན་ལ། འདི་ནི་བོད་མོའི་རྩོམ་རིག་གི་སྡོམ་ཚིག་ཀྱང་ཡིན།”ཞེས་བཤད་མྱོང༌། ཡིན་ཡང༌།《འབྲོག་ཁྱི》ནི་ང་ཚོའི་ཡ་ཆུང་གི་ཕུགས་ལ་འཁྱིལ་བའི་སྡུག་བསྔལ་གྱི་མཚོ་མོ་ལུད་སྟངས་ཤིག་ཡིན་པས།《འབྲོག་ཁྱི》ཞེས་པའི་རྩོམ་དེ་ལ་བྱ་དགའ་ཐོབ་པར་ང་རང་ཧ་ཅང་དགའ་ཡོད།

༢ ནང་རྐྱེན། ངས་རང་ཉིད་ཀྱི་བརྩམས་ཆོས《ང་ཚོ་ནི་རླབས་ཆེན་གྱི་མ་ཡུམ་དག་ཡིན།》(༢༠༡༢ལོའི་སྦྲང་ཆར་དེབ་གསུམ་པར་བཀོད་ཡོད།)ཞེས་པར་རང་རེའི་བུད་མེད་དག་ལ་ང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གཞིར་བཞག་གིས་བུད་མེད་རང་ཉིད་ཀྱི་མདུན་ལྗོངས་དང་མི་ཚེ། རིན་ཐང་ལྟ་ཚུལ་དང་འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ནས་གཙོ་ཆེར་རིགས་ལྔ་རུ་དབྱེ་བ་སྟེ། 1 སྒེར་ཚུགས་ཀྱི་འདུ་ཤེས་ཤུགས་དྲག་པའི་སྡེ། 2 གཞན་བསྟེན་གྱི་འདུ་ཤེས་ཤུགས་དྲག་པའི་སྡེ། 3 རང་དམན་འདུ་ཤེས་ཤུགས་དྲག་པའི་སྡེ། 4 སྲོལ་རྒྱུན་གྱི་བཀག་རྒྱ་རུ་ཚུད་པའི་སྡེ། 5 གང་དུའང་མི་ཐེ་བའི་སྡེ་སྟེ་རིགས་ལྔ་བོར་དབྱེ་ཞིབ་དང་རང་གི་ལྟ་ཚུལ་ཞིབ་བརྗོད་བྱས་ཡོད་ནའང༌། འདིར་ཡིག་ཚོགས་སྐྱུང་ཕྱིར་ཡང་བསྐྱར་མི་གླེང་ངོ༌།།

དེས་ན་ངས་འདི་ནས་གོང་གསལ་ཚན་པ་ལྔ་བོ་ལས་སྲོལ་རྒྱུན་གྱི་བཀག་རྒྱ་རུ་ཚུད་པའི་སྡེ་དང་གཞན་བསྟེན་འདུ་ཤེས་ཤུགས་དྲག་པའི་སྡེ་གཉིས་ཀྱི་སྟེང་ནས་བོད་མོའི་རྩོམ་རིག་གི་གནས་བབ་ཅུང་གླེང་བར་འདོད།

སྔ་མར་ང་རང་ཉིད་ལས་འོས་པའི་དཔེ་མཚོན་གསོན་པོ་ཞིག་མི་འདུག་ཅེས་བརྗོད་ཆོག ཅིའི་ཕྱིར་ཟེར་ན།  དཔལ་མོ་ལགས་ཀྱི་ལྷུག་རྩོམ་དེབ《དཔྱིད་ཀྱི་དཔལ་མོ།》ཞེས་པ་རུ་བཀོད་པའི་《འཆི་མེད། ཁྱོད་ལ་རྟེན་འབྲེལ་ཞུ།》ཞེས་པའི་རྩོམ་ཡིག་རླངས་ཚང་བསོད་རྡོར་ལགས་ཀྱི་ལྷན་ཐབས་ཅན་དེས། གཞན་དབང་འོག་ཏུ་ཚུད་པའི་སྐྱེས་མ་སྨྱུག་ཐོགས་པ་ཞིག་གི་ལས་དབང་བརྗོད་ཀྱི་ཡོད་པས། ཡོད་ཚད་དེས་འཐུས་པར་བྱ།

དེ་བཞིན་དུ་ངས་ཀྱང་རང་གི་སྙན་དེབ《ཟླ་བའི་རྨི་ལམ》གྱི་མཇུག་བྱང་དུ། “ང་རང་གསར་རྩོམ་དུ་ཞུགས་པ་ནས་ད་བར་དུ་ངས་ཀློག་མཁན་གྲོགས་པོ་དག་ལ་སྙན་དེབ་ཅིག་སྐྱེས་སུ་འབུལ་མ་ཐུབ་པ་ནི། ཡང་ཡང་གས་ཆག་ཤོར་པའི་ངའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་ཅིང༌། འགྲོ་བ་སེམས་ཅན་སུ་ལ་མཚོན་ནའང༌། རང་དབང་འཕྲོགས་ཤིང་མོས་ཕྱོགས་བཅོམ་པ་ལས་ལྷག་པའི་སྡུག་བསྔལ་གཞན་ཞིག་ང་ཚོས་གང་དུ་འཚོལ་ལམ།”ཞེས་པ་བཞིན། ངའི་སྙན་ངག་གི་སྨྱུག་ཁ་བཙན་གྱིས་བཅག་ནས་མི་ལོ་བཅུ་ལྷག་འགོར་པ་ནི་ངའི་རྩོམ་རིག་གི་གྱོང་གུད་ཅིག་སྟེ། མི་ཚེ་གཅིག་ལ་མི་ལོ་བཅུ་ཕྲག་ག་ཚོད་ཡོད་དམ། དེ་ནི་ངའི་རྩོམ་རིག་གི་བཤུལ་ལམ་གྱི་ཆེས་ཆེ་བའི་ཕམ་ཉེས་དང་སྐྱོ་གར་ཡིན།

ཕྱི་མ་ནི། དེང་དུས་ནད་ཡམས་བཞིན་འགོས་ནས་འགྲོ་བའི་བོད་མོའི་རྩོམ་རིག་གི་ཡ་ང་བའི་གནས་བབ་ཡིན་ཏེ། སྐྱེས་མ་གསར་རྩོམ་པ་དག་ལ་རང་དབང་གི་ཁོར་ཡུག་དང༌། སོ་སོའི་འཚོ་བའི་ནང་གི་རྒྱབ་སྐྱོར་མཁོ་བ་ཤིན་ཏུ་བདེན་ཡང༌། རྒྱབ་སྐྱོར་ཐལ་དྲགས་ཏེ་གཞན་གྱི་སྨྱུག་ཁ་ནས་རང་ཉིད་འགྲེང་ན་སྐྱེས་མ་རང་ཉིད་ལ་བསམ་གཞིག་གི་བར་སྟོང་དང་འབྲི་སྦྱོང་གོ་སྐབས། བློ་སྦྱོང་གི་གོ་རིམ་ཞིག་སྤྲོད་ཐུབ་ཀྱི་མེད་པས། རྒྱབ་སྐྱོར་བྱེད་སྟངས་དེའི་རིགས་ནི། “ཕྱེ་མ་ལེབ་ནར་སོན་པའི་གོ་རིམ”ལ་སྦྱར་ན་ཤིན་ཏུ་འཚམ་ཞིང༌། རྒྱབ་སྐྱོར་བྱེད་སྟངས་དེ་ནི་སྐྱེས་མ་རྩོམ་འབྲི་བ་ཞིག་གི་ངོས་ནས་བརྗོད་ན་རང་ཉིད་ཀྱི་བླ་སྲོག་འབོར་ལུགས་ཤིག་ཀྱང་རེད་དོ།།

སྣང་ཚུལ་འདིས་ནམ་ཞིག་གི་དུས་ན་ང་ཚོ་ནེ་ཙོ་ཁྱུ་གཅིག་ཏུ་འགྱུར་སྲིད་ལ། སྣང་ཚུལ་འདིས་ནམ་ཞིག་གི་དུས་ན་ང་ཚོ་ནི་བོད་ཡིག་གི་ཕྲད་ཐོབ་ཐང་ཙམ་ལའང་རྨོངས་པའི་བུད་མེད་རྩོམ་པ་པོ་གྲགས་ཅན་གྱི་སྡེ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མི་འདུག

རྩོམ་རིག་ནི། བག་ལ་ཉལ་ཞིང་ཡིད་ལ་བརྣགས་པའི་སོ་སོའི་ཚོར་པས་བྲི་རྒྱུ་ཞིག་ལས། གཞན་གྱི་སྨྱུག་ཁ་ནས་ནད་མེད་འཁུན་སྒྲ་སྒྲོག་པའི་གོ་སྐབས་རྩོད་རྒྱུ་ཞིག་ག་ལ་ཡིན། དེ་བས་ཀྱང་གྲགས་པ་ཁོ་ན་དོན་དུ་གཉེར་འདོད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཡིག་ཚོགས་མོད་པོ་ཐོན་སྐྱེད་བྱེད་པའི་ལས་ཀ་ཞིག་ག་ལ་ཡིན། མདོར་ན། བརྒྱ་བཤད་ཚིག་གི་སྙིང་བོར་ཞུ་རྒྱུ་ནི། གྲོགས་མོ་རྣམ་པ་ལགས། ང་ཚོ་ལ་དོན་དམ་རང་རྐྱ་ཕེར་པའི་སྐྱེས་མ་རྩོམ་པ་པོ་ག་ཚོད་ཡོད་དམ།

སྐབས་འདིར་ངའི་ཡིད་ལ་དྲན་འོང་བ་ནི། རྩོམ་རིག་དཔྱད་བརྗོད་པ་རྒན་བདུད་ལྷ་རྒྱལ་ལགས་ཀྱིས“བོད་མོའི་རིག་ཅེས་པ་གདགས་གཞི་གྲུབ་མེད།”ཅེས་པ་སྟེ། སྐད་ཆ་དེ་སྔོན་མ་ཞིག་ལ་ངས་དང་ལེན་བྱ་མ་འདོད། རྒྱུ་མཚན། སྐབས་དེར་ངའི་སེམས་སུ་འཛམ་གླིང་རྩོམ་རིག་གི་སྲང་ལ་བཅལ་ན་བོད་མོ་ཙམ་མ་ཡིན་པར་བོད་ཀྱི་རྩོམ་རིག་གསར་བ་ཞེས་པ་ད་དུང་གདགས་གཞི་ཡོད་དཀའ་ལ། ལྟོས་བཅས་ཀྱིས་བོད་མོའི་རྩོམ་རིག་དང་སྐྱེས་པའི་རྩོམ་རིག་གང་ཡིན་ཡང་གོམ་པ་འཁྱར་འཁྱོར་མཉམ་སྤོ་ཡིན་པས་རྒན་ལགས་ཀྱི་སྐད་ཆ་དེ་གཟུ་བོར་གནས་མི་འདུག་སྙམ་བྱུང༌།

ཡིན་ཡང༌། ཉེ་བའི་ལོ་འདི་འགར་ངས་གཞི་ནས་བོད་མོའི་རྩོམ་རིག་ལ་འབྲས་བུ་གཡར་མ་ཙམ་ལས་ཅི་ཡང་མེད་ཅེས་གླེང་མཁན་གྱི་གྲོགས་པོ་སྐོར་ཞིག་གི་སྐད་ཆ་དང༌། རྒན་བདུད་ལྷ་རྒྱལ་ལགས་ཀྱིས་བོད་མོའི་རྩོམ་རིག་གི་གནས་བབ་དེ་མཁྱེན་ཅིང་གཟིགས་ཏེ་བཀོད་པའི་སྡོམ་ཚིག་དེའི་སྦས་དོན་རྟོགས་ཤིང༌། དཔྱད་པ་གཟུ་བོར་གནས་པའི་ངོས་འཛིན་ཐོབ་སོང་ལ། སྡོམ་ཚིག་དེ་ནི་བོད་མོའི་རྩོམ་རིག་གི་རྒྱབ་ལྗོངས་ཡིན་པར་མ་ཟད། མདུན་ལྗོངས་ཀྱང་དེ་ལས་འགྱུར་དཀའ་བའི་སྣང་ཚུལ་མཐོང་ན་ང་རང་རྩོམ་ལ་དགའ་མཁན་ཞིག་གི་ངོས་ནས་བློ་ཕམ་དང་ཡི་ཆད་སྐྱེ།

གཞན། རང་རེའི་རྩོམ་རིག་སྤྱིའི་ངོས་ནས་ཀྱང་ད་དུང་རང་ལམ་བརྟན་ལ་བརླིང་བ་ཞིག་རྙེད་དཀའ་བ་ནི། སྲོལ་རྒྱུན་གྱི་བག་ཆགས་ཤིག་གིས་གཉུག་གཤིས་ཀྱི་མཛེས་པ་དང༌། སྒྱུ་རྩལ་གྱི་མཛེས་པ་བཏུམས་ཏེ་ངོས་དེ་ནས་རིན་ཐང་ཇི་བཞིན་མངོན་ཐུབ་ཀྱི་མེད་པའི་ཁོར་ཡུག་གི་ཤུགས་རྐྱེན་གྱི་དབང་གིས་ཡིན་ཡང་སྲིད། ང་ཚོའི་རྩོམ་རིག་སྤྱིའི་སྟོང་ཆ་དེའི་རིགས་ནི། ཧྥ་རན་སིའི་སི་མོན་ཊི་པིའི་ཧྥོ་ཡའི《ཆགས་སྲིད་ཨང་གཉིས་པ།》དང༌། དབྱིན་ཇིའི་ལོ་ལུན་སིའི《ཐྲ་ཐེལ་ལྕམ་མོའི་དགའ་རོགས།》སོགས་ཀྱིས་གསལ་བཤད་བྱེད་ཐུབ་པ་ཞིག་གོ།

དེས་ན། “ང་ཚོའི་བྲང་ན་གདུ་བཞིན་པ་འདི་ཁྲག་ཡིན་ན། ཁ་ནང་གི་མཆིལ་མ་འཁྱག་པ་བཞིན་མི་འདོར་རྒྱུ་གལ་ཆེ་ཞིང༌།” དེ་ཡང༌། “རིགས་པ་ཡིས་ནི་མི་ནུས་ན།།མི་ནུས་དེ་ལ་ཚིག་གིས་སྦྱོངས།།”ཞེས་གསུངས་པ་དེ་འདྲར་གོམས་པར་བྱ་རྒྱུ་གལ་ཆེའོ།།

རེད་དེ། ང་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་ཚན་ཁ་མ་ཉམས་པའི་ཁོར་ཡུག་ཅིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང༌། སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རྩོམ་རིག་ལ་སྦྱངས་ཏེ་རྩོམ་སྟེགས་སུ་འགྲེང་མོད། འོན་ཀྱང༌། རྩོམ་རིག་གསར་བའི་ཤུགས་རྐྱེན་འོག། ངས་ཀྱང་སྐབས་ཤིག་ལ “འབུ་བུང་བར་གྱུར། བུང་བར་གཤོག་པ་མ་ཐོགས་པའི” ཨ་གསར་འུར་ཞོགས་ཀྱིས་རང་མོས་སྙན་ངག་ལྟ་བུ་རེ་འབྲི་ཅི་ཐུབ་བྱས་ཏེ། བྱ་དགའ་གྲགས་ཅན་རེ་ཟུང་བླངས་ཀྱང༌། བསམ་ཞིང་བསམས་ན་ང་རང་ཐེ་བའི་རང་རེའི་རྩོམ་འབྲི་བ་མང་དག་ཅིག་ནི། རང་རེའི་རིག་གཞུང་ལ་བློ་སྦྱོང་གི་རྨང་གཞི་ཞན་པས་བོད་རང་གི་ཁྱད་ཆོས་ལྡན་ཞིང་བོད་སྐད་རྣལ་མའི་ཚིག་དུམ་ཙམ་ཡང་བྲི་མི་བཏུབ་ནའང༌། དམའ་ས་ནས་འདུག་མ་འདོད། གཞན་ཡོད་སར་བསྙེགས་པས་མ་ཆོད། ལམ་བུ་གསར་བ་ཞིག་བཏོད་མ་ཐུབ། བར་མ་བར་ནས་གང་ལའང་ཐེ་དཀའ་བར་མ་ཟད། རྩོམ་སྟངས་ལད་ཟློས་དང་བརྗོད་བྱ་བསྐྱར་ཟློས། ཐ་ན་རང་ཉིད་ཀྱང་འབོར་ཉེན་གྱི་དཀའ་ཁག་ལ་ཕྲད་པའི་རྒྱུ་མཚན་གྱིས་བྱུང་རྒྱལ་དུ་ཀུ་ཅོ་སྒྲོག་པ་ནི། ང་ཚོས་གཞན་གྱི་ཆེད་དུ་རང་ཉིད་འབོར་གྱིན་པའི་གོ་རིམ་ཞིག་དང༌། བོད་རང་གི་རྩོམ་རིག་གི་གོད་ཆག་ཀྱང་རེད་འདོད།

དེའི་ཕྱིར་ད་ལྟའི་རྩོམ་རིག་གསར་བ་ནི། གྲུབ་མཐའ་དང་རྣམ་གཞག་མེད་པར “ར་མ་ལུག་”ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་སྐབས་འདིར། ངས་ནི་མཐར་དེད་ན་ང་ཚོར་གཞན་ལ་ངོམ་དུ་རི་བ་ཞིག་ཡོད་པ་ནི། རང་རེའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལས་གང་དང་ཅི་ཡང་མེད་སྙམ་པས་ན།“ཚིགས་བཅད་ཡིན་ན་སྙན་ངག་མིན”པར་ཅི་ཙམ་འུར་ན་འུར་དུ་ཆུགས། ང་རང་བོད་མོ་སྨྱུག་ཐོགས་པ་ཞིག་གི་ངོས་ནས། ཡང་བསྐྱར་ཐོག་མའི་ལམ་ཁར་ཞུགས་པ་ཡིན་ལ། སྲོལ་རྒྱུན་རྩོམ་རིག་ནི། རང་ཉིད་ཀྱི་ཆེས་མཐའ་མཇུག་གི་ལོག་མལ་དུ་ཡང་བསམས་ཡོད།

གཞན། “ཕ་སྐད་རུས་པ་ཡིན་ཡང་དམུར་དགོས་ཤིང༌། མ་ཡིག་ས་རྒོད་ཡིན་ཡང་རྨོ་དགོས” པའི་གནས་ལུགས་ཀྱང་ངས་གསལ་བོར་ཤེས་ཡོད།

མཇུག་མཐར། ང་རང་ལྟ་བུ་ལ་རྩོམ་རིག་གླེང་བའི་ཐོབ་ཐང་མེད་ཅིང༌། རྩོམ་རིག་སྐོར་གྱི་གྲུབ་འབྲས་ནི་འདི་ཞེས་ལྷག་ཏུ་སྟོན་རྒྱུ་མེད་ནའང༌། ང་རང་གཞི་རིམ་གྱི་དགེ་རྒན་ཞིག་དང༌། བོད་ཕྲུག་སྟོང་ཕྲག་འགར་རང་གི་ཕ་སྐད་མ་ཡིག་སྒྲོག་པའི་ལས་ཀ་དེ་ཁང་འཁྱག་ཅིག་ཏུ་མི་ལོ་སུམ་ཅུ་ལྷག་གི་ཡུན་ལ་རྒྱུན་སྐྱོང་ཐུབ་པ་བྱུང་བར་ཧ་ཅང་དགའ་ཡོད།

དེའི་ཕྱིར། ངས་ནམ་རྒྱུན་བསམས་ཤིང་སྒྲོག་ཕོད་པ་ནི། ནམ་ཞིག་ངའི་དུང་སོ་སུམ་ཅུ་འཐོར་སྲིད་ཀྱང༌། དབྱངས་གསལ་སོ་བཞི་གཏན་ནས་འཐོར་མི་སྲིད།

སྤྱི་ལོ༢༠༡༥ལོའི་ཟླ༦ ཚེས༢༦ཉིན་འཆི་མེད་ཀྱིས་རེབ་གོང་ནས་རྫོགས་པར་བྲིས།