— ལྷ་ས་དང་འབྲེལ་བའི་དངོས་བཤུས་བརྙན་ཐུང་གཉིས་ལ་བལྟས་པའི་མྱོང་ཚོར།

དབུས་ལམ་གྱི་སྒྲུང་།

དུས་རབས་བཅུ་དགུ་ཙམ་གྱི་ཉི་བཟང་སྐར་བཟང་གི་ཉིན་ཞིག་ལ། ངའི་ཕ་ཡུལ་གྱི་རབ་བྱུང་བ་སྐོར་ཞིག་ཡབ་མེས་རྣམས་ཀྱི་སྲོལ་བཞིན་ཞབས་ཐང་གིས་དབུས་མཇལ་ལ་ཆས། དེ་ཚོའི་ཁྲོད་དུ་གྲྭ་བ་དམུས་ལོང་ཞིག་མཆིས་ཀྱང་། དབུས་རོགས་རྣམས་ཀྱི་གྲོགས་དན་ལ་བརྟེན་ནས་སྟོད་ཉི་མ་ལྷ་སར་མཇལ་རྗེས་ཕྱིར་བདེ་བླག་ངང་རང་མལ་དུ་ལོག་ཐུབ་སོང་བར་བཤད། ཆེ་ལ་ཆུང་རྒྱུ་མེད་པའི་གཏམ་རྒྱུད་འདི་གོ་ཐེངས་རེ་རེར་ཁོ་བོར་དད་པའི་སྟོབས་ལས་ཀྱང་དང་བ་འདྲེན་པ་ཞིག་ནི་གྲོགས་པོ་རྣམས་ཀྱི་གཞན་ཕན་དང་ལྷག་བསམ་རེད། སྐབས་ལན་རེར་དུས་དེང་སང་དེ་ལྟ་བུའི་བརྩེ་བའི་བདག་ཉིད་ཅན་དཀོན་ཚོད་གདའ་སྙམ་པའི་བློ་ཡང་བཅོས་མིན་དུ་སྐྱེས་འོང་།

དགའ་འོས་པ་ཞིག་ལ་དངོས་བཤུས་བརྙན་ཐུང་《འོད་ཀྱི་ལམ་བུ་》སྐད་པ་དེས་ངའི་ཐེ་ཚོམ་གྱི་གཡའ་སེལ་ཞིང་ཡ་ཁོག་གི་སེམས་བཀུག་པ་ནི། དུས་ཚོད་སྐར་མ་བཅུ་དྲུག་ཙམ་ལས་མེད་པའི་བརྙན་ཐུང་འདིར་དགུང་ལོ་ང་བརྒྱད་ལ་སོན་པའི་བུ་རྒོད་ཅིག་གིས་ཞབས་ཟུང་ཐང་བོ་མིན་ཁར་སྤྱན་ཟུང་ཡང་ལོང་བའི་དྲིན་ཆེན་མ་ལོ་ཤིང་རྟར་འདྲུད་དེ། རང་ཡུལ་ཀླུ་ཆུ་ནས་ལམ་ལ་ཆས་ཏེ་ཉི་མ་ལྷ་སར་འབྱོར་བའི་དངོས་བྱུང་གཏམ་རྒྱུད་རིང་མོ་ཞིག་བསྡུས་ནས་བརྗོད་ཡོད་པས་ཡིན། གཏམ་རྒྱུད་ཀྱི་མདོ་དོན་ལྷད་མ་འདྲེས་པས་སམ། རོལ་དབྱངས་ཀྱི་གདངས་ཉམས་དང་མཐུན་པས་སམ། ཡང་ན་མི་སེམས་ཀྱི་གཏིང་ནས་འབུས་པའི་དྭངས་གཙང་གིས་སམ། གང་ལྟར་བརྙན་ཐུང་འདི་ལ་བལྟས་ཚར་ཁ་མ་དེར་བཅོས་མིན་དུ་མིག་ནས་མཆི་མ་དཀུ་ཞིང་བདག་སེམས་རབ་ཏུ་གཡོས། སྒོས་སུ་མི་ཆོས་གཙང་མ་བཅུ་དྲུག་ལས་བརྗོད་པའི་“ཕ་མ་ལ་གུས་སྲི་ཞུ་སྒྲུབ་”ཟེར་བ་འདི་མིན་ན་གང་ཡིན་སེམས་ཤིང་།《ཕུ་ནུའི་མདོ་》ཡི“ཕ་མ་དང་བླ་མ་ལ། སྲི་ཞུ་མྱེད་ན། དེ་ནི་ཕྱུགས་དང་མཚུངས་གྱིས། མྱི་ཞེས་མྱིང་མ་གདགས་ཤིག་”ཟེར་བའི་ལེགས་བཤད་དེ་ཡང་ཡིད་ལ་དབང་མེད་དུ་འཁོར་འོང་།

བརྙན་ཐུང་འདིར་མགོན་པོ་བཀྲ་ཤིས་ཀྱིས་དབུས་མཇལ་ལམ་གྱི་དཀའ་སྡུག་དག་ཕྱིར་དྲན་གྱི་ཚུལ་དུ་བརྗོད་པ་ཞིག་ཡིན་པ་ལས་ལམ་གྱི་རིམ་པ་དག་བརྙན་དུ་ཕབ་མ་ཐུབ་པ་དེ་སྐྱོན་ཅན་དུ་མ་གྱུར་བར་ལྟ་མཁན་རྣམས་ལ་ཁོང་གིས་བརྒྱུད་པའི་ལམ་བུ་ནི་ག་འདྲ་ཞིག་ཡིན་ནམ་སྙམ་པའི་དྲི་བ་ཞིག་དང་། གལ་ཏེ་ཨ་མ་བགྲེས་མོ་དེའི་སྤྱན་ཟུང་གིས་ཉི་མ་ལྷ་སའི་ཁྲ་ཁྲ་རིག་རིག་དག་མཐོང་ཐུབ་ཚེ་མོ་ལ་དགའ་སྐྱོ་ཆགས་སྡང་གི་སེམས་བྱུང་ག་འདྲ་ཞིག་འབྱུང་སྲིད་དམ་སྙམ་པའི་དོགས་པ་ཞིག་ཀྱང་དབང་མེད་དུ་སྦྱིན་འོང་། དེས་ང་ཚོར་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་གམ་རང་རྟོག་གི་འཇིག་རྟེན་གསར་བ་ཞིག་བསྐྲུན་པ་སྨྲས་ཅི་དགོས། སྐབས་འདིར་ཧི་མའི་ལོ་རྒྱུས་སྙན་རྩོམ་རིང་མོ་《ཨོ་ཏི་སེ་》ཡི་གཏམ་རྒྱུད་ཀྱི་སྒྲིག་གཞི་དྲན་འོང་སྟེ། སྒྲུང་རྩོམ་དུ་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་རྗེས་དམག་དཔོན་ཨོ་ཏི་ཞོའུ་སི་(奥德修斯)ཕ་ཡུལ་དུ་ལོག་རྗེས་རང་གི་ལམ་གྱི་མྱོང་བ་དག་རྒྱལ་བོ་ཞིག་ལ་ལྡོག་བརྗོད་ཀྱི་ཚུལ་དུ་བརྗོད་པ་དང་འདི་གཉིས་བར་ལ་ཆ་འདྲ་བ་ཞིག་འདུག་སྙམ།

ཁ་བ་བུ་ཡུག་གི་གནམ་གཤིས་རྒོད་ཀྱང་། ཤ་ཉེ་ཡུལ་མི་ཚོའི་ཁྲེལ་དགོད་དྲག་ཀྱང་། སྒྲུབ་འདོད་པ་དེ་དཀའ་བ་ཁྱད་གསད་ཀྱིས་བསྒྲུབས་པ་ནི་རྗེས་སུ་ཡི་རངས་དགོས་པ་ཞིག་ལགས་པས་ན། མགོན་པོ་བཀྲ་ཤིས་ཀྱི་དབུས་མཇལ་གྱི་ལམ་བུ་ནི་ཚེར་མའི་ལམ་བུ་ཞིག་རེད། དེ་ལས་ཀྱང་རང་གི་རྐང་བ་དང་སྤོབས་པས་བསྐྲུན་པའི་ལམ་ཆེན་ཞིག་ཀྱང་ཅི་ལ་མིན་ཨང་། འདི་ལས་དབུས་མཇལ་བ་ཞིག་དད་པའི་སྟོབས་མ་ཟད། ཨ་མ་ལོ་ལོན་ཞིག་གི་བསོད་ནམས་དང་བུ་ཕྲུག་ཡ་རབས་ཤིག་གི་དཔའ་ངར། མདོར་ན་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་མི་གཤིས་ཀྱི་གཉུག་མ་དེ་མཐོང་ཐུབ་བོ།། འདི་ལ་རྨོངས་དད་དུ་བལྟ་བའི་རྒྱ་ནག་གི་ཤེས་ཡོན་པ་ལིས་ཨོ(李熬)དང་ལིས་ཨོ་ལྟ་བུས་སྨད་ཀྱང་རུང་ལ་སྡིག་ཀྱང་བླ། འདི་ཡི་སྙིང་བོ་མགོན་པོ་བཀྲ་ཤིས་དང་མགོན་པོ་བཀྲ་ཤིས་ལྟ་བུ་ཡིས་ནམ་ཞར་གཟུང་སྲིད། མཁས་པ་རྩེ་གྲ་ཞིག་གམ། བླ་སྤྲུལ་མིང་ཅན་ཞིག་གམ། དཔོན་པོ་སྟོབས་ཆེན་ཞིག་གམ། གཞས་པ་གྲགས་ཅན་ཞིག་གམ། ལྷ་པ་རྫུན་མ་ཞིག་གིས་ང་ཚོར་ཕ་མ་ལ་བརྩི་བཀུར་བྱེད་དགོས་པ་རེད། ཁ་ལེན་ཚིག་བརྩི་ནི་བུ་ཕྲུག་ཅིག་ལ་འཛོམས་དགོས་པའི་ཀུན་སྤྱོད་ཡིན་པ་རེད། དེ་བས་ཁྱོད་ཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་འོས་པ་རེད། ཕ་མའི་དྲིན་ལན་གཞལ་དགོས་པ་རེད་སོགས་སློབ་གསོ་དང་ཁ་ཏ་ཆུ་བཞུར་བཞུར་གྱིས་ཁ་ལྕེ་སྐམ་རག་བར་དུ་བཏང་བ་ལས་ཀྱང་བརྙན་ཐུང་འདི་ལྟ་བུའི་ནུས་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་དེ། འདིར་ང་ཚོར་ཕ་མའི་དྲིན་ལན་འཇལ་འོས་མིན་དང་དགོས་མིན་གྱི་སྐད་ཆ་སྣ་གཅིག་ཀྱང་གདམས་མེད་ནའང་མགོན་པོ་བཀྲ་ཤིས་ཀྱི་བཟང་སྤྱོད་ཀྱིས་ང་ཚོར་ཁོང་ལྟ་བུ་ཞིག་མི་ནུས་ཀྱང་རང་ནུས་ཀྱིས་ཉེ་མི་རྣམས་ལ་དྲིན་ལན་ལོག་པར་མི་འཇལ་པའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སུ་བཅུག་པས། ང་ལ་མཚོན་ན་བསྟན་བཅོས་ཤིག་ཀློག་པ་དང་གཉིས་སུ་མ་མཆིས་ཞེ་ན་ཐལ་ཆེ་བར་མི་འདོད། བརྙན་ཐུང་འདིའི་བརྙན་ལེན་པ་དང་སྙན་སྒྲོན་པ་རྣམས་ཀྱིས་དབུས་མཇལ་བ་ཞིག་གི་གཏམ་རྒྱུད་ལྷུག་པོར་བཀྲམ་པ་ལས་མགོན་པོ་བཀྲ་ཤིས་ལ་བསྟོད་པའི་ལྷ་དར་མ་འཐེན་ཞིང་སྨད་པའི་མཆིལ་མ་མ་འདོར་བར། འདིའི་ལེགས་ཉེས་དང་བཟང་ངན་གྱི་རིན་ཐང་འཇལ་དབང་ཡོད་ཚད་ལྟ་མཁན་རྣམས་ལ་ཕུལ་བས་ལྷག་པར་ཡི་གར་འོང་བ་ཞིག་རེད།

མགོན་པོ་བཀྲ་ཤིས་ནི་ལས་ཅན་ཞིག་རེད། ཁོང་གིས་ཚེ་འདིར་དྲིན་ཆེན་ཨ་མ་ལ་དྲིན་ལན་འཇལ་ཐུབ་པས་དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང་》ནང་གི་ཨ་ཁུ་ལྷ་བཟོ་བཞིན་སེམས་ཁོང་དུ་ཆུད་མི་དགོས། ཨ་མ་ལོ་ལོན་ནི་ལས་ཅན་ཞིག་རེད། མོ་རང་ཚེ་འདིར་བུ་རྒོད་པོ་ཞིག་གི་སྙིང་སྟོབས་ལ་བརྟེན་ནས་དབུས་མཇལ་ལ་རེ་འབྲས་དོན་སྨིན་བྱུང་བས་བཀྲ་བྷའི་《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས་》ཡི་སྟོང་དཔོན་ཉི་མ་བཞིན་དབུས་ལམ་རིང་མོ་ནས་བགེགས་དང་བར་ཆད་མ་བྱུང་།
    

གསལ་བཤད། དངོས་བཤུས་བརྙན་ཐུང་འདིའི་འབྲེལ་ཐག་ནི་http://m.iqiyi.com/w_19rsb5i52x.html?social_platform=link&p1=2_22_221 ཡིན།

སྤྱི་ལོ་2014ལོའི་སྤྱི་ཟླ་12པའི་ཚེས་15ཉིན་རྩོམ་གདན་བཏིང་ཞིང་འཇམ་མགོན་བླ་མའི་འདས་མཆོད་ལ་ལེགས་པར་གྲུབ།


ལྷ་སའི་གསང་བ།                               

ལྷ་ས་ནི་ཅི་ཞིག་ཡིན་ནམ། 
ལྷ་ས་ནི་ས་ཕྱོགས་གང་ན་ཡོད་དམ། 
ལྷ་ས་ནི་ལྷ་དང་ལྷ་མོའི་ཕ་ཡུལ་ཡིན་ནམ། 

ང་རང་ལོ་ཆུང་བྱིས་པ་ཡིན་དུས།  བདེ་སྐྱིད་དང་ལྡན་པའི་ཡུལ་མི་རྣམས་སྲང་མདོར་འཛོམས་ཏེ་ཕྱོགས་ཡར་མར་གྱི་ཁ་བརྡ་གློད་དུས་རྟག་པར་གླེང་གཞིར་འཛིན་པ་ཞིག་ནི་ལྷ་ས་ཡིན་པས། ང་དང་འདྲ་བའི་ན་ཆུང་ཚོས་ནམ་ཞར་ཁོང་ཅག་ལ་འདྲི་སྲིད་པ་ཡང་གོང་གི་དྲི་བ་དེ་དག་ལས་མ་འདས།  དེ་དུས་རྒན་པ་ཚོས་ལག་ཟུང་གིས་བདག་གི་རྣ་གཡས་གཡོན་ནས་བཟུང་སྟེ་ཡར་མཐོན་པོར་བཀྱགས་ནས་ལྷ་སར་མཇལ་དུ་བཅུག་པ་དུས་ད་ལྟ་ཡང་བརྗེད་དཀའ་ཞིང་དྲན་སླ་བ་ཞིག་རེད། 

གནའ་སྔ་མོར་ལྷ་ས་ལ་ར་ས་ཟེར་བ་ཀུན་གྱིས་མཁྱེན་གསལ་ལྟར་ཏེ།  ར་ས་རུ་རང་ཅག་གི་མེས་པོ་རྣམས་ཀྱིས་ར་མ་ལུག་གི་ཟློས་གར་གྲངས་མེད་ཅིག་འཁྲབ་བཞིན་ཆེན་པོ་རྣམས་ཀྱི་མགོ་བོ་ཡང་ར་མ་བཞིན་ལོ་རྒྱུས་ཀྱི་ཡབ་ཆེན་པོར་དམར་མཆོད་བྱས་མྱོང་ཡང་།   ཡི་གེའི་གཟུགས་དང་བརྙན་འཕྲིན་གྱི་མེ་ལོང་།    པར་རིས་ཀྱི་འཇིག་རྟེན་ཕལ་ཆེ་བ་ལས་མཐོང་བའི་ལྷ་ས་ནི་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་ལྷ་དང་ལྷ་མོའི་ཚོགས་ཉེ་བར་བཅར་སའི་ཞིང་ཁམས་ཤིག་ཏུ་ངོས་བཟུང་བས།  གནས་འདི་ཡི་མི་རྣམས་ནི་བྱམས་བརྩེ་དང་ལྡན་ཞིང་།  ཡུལ་འདི་ནི་འཆམ་མཐུན་གྱི་ཕ་ཁྱིམ་ལྟ་བུ་ཞིག་ཏུ་བསྒྲགས་བསྒྲགས་པའི་མཐར།  ལྷ་ས་ནི་སྐྱེ་བོ་ཀུན་གྱིས་སྡུག་བསྔལ་ཀུན་ཞི་བའི་དག་ཞིང་ཉིད་དུ་རློམ།    པོ་ཏ་ལ་དང་གཙུག་ལག་ཁང་།  ལྕགས་པོ་རི།  བར་སྐོར་གླིང་སོགས་སྔར་བཞིན་མཆོད་མེ་དང་དད་པའི་ཀློང་ན་འཚོ།   མི་རྣམས་ཀྱིས་དེ་དག་ལ་ཐོད་པ་གཏུགས།  པར་མིག་བཙུགས།  དཔྱད་པ་བཏང་ནས་ལྷ་སའི་མཛེས་སྡུག་གླེང་། ལྷ་སའི་ལོ་རྒྱུས་འཆད།  ལྷ་སའི་སང་ཉིན་བརྟག ། ཚེ་རབས་ནས་ཚེ་རབས་ཀུན་ཏུ་ལྷ་སར་ཡོད་པ་འདི་དག་ཡིན་ལ་འདི་དག་གིས་ལྷ་སའི་ཕྱི་ནང་གསང་གསུམ་དང་འདས་མ་ད་གསུམ་ཡོངས་སུ་མཚོན་ཐུབ་པར་སྙམ་པའི་བྱིས་བློ་ཞིག་གིས་ལྷ་སར་སླེབས་མ་མྱོང་བའི་སྐྱེ་བོ་ཀུན་གྱི་ལུས་སེམས་གཉིས་སྦྲིད་ཡོད་པ་གོར་མ་ཆག །

དངོས་བཤུས་གློག་བརྙན་《ལྷ་སའི་གཞོན་ནུ་》ལས་འཁྲབ་ཁྲིད་པ་འཇམ་དབྱངས་ཉི་མ་སོགས་ཀྱིས་བོད་ཡུལ་གྱི་ལུང་བ་སོ་སོ་ནས་མི་ཚེའི་ཕུགས་བསམ་མམ།  རང་གི་འཚོ་ཚིས་ཀྱི་སླད་དུ་གནས་འདིར་སླེབས་པའི་གཞོན་ནུ་ལྔ་ཡི་དངོས་བྱུང་གཏམ་རྒྱུད་ཅིག་ང་ཚོར་བརྗོད་པའི་གོ་རིམ་ལས་ཡུལ་གྲུ་འདིའི་ཟུར་ངོས་གཞན་ཞིག་སྟེ།     ཚེ་ཡི་འདུན་མ་སངས་རྒྱས་བྱང་སེམས་ལ་བཅོལ་བའི་གཙུག་ལག་ཁང་མདུན་གྱི་མཆོད་མཇལ་བ་ཚོ་དང་ཡེ་ནས་མི་འདྲ་ཞིང་།   སེ་འབྲས་དགའ་གསུམ་དུ་བྱ་ཉུང་དོན་ཉུང་གིས་ཐོས་པ་གླེགས་བམ་ལས་འཚོལ་བའི་རབ་བྱུང་བ་ཚོ་དང་གཏན་ནས་མི་མཚུངས་པར།  འདི་ལས་འཇིག་རྟེན་ཕུན་ཚོགས་ལ་དོན་གཉེར་བྱེད་པའི་ཁྱིམ་པ་དང་ཁྱིམ་པའི་སྐྱིད་སྡུག་མངོན་སུམ་མིག་གིས་གསལ་བོར་མཐོང་ཐུབ་པས།  ལྷ་སའི་སྐོར་གྱི་བརྙན་དང་པར་རིས་གཞན་དག་ལ་མི་མངའ་བའི་ཁྱད་ཆོས་ཤིག་ཀྱང་བརྙན་འདིའི་ཐོག་མཐའ་བར་གསུམ་ན་འདུག  ། དངོས་བཤུས་གློག་བརྙན་འདི་ནི་གཞོན་ནུ་ལྔ་ཡི་ཉིན་ཐོ་ཞིག་ཏུ་བསམ་ཆོག་ཅིང་།  རྐང་འཁོར་བ་གཞོན་ནུ་དང་གླུ་གར་ཁང་གི་མདོ་འཛིན་པ། ཇ་མ་སྙན་ངག་པ།   དམུས་ལོང་གི་འཕུར་མཉེད་མཁན།  སྤྱི་གཉེར་བ་མཛེས་མ་བཅས་ཀྱི་ཉིན་གཅིག་གི་བྱུང་བ་མ་གསང་མ་སྦས་པར་གསལ་བོར་བསྟན་པར་མ་ཟད།  ཞོར་དུ་ཉིན་ཐོ་འདི་ལས་ལྷ་སའི་གསང་བ་མང་བོ་ཞིག་ཀྱང་ངེད་ཅག་ལ་བཀྲམ་འདུག་པ་ལྟ་བུའི་ཚོར་བ་ཞིག་ཀྱང་རབ་ཏུ་སྐྱེས།         

བདག་གི་སེམས་ལ་བརྙན་འདིར་མངོན་པའི་གླུ་གར་ཁང་གི་ཁྲ་ཁྲ་རིག་རིག་དང་། བར་སྐོར་གླིང་གི་ཟང་ཟིང་ལང་ལོང་།   ཇ་མཆོད་ཁང་གི་མེ་ལྕེ་ལྷབ་ལྷུབ་དག་གིས་ལྷ་སའི་གྲོང་དུ་ལུག་ཚེ་ཐར་ཁྲིད་པའི་རྒན་རྒོན་ཚོའི་རྒྱབ་གཟུགས་དང་།  ཆོས་སྐད་ལྷང་ལྷང་སྒྲོག་པའི་ངུར་སྨྲིག་གི་སྡེ་མ་ཟད་འཇིག་རྟེན་འཚོ་ཚིས་ལ་འབད་པའི་སྐྱེ་བོ་ཡང་གྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་བསྟན་ཞིང་།   རྐང་འཁོར་ཚོགས་ཀྱི་འཛེར་སྒྲ་དང་འཕུར་མཉེད་ཁང་གི་དགོད་སྒྲ།   སྐྱིད་ཆུའི་འགྲམ་ངོགས་ཀྱི་གྱེར་དབྱངས་སོགས་ཀྱིས་ལྷ་སའི་གྲོང་དུ་གསོལ་འདེབས་ཀྱི་དབྱངས་རྟ་དང་ཆོས་གྲྭ་ནང་གི་དུང་བརྡ་ལས་ཚེ་འདིའི་བདེ་སྐྱིད་ལ་སྙེག་པའི་སྐད་སྒྲ་སྣ་ཚོགས་ཀྱང་ཡོད་འོས་པ་ངེད་ཅག་ལ་གསལ་འདེབས་བྱས་པ་དང་ཅིས་མི་འདྲ། 

དེ་བས་ལྷ་སའི་འདུ་འཛི་དང་ཟང་ཟིང་།  ལྷ་སའི་ཁྲ་ཁྲ་རིག་རིག་དག་གི་མེ་ལོང་ལྟ་བུ་ནི་《ལྷ་སའི་གཞོན་ནུ་》ཡིན་འོས་ན། ལྷ་སའི་གཞོན་རབས་པའི་དཀའ་སྡུག་དང་ཕུགས་བསམ།  འཚོ་བ་དངོས་ཀྱི་གསང་རྒྱ་མང་བོ་ཞིག་ཀྱང་《ལྷ་སའི་གཞོན་ནུ་》ཡིས་གྲོལ་ཡོད་པར་བསམ་མོ། །            

   མེ་སྤྲེལ་ལོའི་ས་ག་ཟླ་བར་གྲོང་ཁྱེར་སྤོས་ངད་ལྡན་དུ་སྦྱར་བ་དགེའོ།།