ཉིན་ཤས་ཀྱི་སྔོན་ཕྲན་གྱིས་ནོ་སྦེལ་བྱ་དགའ་ཐོབ་མཁན་གྱི་བུད་མེད་རྣམས་ཀྱི་སྐོར་ལ་དོ་སྣང་ཕྲན་བུ་བྱས་པར། ནོ་སྦེལ་བྱ་དགའ་ཐོབ་མཁན་བུད་མེད་ལྔ་བཅུ་དང་། དེའི་ཁྲོད་དུ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་བུད་མེད་བཅུ་གསུམ་ཡོད་པའི་གནས་ཚུལ་རྙེད་བྱུང་། ཡུ་རོབ་ཀྱི་རྒྱལ་ཁོངས་སུ་ཝི་ཌེན་ནས་ཡིན་པའི་ལྕམ་ཟལ་མ བླ་གྷུ་ལོ་(Selma Lagerlöf 1858-1940)ཞུ་བ་ནི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བུད་མེད་ཐོག་མ་དེ་ཡིན་པར་བཤད། བུད་མེད་འདིའི་བརྩམས་ཆོས་ཀྱི་སྐོར་བཙལ་སྐབས། «སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»(Le Merveilleux Voyage de Nils Holgersson à travers la Suède)ཅེས་པའི་བཅོས་སྒྲུང་དེ་ནི་ལྕམ་འདིའི་བརྩམས་ཆོས་དག་ལས་གྲགས་ཆེ་ཤོས་ཡིན་པའི་གནས་ཚུལ་མཐོང་བས་བཅོས་སྒྲུང་དེ་ཀློག་དགོས་པར་གྱུར།

«སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»ཅེས་པའི་བཅོས་སྒྲུང་འདིའི་ནང་དོན་མདོར་བསྡུས་ཀྱི་ཚུལ་དུ་ཚིག་ཕྲེང་འགའ་ཞིག་བྲིས་ན་འདི་ལྟར། སུ་ཝི་ཌེན་གྱི་ལྷོ་ཕྱོགས་ཀྱི་སུ་ཀ་ནིས(Scanie)ཞེས་པའི་གྲོང་གསེབ་ཀྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ནེལ ཧོ་གྷུ་ཟན(Nils Holgersson )ཞེས་འབོད་པའི་བྱིས་པ་ཆུང་ཆུང་ཞིག་ཡོད་ཅིང་། བྱིས་པ་དེ་ནི་གཉིད་དང་། རྩེད་འཇོ། མ་རབས་པྲ་ཚགས་ཀྱི་ལས་བྱེད་མཁན་ཞིག་དང་། ལྷག་པར་དུ་དུད་འགྲོ་དང་སྲོག་ཆགས་ཀྱི་རིགས་ལ་སྡང་ཞིང་། ངང་པ་གསོད་རྒྱུ་དགའ་པོ་ཡོད་མཁན་ཞིག་རེད། གཟའ་ཉི་མའི་ཉིན་ཞིག་ཕ་མ་གཉིས་ཀྱིས་བྱིས་པ་ཆུང་ཆུང་འདི་བསྐྱུར་ཏེ་ཡེ་ཤུའི་ཆོས་ཁང་དུ་སོང་ཤུལ་དུ། ཁོང་ཚང་ལ་འབྲེལ་བ་ཡོད་པའི་ཐེའུ་རང་ཞིག་ཡོད་པ་དེས་རྫུ་འཕྲུལ་དང་མཐུ་སྔགས་བཏང་ནས་བྱིས་པ་དེའི་བོངས་ཚད་མཐོ་གང་ཙམ་དུ་བཏང་ཞིང་། དུད་འགྲོ་དང་སྲོག་ཆགས་མཉམ་དུ་གླེང་མོལ་བྱེད་ནུས་པའི་སྟོབས་ཤུགས་སྩལ། དེ་ནི་བྱིས་པ་འདིས་ངན་གོམས་སུ་གྱུར་པའི་རང་ཉིད་ཀྱི་བྱ་སྤྱོད་རྣམས་བསྒྱུར་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད།

སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད

སྐབས་དེར། ཁོང་ཚང་ལ་ངང་པ་ཞིག་ཡོད་པ་དེ་སུ་ཝི་ཌེན་འཕྲེད་དུ་གཅོད་པའི་ངང་ཁྱུ་སྐོར་ཞིག་ཡོད་པ་དེ་ཚོ་དང་མཉམ་དུ་འཕུར་འདོད་པར་གྱུར། བྱིས་པ་ཆུང་ཆུང་ནེལ ཧོ་གྷུ་ཟན་ཀྱང་ཁོང་ཚང་གི་ངང་པའི་རྒྱབ་ལ་ཞོན་ཏེ་ངང་པ་གཞན་དག་དང་མཉམ་དུ་ཆས་འགོ་ཚུགས་ཏེ། ནེལ ཧོ་གྷུ་ཟན་དང་ངང་ཁྱུ་དག་སུ་ཝི་ཌེན་གྱི་ཡུལ་ལུང་མི་འདྲ་བ་རེ་རེ་བརྒལ་ཞིང་། དེ་དག་ཆབས་ཅིག ཡུལ་ལུང་མི་འདྲ་བ་དེ་དག་གི་རང་བྱུང་ཁོར་ཡུག་གི་གནས་བབ་དང་། དཔལ་འབྱོར་གྱི་ཐོན་ཁུངས། གནའ་གཏམ་སོགས་ཀྱང་བཅོས་སྒྲུང་འདིའི་ལེའུ་རེ་རེའི་ནང་དུ་གླེང་ཅི་ཐུབ་བྱས་ཡོད་ཅིང་། བཅོས་སྒྲུང་འདི་ནི་ལེའུ་ལྔ་བཅུ་ང་ལྔས་གྲུབ་པ་ཞིག་རེད།

གཞན་ཡང་། བཅོས་སྒྲུང་འདིའི་ནང་དུ། ནེལ ཧོ་གྷུ་ཟན་དང་ངང་ཁྱུ་དག་གི་རྗེས་སུ་འདེད་མཁན་གྱི་ཝ་མོ་ཞིག་ཡོད་ཅིང་། དེས་ཐབས་ཤེས་རྩལ་སྤྲུགས་ཀྱིས་ངང་ཁྱུ་དག་ཇི་ལྟར་གསོད་ཅི་ཐུབ་དང་ཟ་ཅི་ཐུབ་ལ་འབད་པ་བྱས་ཡོད།  ད་དུང་ཁོ་ཚོར་རྗེས་འདེད་གཏོང་མཁན་གྱི་ཁ་ཏ་ནག་པོ་ཞིག་ཀྱང་ཡོད་པ་རེད། ནེལ ཧོ་གྷུ་ཟན་གྱིས་སྔ་ཕྱི་བར་གསུམ་དུ་ཐེའུ་རང་གིས་མཐུ་སྔགས་ཀྱིས་བསྐྲུན་པའི་ལུས་བོངས་ཆུང་ཆུང་དེ་སྔར་བཞིན་ཇི་ལྟར་འགྱུར་མིན་ལ་སེམས་ཁྲལ་སྐྱེས་ཚུལ་ཀྱང་རྩལ་དུ་བཏོན་ནས་བྲིས་ཡོད། འགྲུལ་བཞུད་དེའི་ཁྲོད་དུ་བྱིས་པ་ཆུང་ཆུང་དེ་དཀའ་ཚེགས་དང་། དོན་རྐྱེན་འདྲ་མིན་ལ་འཕྲད་པའི་དབང་གིས་སྔར་གྱི་བསམ་བློ་གཏོང་སྟངས་དང་། ཀུན་སྤྱོད་སོགས་ལ་འགྱུར་བ་ཐེབས་འགོ་ཚུགས་ཤིང་། ཁོང་ཚང་གི་ངང་པ་དང་ངང་པ་གཞན་དག་ལ་བརྩེ་སེམས་ཡོད་མཁན་ཞིག་ཏུ་གྱུར་པའི་སྐོར་ཡང་བརྗོད་ཡོད།

བཅོས་སྒྲུང་འདིའི་མཇུག་ཏུ། ནེལ ཧོ་གྷུ་ཟན་གྱིས་ཐེའུ་རང་ཞིག་ཡོད་པ་དེས་མཐུ་སྔགས་དང་རྗུ་འཕྲུལ་གྱིས་ལུས་བོངས་ཆུང་ཆུང་ཞིག་བསྐྲུན་དགོས་པ་དང་། སྲོག་ཆགས་དག་དང་མཉམ་དུ་གླེང་མོལ་བྱེད་ནུས་པའི་སྟོབས་ཤུགས་སྩལ་བའི་རྒྱུ་རྐྱེན་སོགས་ཤེས། དེ་བས་ཐེའུ་རང་གིས་ཀྱང་ཡང་སྐྱར་རྫུ་འཕྲུལ་གྱིས་བྱིས་པ་ཆུང་ཆུང་དེའི་ལུས་བོངས་སྔར་བཞིན་བསྒྱུར། དེ་ནས་ཁོང་རང་ཉིད་ཀྱི་ཕ་མ་གཉིས་ལ་འཕྲད་ཅིང་། ཁོང་ལ་དགའ་བའི་བུ་མོ་ཆུང་ཆུང་དེ་ལ་སླར་ཡང་ཐུག་པ་རེད།

«སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»ཅེས་པའི་བཅོས་སྒྲུང་འདི་ནི་ཐོག་མར་སུ་ཝི་ཌེན་གྱི་སྐད་དུ་སྤྱི་ལོ་༡༩༠༧ལོར་པར་སྐྲུན་བྱས་ཤིང་། ཧྥ་རན་སིའི་སྐད་དུ་སྤྱི་ལོ་༡༩༡༢ལོར་བསྒྱུར་འདུག ཕྱིས་སུ་འགྱུར་གསར་པ་ཁ་ཤས་ཀྱང་ཐོན་འདུག་མོད་ཕྲན་ལ་ཐོབ་པ་ནི་ཕ་སི་ཁ བྷི་རེས ཁེ་ཌས(Pascale Brick-Aïda)བསྒྱུར་པའི་རི་མོ་ལྷན་བསྡེབས་ཀྱི་འགྱུར་དེ་རེད། ཨིན་སྐད་དུ་སྤྱི་ལོ་༡༩༡༣ལོར་ཐོན་འདུག ད་དུང་མི་རིགས་གཞན་གྱི་སྐད་རིགས་སྣ་ཚོགས་ཀྱི་ནང་དུ་བསྒྱུར་ཡོད་པ་ཞུ་ཅི་དགོས། གཞན་ཡང་། བཅོས་སྒྲུང་འདི་གློག་བརྙན་དུ་ཕབ་ཡོད་ཅིང་། རྒྱལ་ཁབ་རེ་ཟུང་ན་མུ་འབྲེལ་གློག་བརྙན་ཟློས་གར་དུའང་བཟོས་ཡོད་པར་བཤད།

སྤྱི་ལོ་༡༩༠༢ལོར་སུ་ཝི་ཌེན་གྱི‘‘རྒྱལ་ཁབ་ཀྱི་དགེ་རྒན་ཐེབས་རྩ་ཚོགས་པ’’ཞེས་པ་ཞིག་གིས་བཅོས་སྒྲུང་འདིའི་རྩོམ་པ་པོ་ལྕམ་ཟལ་མ བླ་གྷུ་ལོ་ལ་བྱིས་པ་རྣམས་ལ་དམིགས་ཏེ་ས་ཁམས་རིག་པའི་སྐོར་གྱི་དེབ་ཅིག་རྩོམ་དགོས་པའི་སྐུལ་མ་བྱས་འདུག དེར་བརྟེན་ལྕམ་འདི་རྒྱལ་ཁབ་དེར་འགྲུལ་བསྐྱོད་བྱས་ཤིང་། ཡུལ་ལུང་རེ་རེའི་བཤད་རྒྱུན་སྣ་ཚོགས་དང་ཡུལ་གྱི་བཀོད་པ་སོགས་ཟིན་བྲིས་སུ་བཏབ། ཕྱིས་སུ་ཟིན་བྲིས་དེ་ས་བོན་དུ་བྱས་ཏེ«སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»ཅེས་པའི་བཅོས་སྒྲུང་འདི་བྲིས་པའི་རྩོམ་ཡིག་ཅིག་མིག་ལམ་དུ་མངོན།

ལྕམ་ཟལ་མ བླ་གྷུ་ལོ་ལགས་ནི་སྤྱི་ལོ་༡༨༥༨ལོར་སུ་ཝི་ཌེན་གྱི་ནུབ་ཕྱོགས་ཀྱི་བར་ལན་ཌི(Värmland)ཞེས་པའི་ཡུལ་དུ་སྐྱེས་པ་དང་། ཆུང་དུས་སུ་སྙན་ངག་དང་བཅོས་སྒྲུང་ལ་སྤྲོ་བ་ཆེན་པོ་ཡོད་ཅིང་། རྨོ་མོས་བཤད་པའི་གནའ་སྒྲུང་དང་། དམ་པའི་གསུང་རབ་སོགས་བཀླགས་ནས་འཚར་ལོངས་བྱུང་བར་བཤད།   སྤྱི་ལོ་༡༨༨༥ནས་བཟུང་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བ་དང་། ལས་ཞོར་དུ་འབྲི་རྩོམ་ལ་དབྱིངས་ཞུགས་ཏེ་སྤྱི་ལོ་༡༨༩༡ལོར« བྷོ་སི་ཊ བྷིར་ལིན་གྱི་རྟོགས་བརྗོད »(La Saga de Gösta Berling)ཞེས་པ་པར་སྐྲུན་བྱས་མ་ཐག་ཏུ་སྙན་གྲགས་རྒྱས། སྤྱི་ལོ་༡༨༩༤ལོར་སླར་ཡང«མི་མངོན་པའི་འབྲེལ་བ»( Les Liens invisibles)ཞེས་པའི་བཅོས་སྒྲུང་ཞིག་པར་སྐྲུན་བྱས། ལོ་དེར་ཡུལ་དེའི་རྩོམ་པ་པོ་ཡིན་པའི་ཟོ་ཧྥེ ཨལ་ཁན(Sophie Elkan )ཞུ་བའི་བུད་མེད་ཅིག་ལ་ཁ་ཐུག་ཅིང་། བུད་མེད་འདིས་ལྕམ་ཟལ་མ ལ་རྒུ་ལོ་ལགས་ལ་རྩོམ་རིག་གི་ཤུགས་རྐྱེན་ཙམ་མིན་པར་བརྩེ་དུང་གི་ཤུགས་རྐྱེན་ཡང་སྤྲད།

ལྕམ་ཟལ་མ བླ་གྷུ་ལོ།

སྤྱི་ལོ་༡༨༩༥ལོ་ནས་བཟུང་ལྕམ་འདིས་དགེ་རྒན་གྱི་བྱ་བ་བསྐྱུར་ཏེ་འགྲུལ་བཞུད་དུ་ཞུགས་ཤིང་། ཨི་ཊ་ལི་དང་། པ་ལི་སི་ཐན། ཨི་རྗིབ་སོགས་སུ་འགྲུལ་བསྐྱོད་རྒྱ་ཆེན་པོ་ཞིག་བྱས།  འགྲུལ་བསྐྱོད་གྲུབ་རྗེས། ཇེ་རོ་སཱ་ལམ་དང་འབྲེལ་བའི་བསྟན་བཅོས‘‘Jérusalem en Dalecarlie’’ཞེས་པ་དང‘‘Jérusalem en Galilée’’གཉིས་པར་སྐྲུན་བྱས། གཞན་ཡང«སྟོན་པ་ཡེ་ཤུའི་གཏམ་རྒྱུད»(Légendes du Christ)ཅེས་པ་ཞིག་ཀྱང་པར་སྐྲུན་བྱས་པ་རེད།

སྤྱི་ལོ་༡༩༠༩ལོར་ལྕམ་ཟལ་མ བླ་གྷུ་ལོ་ལགས་ལ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་པ་ལ་བརྟེན་ནས། ལྕམ་འདི་བྱ་དགའ་ཆེན་པོ་དེ་ཐོབ་མཁན་གྱི་བུད་མེད་ཐོག་མ་ཆགས་པ་ཙམ་དུ་མ་ཟད། སྤྱི་ལོ་༡༩༡༤ལོར་སུ་ཝི་ཌེན་གྱི་མཁས་པའི་ལྷན་ཚོགས་སུ་བདམས་ཐོན་བྱུང་བས་རྒྱལ་ཁབ་དེའི་མཁས་པའི་ལྷན་ཚོགས་དེའི་ཚོགས་མིར་གྱུར་པའི་བུད་མེད་ཐོག་མའང་ཆགས་འདུག

ལྕམ་འདིས་དེབ་སྣ་ཚོགས་ཤིག་བྲིས་ཡོད་མོད་དེ་དག་ལས་གྲགས་ཆེ་བ་ནི«སུ་ཝི་ཌེན་བརྒལ་བའི་ནེལ་གྱི་ངོ་མཚར་བའི་འགྲུལ་བཞུད»ཅེས་པ་ཡིན་པ་རེད། སྐུ་ཚེའི་མཇུག་ཏུ་སྙན་ངག་དང་ཟློས་གར་སོགས་ལ་གཞོལ་བར་བཤད་ཅིང་། སྙན་ངག་སྐོར་གྱི་དེབ་པར་སྐྲུན་བྱས་མེད་པར་གྲགས། མཐར་སྤྱི་ལོ་༡༩༤༠ལོར་སྐུ་གྲོངས་ཤིང་། “Charlotte Lowensköld” ཞེས་པ་དང་ “Anna Siârd” ཞེས་པའི་བཅོས་སྒྲུང་གཉིས་ནི་བརྩམས་ཆོས་མཐའ་མ་གཉིས་ལ་ངོས་འཛིན་བྱེད་མོད། ལྕམ་འདི་ལ་བརྩམས་ཆོས་གཞན་ཡང་མང་པོ་ཡོད།