ཉིན་འདི་གར་བདུན་ཕྲག་གཅིག་གི་ཆུ་ཚོད་བེད་སྤྱད་དེ། ཡང་བསྐྱར་འདི་ཕྱོགས་ཀྱི་དགོན་པ་དང་། ལྷ་ཁང་། རི་ཁྲོད། མཚམས་ཁང་། ཡབ་གཞིས། ཕོ་བྲང་། གཟིམ་ཤག་སོགས་རེ་རེ་ལ། གོམ་པ་བརྒྱབ་ནས་ས་ཉུལ་རྡོ་ཉུལ་ཞིག་ཨེ་ཐུབ་ཀྱི་འཆར་གཞི་བཀོད་པ་ཡིན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཚང་གིས་མཁས་པ་ཆེན་པོ་ཆགས་པའི་ལམ་ཁ་གཅིག་ལས་མེད། དེ་ནི་མི་ཚོགས་དང་བཀྱེད་ནས་སྙིང་རུས་ཆེན་པོས་དཔེ་ཀློག་བྱེད་པ་ཁོ་ནའོ་གསུངས་མོད། ངས་བལྟས་ན་ནང་ནས་བསྡད་དེ་དཔེ་ཀློག་གི་སྙིང་སྟོབས་སྲ་ཚུགས་སུ་ཡོད་དགོས་པ་བདེན་མོད། ཕྱི་ལ་སོང་ནས་གོམ་པ་བརྒྱབ་སྟེ་ཡུལ་དངོས་བརྟག་དཔྱད་ཀྱི་སྤོབས་པ་ཡང་འཛོམས་དགོས་ཐོག་གལ་ཆེན་དུ་འདོད་དེ། དུས་ཚོད་མང་པོ་ཞིག་བཏང་བའི་དེ་རིང་ནི་ཆོས་མཇལ་གྱི་ཉིན་གསུམ་པར་འཁེལ་འདུག་མོད། གཅིག་ན་དེ་རིང་ཕྱི་དྲོར་གྲོགས་པོས་སྐུལ་བའི་ཇུས་འགོད་ཀྱི་ལས་ཀ་ཞིག་ཡོད་པ་དང་། གཉིས་ན་དེ་རིང་ཕྱི་རོལ་ཏུ་རླུང་འཚུབ་ཀྱང་བསྟུད་མར་གཡུགས་བཞིན་པས་སྒོའི་ཕྱི་ལ་མ་བུད་པར་བསྡད་པ་ཡིན།

ནང་ནས་གསུང་རྩོམ་ཐོར་བུ་རེ་བཀླགས་པའི་ཞོར་ལ། ས་པཎ་གྱི་གསུང་དེ་སེམས་གཏིང་ནས་ཅིས་མ་བདེན་སྙམ་བྱུང་། སྙམ་པའི་མོད་སུག་བྲིས་འདི་ལྟ་བུ་ཡང་ཐལ་འདོད་སྐྱེས་བྱུང་།

གལ་ཏེ་མཁས་པ་སྔོན་མ་དག་གི་གསུང་རྩོམ་ལ་བལྟ་དགོས་ན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཅིག་པུ་ལའང་ཤེས་བྱ་ཀུན་ཁྱབ་པོད་གསུམ། གསང་རྫོགས། བཀའ་མཛོད། གཏེར་མཛོད་བཀའ་རྒྱའི་སྐོར་པོད་དྲུག་ཅུ་ཡར་བརྒལ། གདམས་མཛོད། རྩོད་པོད་ཐོར་བུ་སོགས་པོད་ཆེ་ཆུང་ཁྱོན་བསྡོམས་དྲུག་བརྒྱ་དང་གོ་གསུམ་ཙམ་བཞུགས་པར་གསུངས། ད་དུང་རབ་བྱུང་བཞི་པར་ཁམས་སྡེ་དགེར་སྐུ་འཁྲུངས་པའི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རབ་བྱུང་དྲུག་པར་གཙང་ལ་སྟོད་དུ་སྐུ་འཁྲུངས་པའི་འཇིགས་མེད་གྲགས་པའམ་ཡོངས་གྲགས་སུ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱང་གསུང་རྩོམ་མང་ཤོས་ཀྱི་གྲས་རེད། ང་ཚོ་ལ་མཚོན་ན་དམ་པ་དག་གི་གསུང་རྩོམ་པོད་དྲུག་བརྒྱ་ཡས་མས་ནི་མི་ཚེ་གང་བོ་སྤྱད་ཀྱང་བལྟས་ཚར་བ་ཞིག་མི་འདུག་སྙམ་ལ། ཐུགས་སྲས་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་ཀྱང་ཀོང་སྤྲུལ་ཚང་གི་རྣམ་ཐར་གླེང་དུས། ༼རྗེ་ཉིད་ཐོས་པ་ཕྱོགས་མེད་དུ་ཚོལ་བས་ཐུན་མོང་རིག་གནས་ཡི་གེ་འབྲི་ཀློག་ནས་བརྩམས་ཏེ། ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་བར་གྱི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་བཤད་བཀའ་ཕྱག་ལེན་ཕྲ་མོ་ཚུན་མ་གསན་པ་མེད་པས་གསན་ཡིག་ཆེན་མོ་གླེགས་བམ་གཉིས་སུ་ལོངས་པའི་ནང་འཁོད་ལ་དཔྱད་ན་སྐུ་ཚེ་རིལ་བོར་གསན་པ་ཁོ་ན་མཛད་པ་ལྟ་བུ། བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་གསུམ་མཛད་པ་ལ་མཇལ་ན་སྐུ་ཚེར་འཆད་པ་ཁོ་ན་མཛད་པ་ལྟ་བུ། ཕྱོགས་རེའི་ཐོས་པས་མ་བྱས་པའི་གོ་བར་རགས་རིག་རྙེད་པས་འདྲི་འདོད་རྩོམ་འདོད་ལངས་ནས་གྲགས་དང་འགྲན་ཕྱིར་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ལྟར་མ་ཡིན་པའི་བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་ལྟ་བུ་གྱུར་པ་ངོ་མཚར་མཛོད་ཆེན་རྣམ་ལྔས་གཙོས་གསུང་ཆོས་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་བསམ་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་མཛད་པ་ལྟ་བུ་༽ཞེས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་མཁས་པའི་གདན་ཐོབ་ནས། གཅིག་མ་ལུས་གཉིས་མ་ཆད་པར་གསུངས་པ་ནི། རྗེ་ཀུན་གཟིགས་འཇམ་མགོན་ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་ཞབས་ཀྱི་འདས་རྗེས་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་སྣང་བ་ཞེས་པར་རེ་རེ་བཞིན་བཀོད་འདུག་པས། ཡབ་མེས་དམ་པ་ཚོ་འབྲི་ཀློག་གཉིས་ལ་མཁས་པ་འདི་ཀོ་ཨེ་མ་རྨད་དུ་ཨང་སྙམ་ལ། དེ་བས་གནའ་མི་གླེན་པ་རེད་ཟེར་བའི་གཏམ་ལའང་ཡེ་ནས་དགའ་བོ་མ་བྱུང་བ་ཡིན་ཞེས་བཤད་ཆོག

དེ་བས་ངས་ནི་ད་བར་ལོ་ཆུང་ཚོས་ནུབ་ཀྱི་སློབ་གསོ་དང་ལམ་ལུགས་ཞེས་སྒྱུར་རྩོམ་མང་པོ་དཔར་བ་ཡང་རིག་གནས་ནང་འདྲེན་གྱི་ཆ་ནས་བཀྲ་ཤིས་བདེ་ལེགས་ཞུ་མོད། སྔོན་ལ་སྔར་གྱི་དམ་པ་དག་གི་རྣམ་ཐར་ཁྲིགས་སུ་བཀོད་པ་དག་བཀླགས་ན་ནི། རང་ལ་བོད་སྐད་ཀྱི་གཏིང་ཞེས་པའི་ཚིག་སྦྱོར་སྤུས་དག་ཅིག་འབྱོར་ངེས་པ་ལས། སྒྱུར་རྩོམ་གྱི་ཚིག་ཕྲེང་ར་ཐོན་ལུག་ཐོན་དེས་ནི། བོད་སྐད་མིན་ལ་དགྱ་སྐད་ཀྱང་མིན་པའི་ཚིག་སྦྱོར་ར་མ་ལུག ཡ་མ་ཟུང་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བར་སྔངས་སྐྲག་ཆེ་བས།  ན་ནིང་ནས་ལོ་ཆུང་ཚོས་གསར་དུ་བསྒྱུར་དང་སྒྱུར་བཞིན་པའི་དཔེ་དེབ་དག་ཉོ་བ་ཕར་ཞོགས། ཀློག་ཙམ་ཡང་མི་བྱེད་པའི་དམ་བཅའ་ཡོད།

སྒེར་ལ་མཚམས་རེར་དཔེ་དེབ་རེ་འོས་སྦྱོར་གནང་རོགས་ཟེར་མཁན་ཡང་འདུག་པས། ངས་ནི་ངེས་པར་ཀློག་དགོས་པ་རྟོགས་དགོས་པ་ནི། རང་སྐད་དག་མས་བྲིས་ཤིང་རང་ཡིག་གཙང་མས་བརྩམས་པའི་གསུང་རྩོམ་ཏེ། ཤེས་རབ་རྣམ་དཔྱོད་དང་ཏིང་འཛིན་གྱི་ནོར་དང་ལྡན་པ་དག་གི་བློ་གྲོས་ཀྱི་རྩལ། ཉམས་རྟོགས་ཀྱི་གཏིང་། མང་དུ་ཐོས་པའི་དཔལ། ས་ལམ་ཡོན་ཏན་གྱི་ལང་ཚོ་སོགས་ཉི་ཟེར་རྣོན་པོས་རེག་པའི་འདམ་སྐྱེས་ཀྱི་དགའ་བའི་ཚལ་ཇི་ལྟར་རྒྱས་པའི་དམ་པ་དག་གི་རྣམ་ཐར་ལ་མང་དུ་མཇལ་རོགས་ཞུས་པ་ཡིན།

ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཀྱང་། ༼ང་རང་རྗེས་སུ་དགེ་བཤེས་བཏང་ཟིན་རྗེས་དཔལ་འབྱོར་ཆ་རྐྱེན་ཅུང་ཇེ་བཟང་དུ་ཕྱིན་ནས་ཨ་མདོ་དང་སོག་ཡུལ་སོགས་ནས་དཔེ་ཆ་མང་པོ་བླུ་ཡོན་ཞུས་པ་མ་ཟད། ཊམ་ཀ་དཀར་པོ་སྤྲད་དེ་འབྲུག་ཡུལ་ནས་འབྲུག་ཤོག་ཉོས་ཐོག འབྲུག་ཤོག་དེ་དག་ཨ་མདོ་ཁུལ་ལ་བཏང་ནས་དཔེ་ཆ་པར་བརྒྱབ་སྟེ་ང་རང་གི་ཕ་ཡུལ་དུ་དཔེ་མཛོད་ཁང་པ་ཀ་བ་བརྒྱད་ཀྱི་ས་དང་། ལྷ་སར་དཔེ་མཛོད་ཁང་པ་ཀ་བཞི་མ་ཞིག་བྱུར་བུར་བཀང་ཡོད་ལ། དཔེ་ཆ་དེ་ཚོ་ཉོས་ནས་ཚང་མ་བལྟས་ཟིན་སྟབས་ངས་བོད་ཀྱི་དཔེ་ཆ་ཡོད་དོ་ཅོག་བལྟས་མྱོང་ཞེས་ཤོད་མ་ཕོད་ཀྱང་སུམ་ཆ་གཅིག་བལྟས་མྱོང་ཞེས་བཤད་ན་བཤད་ཆོག་གི་རེད་༽ཅེས་རང་སྡེའི་ལུགས་ཀྱི་གྲུབ་མཐའ་སྤྱིར་བསྟན་པའི་སྐོར་དུ་གསལ་བས། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། ། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་པ་དང་། ཡང་ཇི་སྐད་དུ། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །ཞེས་པ་དང་། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །ཞེས་གོང་གི་མཁས་པ་དག་གི་ཚིག་གི་སྦྱོར་བ་མི་འདྲ་ཡང་། དོན་གྱི་གནད་གཅིག་ལ་བབས་འདུག་པས། དྲང་མོ་བཤད་ན་ང་ཚོས་ཀློག་དགོས་པ་ཤིན་ཏུ་མང་མོད། གཅིག་ན་རང་གི་དགའ་ཕྱོགས་དང་། གཉིས་ན་རང་གི་ཆེད་ལས་ཀྱི་དེབ་ལ་ཅིས་ཀྱང་མཇལ་དགོས་པ་དང་། ཉུང་མཐའ་ཡང་སྐད་གྲགས་ཆོད་པའི་གསུང་འབུམ་དང་གསུང་རྩོམ་ཐོར་བུ་བ་ཉུང་ཙམ་ལ་ཅིས་ཀྱང་མཇལ་ན་ནི། དེ་ཡི་ཕན་ནུས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་སྙམ།

ཚད་མ་རྣམ་འགྲེལ་ལས་ཀྱང་། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་ལུང་རིགས་ཟུང་འབྲེལ་སྒོས་བརྗོད་འདོད་ཀྱི་སྐད་ཆར་མདོ་བསྡོམས་ན། ཨ་ལགས་དུང་དཀར་ཚང་གིས་འོས་སྦྱོར་གནང་བའི་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་༼རྒྱ་གར་ཆོས་འབྱུང་།༽དང་། སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་མཛད་པའི་༼རྒྱ་ནག་ཆོས་འབྱུང་།༽ འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་༼དེབ་ཐེར་སྔོན་པོ།༽དཔའ་བོ་གཙུག་ལག་ཕྲེང་བའི་མཛད་པའི་༼ཆོས་འབྱུང་མཁས་པའི་དགའ་སྟོན།༽སུམ་པ་མཁས་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་༼ཆོས་འབྱུང་དཔག་བསམ་ལྗོན་བཟང་།༽ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་༼ཤེས་བྱ་ཀུན་ཁྱབ།༽བཅས་ངོ་སྤྲོད་གནང་བ་གྲུབ་མཐའི་སྤྱི་བཤད་དུ་འདུག་ལ། ད་དུང་སྲིད་ལུགས་ཀྱི་སྐོར་ལ་དེབ་དཀར་ལ་ཚད་མར་འཛིན་དགོས་པ་ནི་སྨྲོས་མ་དགོས། དེའི་སྟེང་ཁོ་བོས་ཀྱང་ད་བར་མ་བཀླགས་ཚད་མེད་དུ་གྱུར་པའི་དེབ་གསུམ་ཏེ། ༼བཀའ་བློན་རྟོགས་བརྗོད།༽༼དགའ་བཞི་པའི་རྣམ་ཐར།༽༼མི་དབང་རྟོགས་བརྗོད།༽གསུམ་ཞར་ལ་འོས་སྦྱོར་ཙམ་བྱས་པ་ཡིན།

སྨྲས་པ།  ཞལ་སློབ་མཁས་རྣམས་མགྲིན་པའི་སྒོ་འབྱེད་ཙམ། །འདི་བྲིས་དགེ་བས་དཔལ་ལྡན་བླ་མ་མཆོག །གང་དུ་གཤེགས་པའི་ཞིང་དེར་ཞལ་མཇལ་ནས། །གསུང་གི་སྣང་བས་བློ་ཡི་མུན་པ་བཅོམ། །མཉམ་ཉིད་དགོངས་པའི་ཀློང་དུ་བྱང་ཆུབ་ཤོག །ཅེས་པའོ། །

                  —ཞེས་པ་འདི་ཡང་དཔེ་ཀློག་གི་བར་གསེང་ནས་གང་དྲན་མི་བརྗེད་པའི་སུག་བྲིས་ཙམ་དུ་དཔལ་གྱི་ཆོས་འཁོར་ལྷ་ས་ནས།