__ རྡོར་དབྱིངས་ལས་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་སྐོར།

དེ་ཡང་རྡོར་དབྱིངས་ཀྱི་རྣམ་སྣང་མི་བཞི་རྒྱབ་སྤྲོད་བྱ་བ་ནི་ཡོ་ག་ལ་མཁས་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་བཞེད་ལུགས་ཡིན་ལ། སྔར་བོད་བཙན་པོའི་སྐབས་ལུགས་འདི་ཤིན་ཏུ་དར་བར་བྱུང་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་སློབ་རྒྱུན་ཨ་ཙཱརྱ་དྷརྨ་ཀཱི་རྟི་བོད་དུ་བྱོན་ནས། བཙན་པོ་ལ་ཡོ་ག་གནང་བས་དད་པར་གྱུར། དེ་དུས་ཡོ་གའི་སྐོར་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ལུགས་གཙོ་ཆེ་བས་བསམ་ཡས་དབུ་རྩེར་ཀུན་རིག་བློས་བསླང་དང་། བུ་ཚབ་གསེར་ཁང་རྡོར་དབྱིངས། དཀར་ཆུང་རྡོར་དབྱིངས། ཁྲི་རལ་གྱིས་བཏབ་པའི་རྩིས་གནས་གསར་གྱི་གཙུག་ལག་ཁང་སོགས་སུ་རྣམ་སྣང་མི་བཞི་རྒྱབ་སྤྲོད་དུ་མཛད་དོ།།

ལ་དྭགས་ཏ་པོ་དགོན་གྱི་འདུ་ཆེན་ཆེན་མོའི་རྣམ་སྣང་མི་བཞི་རྒྱབ་སྤྲོད། 《ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་སྔ་ཤོས་ནང་བསྟན་ལྡེར་སྐུ》ནས་བཏུས།

སྤྱིར་རྣམ་པར་སྣང་མཛད་གཙོ་བོར་བཞུགས་པ་ལྷ་ང་གསུམ་སྟེ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་འདི《དེ་ཉིད་འདུས་པའི་རྩ་རྒྱུད》ལེའུ་བཞི་ཡོད་པའི་ལེའུ་དང་པོ་ནས་བཤད། རྩ་རྒྱུད་དེ་ལ་འགྲེལ་བའི་མཁས་པ་གསུམ་བྱུང་བ་ཡིན་ཏེ། དང་པོ་ནི་ཚིག་དོན་གཉིས་ཀ་ལ་མཁས་པ་སློབ་དཔོན་ཀུན་དགའ་སྙིང་པོ་ཡིན་ལ། ཁོང་གིས《རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ》ཞེས་བྱ་བ་དང་(པཎྜི་ཏ་བུདྡྷ་ཤྲཱི་ཤཱནྟི་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར)《དེ་ཉིད་ཁོ་ན་ཉིད་བསྡུས་པའི་རྒྱུད་ཀྱི་འགྲེལ་བ་དེ་ཉིད་སྣང་བྱེད》བྱ་བ་སོགས་མཛད།(རྒྱ་གར་གྱི་མཁས་པ་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང་། ཞུ་ཆེན་ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་བསྒྱུར)གཉིས་པ་ནི་དོན་ལ་མཁས་པ་སངས་རྒྱས་གསང་བས《སྦྱོང་རྒྱུད་ཀྱི་འགྲེལ་པ་འབྲུ་འགྲེལ་རྒན་པོ》ཞེས་བྱ་བ་མཛད། གསུམ་པ་ནི་ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་ཀྱིས《དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན》མཛད། དེ་གསུམ་ལ་རྣལ་འབྱོར་རྒྱུད་ལ་མཁས་པའི་མི་གསུམ་མམ། ཡོ་གར་མཁས་པའི་མི་གསུམ་ཞེས་གྲགས་སོ།།

དུས་ཕྱིས་ཕྱི་དར་སྐབས་བོད་དུ་ཇི་ལྟར་བརྒྱུད་ཅེ་ན། ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་ལན་གསུམ་དུ་བྱོན་པའི་དང་པོ་ལ། ཁ་ཆེའི་མཁན་པོ་ཤྲདྡྷ་ཀ་ར་ཝརྨ་ལས་གསང་འདུས་འཇམ་རྡོར་དང་། མི་བསྐྱོད་པ་གཉིས་དང་། རྡོར་དབྱིངས་དཀྱིལ་འཁོར་ཀྱི་དབང་དང་དེ་དག་གི་བཤད་བཀའ་སོགས་གསན་ཅིང་། འགའ་ཞིག་བསྒྱུར། ཤྲདྡྷ་ཀ་ར་ཝརྨས་བཤད་པ་མཛད་སྐབས། ཕྱག་ལེན་ཀུན་དགའ་སྙིང་པོའི་ལུགས་ལ་བྱེད་ཀྱང《དེ་ཉིད་སྣང་བ》མ་འགྱུར་པས། 《ཀོ་ས་ལའི་རྒྱན》གྱི་སྟེང་ནས་མཛད་པ་ཡིན། རྣམ་སྣང་ལ་མི་བཞི་རྒྱབ་སྤྲོད་བྱེད་པ་སོགས་ཀྱང་གསུངས། ལག་ལེན་གཉིས་མི་མཐུན་ཅིང་། བོན་པོ་འདུལ་བའི་ཆེད་དུ་དབྱངས་ལ་སོགས་པའི་སྤྲོས་པ་ཡང་ཆེ་བར་གྲགས་སོ།།

ལྷ་ལུང་དགོན་གྱི་རྣམ་སྣང་མི་བཞི་རྒྱབ་སྤྲོད། 《ཧི་མ་ལ་ཡའི་ནུབ་རྒྱུད་ཀྱི་སྔ་ཤོས་ནང་བསྟན་ལྡེར་སྐུ》ནས་བཏུས།

ལན་གཉིས་པར་པཎྜི་ཏ་པདྨཱ་ཀ་ར་ཝརྨ་དང་། པྲཛྙཱ་ཀ་ར་ཝརྨ་གཉིས་ལ་གཏུགས་ཏེ་ཡོ་གའི་གཞུང་འགྲེལ་འགའ་ཞིག་བསྒྱུར། ལན་གསུམ་པ་ལ་པཎྜི་ཏ་སངས་རྒྱས་ཞི་བ་ལས་ཀུན་སྙིང་གི་ལུགས་ཀྱི་ལག་ལེན་དང་བཤད་པ་གཉིས་ཀ་ཞུས་པས་དེ་ཉིད་ལ་ཐུགས་ཆེས་ཤིང་རྩིས་ཆེ་བར་མཛད། འོན་ཏེ། དེ་དུས་ཀུན་སྙིང་གིས་མཛད་པའི《འགྲེལ་པ་དེ་ཉིད་སྣང་བའི》རྒྱ་དཔེ་མ་རྙེད་པར། འགྲེལ་པ་ཤཱཀྱ་བཤེས་གཉེན་གྱི《ཀོ་ས་ལའི་རྒྱན》དང་བསྟུན། ཕྱག་ལེན་དཀྱིལ་ཆོག་ནི་ཀུན་སྙིང་གི《རྡོ་རྗེ་འབྱུང་བ》ལ་བྱེད་ཅིང་བརྒྱུད་པ་ནི་ཀུན་དགའ་སྙིང་པོ་ནས་ཡིན། རྣམ་སྣང་མི་བཞི་རྒྱབ་སྤྲོད་དུ་བྱེད་ཅིང་། ཤཱཀྱ་བཤེས་གཉེན་དང་ཀུན་སྙིང་གི་ལུགས་གཉིས་འདྲེས་པས། ལོ་ཆེན་གྱི་སྐུ་ཚེའི་སྟོད་ཡིན་ཞིང་། དབུས་གཙང་སྨད་ཕྱོགས་སུ་དར་བས་ཡོ་ག་སྨད་ལུགས་ཟེར། 

དེ་ནས་རེ་ཞིག་ན་བལ་པོའི་ཚང་ཕ་ལས《འགྲེལ་པ་དེ་ཉིད་སྣང་བའི》རྒྱ་དཔེ་བྱུང་སྟེ། རྒྱ་གར་ཤར་ཕྱོགས་པཎྜི་ཏ་དྷརྨ་པ་ལ་ཚད་པས་བསྙུང་བ། སྨན་པས་གངས་རི་ཡོད་སར་བྱོན་ན་ཕན་པར་གསུངས་ཏེ། གངས་ཏི་སེར་ཞབས་ཀྱིས་བཅག་ཞོར་མངའ་རིས་སུ་ཕེབས་སྐབས། ལོ་ཆེན་རིན་ཆེན་བཟང་པོས་ཀུན་སྙིང་ལུགས་ཀྱི་གདམས་པ་ཕྱག་ལེན་རྫོགས་པར་ཞུས། འགྲེལ་པ་ཡང《དེ་ཉིད་སྣང་བ》ལ་མཛད་དེ། རྣམ་སྣང་ཞལ་བཞི་པར་བཞེད། འདི་ལོ་ཆེན་གྱི་སྐུ་ཚེའི་སྨད་ཡིན་ལ་ཀུན་སྙིང་ལུགས་སོར་བཞག་པ་ཡིན་ཞིང་། སྟོད་མངའ་རིས་སྐོར་གསུམ་དུ་དར་བས་ཡོ་ག་སྟོད་ལུགས་ཟེར་རོ།། 

སློབ་དཔོན་ཀུན་དགའ་སྙིང་བོ། རྒྱལ་རྩེའི་སྐུ་འབུམ་ནང་བཞུགས།

ལོ་ཆེན་རིན་བཟང་གྱི་ཐུགས་ཀྱི་སྲས་མཆོག་བཞིའི་ནང་ཚན། ལོ་ཆུང་ལེགས་པའི་ཤེས་རབ་ཀྱིས་དྷརྨ་པ་ལའི་ལུགས་མ་གསན། ཤྲདྡྷ་ཀ་ར་དང་། སངས་རྒྱས་ཞི་བ་གཉིས་ཀྱི་ལུགས་འཛིན། མང་ནང་གི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་གྱིས་དྷརྨཱ་པ་ལའི་ལུགས་གཙོ་བོར་མཛད། གྲྭ་པ་གཞོན་ཤེ་ཡིས་ལུགས་གཉིས་ཀ་མཛད། སྐྱི་ནོར་ཛྙཱ་ནས་ཕྱིས་ཀྱི་དྷརྨ་པ་ལའི་ལུགས་གཙོ་བོར་མཛད་དོ།། 

ཡོ་ག་སྟོད་ལུགས་དང་སྨད་ལུགས་གཉིས་དར་ཚུལ་ནི། ལོ་ཆེན་གྱི་དྲུང་དུ་ཕེབས་པ་ལ་རྒྱང་རོ་དཔེ་དམར་གྱི་རྐྱང་པོ་ཆོས་བློ་སྔ། དེ་ནས་ཤངས་ཀྱི་སུམ་སྟོན་ཡེ་འབར། དེ་ནས་ཉང་སྟོན་ལྕེ་ཞར། དེ་ནས་སྤང་ཁ་འདར་ཆུང་གི་ཕ་གཞོན་ནུ་རྒྱ་མཚོ། ལ་སྟོད་ཀྱི་བྲག་སྟེང་པ། སྣུར་ཕྱི་རུའི་དམར་སྟོན་ཆོས་ཀྱི་རྒྱལ་མཚན། མདོག་གླེ་སྟོན། བལ་ཤཱཀྱ་རྡོ་རྗེ། ཐང་སྟོན་ཀོང་ཀ་བ། མདོག་གོང་གང་རྣམས་ཡིན་ལ། དེ་དག་ཕལ་ཆེར་ལོ་ཆེན་ལ་མཇལ་བ་ཙམ་ལས། གཙོ་བོར་ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་དྲུང་ནས་སྦྱངས་ཏེ། དབུས་གཙང་གི་ས་ཆའི་སྨད་ཕྱོགས་སུ་དར་བས་ཡོ་ག་སྨད་ལུགས་སུ་གྲགས། ཡང་ལོ་ཆེན་གྱི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། དེས་མལ་གྱོ། དེས་རྗེ་ས་སྐྱ་པ་ལ་བརྒྱུད་དེ། དབུས་གཙང་གི་ཆ་སྟོད་དུ་དར་བས་ན་ཡོ་ག་སྟོད་ལུགས་ཞེས་གྲགས་སོ། 

སློབ་དཔོན་སངས་རྒྱས་གསང་བ། རྒྱལ་རྩེའི་སྐུ་འབུམ་ནང་བཞུགས།

དེ་ལ་བརྒྱུད་པ་བཞི་བྱུང་ཡོད་དེ། ལོ་ཆེན་རིན་བཟང་ནས་བརྒྱུད་པ་དང་། ཇོ་བོ་རྗེ་ནས་བརྒྱུད་པ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ། ཆག་ལོ་ཆོས་རྗེ་དཔལ་ནས་བརྒྱུད་པ་རྣམས་ཡིན།

དང་པོ་ལོ་ཆེན་ནས་བརྒྱུད་པ་ནི། རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དགའ་སྙིང་པོ། དེ་བཞིན་གཤེགས་པའི་རྡོ་རྗེ། ཤདྡྷ་ཀ་ར་ཝ་རྨ། ལོ་ཆེན་རིན་བཟང་། ལོ་ཆུང་ལེགས་པའི་ཤེས་རབ། གྲགས་པ་འབྱོར་ཤེས། བུམ་སྟོན་མེ་འབར། གཉེན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། རི་ལུང་ཁུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ། ཀུན་ཆེན་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། 

གཉིས་པ་ཇོ་བོ་རྗེ་ནས་བརྒྱུད་པ་ནི། རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དགའ་སྙིང་པོ། ཤེས་རབ་སྙིང་པོ། གོ་མའི་དགེ་བསྙེན། ཤཱཀྱ་ཡེ་ཤེས། ཇོ་བོ་རྗེ། གོ་མི་བྷཻཾ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་འབུམ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་པ་སྟོན་གྲགས། ཤཱཀྱ་འབུམ། འཇམ་པ་རིན་ཤེ། ལོ་མཆོག་དཔལ་ལྡན་སེང་གེ། བུ་སྟོན་རིན་ཆེན་གྲུབ། ཡང་ན། རྣམ་སྣང་། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་པ་མི་ཏི། མུ་སྟེགས་ཀོ་ཥ། དྷརྨ་པ་ལ། ཇོ་བོ་རྗེ། དེ་པ་བྷཻཾ་ཆེན། སྐྱི་ནོར་ཛྙཱ་ན། གཉལ་པ་ཉི་ཤེ། སྣུར་ཉི་མ། གཤིན་རྡོར་སེང་གེ། གླན་ཆོས་འབྱུང་པ། སུམ་སྟོན་ཤཱཀྱ་འབུམ། འཇམ་པ་རིན་ཤེ། ཡང་རྩེ་བ་རིན་སེང་། བུ་སྟོན་རིན་ཆེན་གྲུབ། དེ་གཉིས་ཇོ་བོ་རྗེ་ནས་བརྒྱུད་པ་ཡིན། 

གསུམ་པ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ནི། བྱང་ཆུབ་སེམས་དཔའ། འཕགས་པ་སྤྱན་རས་གཟིགས། སློབ་དཔོན་དཔའ་མཛད་མཚོ། རིན་འབྱུང་ཁིད་བ། བྷྭ་ཀ་ར་ཚད་ཚད། རྡོ་རྗེ་གདན་པ། ཝིཀྴ་ར་དྷེ་ཝ། ཁ་ཆེ་པཎ་ཆེན། བི་བྷུ་དྷེ་ཙཎྜ། གཡག་སྡེ་ལོ་ཙྪ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ། ཀུན་མཁྱེན་བུ་སྟོན། 

ཆག་ལོ་ཆོས་རྗེ་དཔལ་ནས་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། སློབ་དཔོན་ཛི་ཏ་རི། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང་། ནཱ་ཡཱ་ཀཾ། མཻ་ཏྲི་པ། རྡོ་རྗེ་གདན་པ། ནི་པ་ལོ། ཀ་ལམ་ག་དེ་ན། རེ་ཝཎྜ་རཀྵི་ཏ། ཆག་ལོ་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་སྟོན། དཔལ་ལྡན་སེང་གེ། བུ་སྟོན་རིན་ཆེན་གྲུབ། དེ་ལྟར་བུ་སྟོན་གྱིས་བརྒྱུད་པ་དེ་ལྔ་འདུས་ཏེ། ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་སོགས་ལ་སྤེལ་ཏེ་བརྒྱུད་པ་རྒྱ་ཆེར་མཛད་དོ།།

༢༠༡༩ ༠༤ ༠༨ཉིན་སྤོས་ལྡན་གྲོང་ནས།