སྤྱིར་བརྩམས་ཆོས་ཤིག་དང་ཁྱད་པར་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ལ་དཔྱད་པ་གཏང་ན་ནི། ངེས་པར་ཐེངས་མང་པོར་ཞིབ་ཏུ་བལྟས་ཤིང་རང་ཉིད་ཀྱི་མཛེས་དཔྱོད་དང་རིན་ཐང་ལྟ་བའི་རྒྱ་མས་ཡང་ཡང་གཞལ་ན་ད་བཟོད་རང་ཉིད་ལ་དབང་བའི་རོལ་མྱོང་གི་བྲོ་བ་ཐུན་མོང་མ་ཡིན་རེ་འབྱུང་བ་ཆོས་ཉིད་དུ་གྲུབ་མོད། རང་ཉིད་ལ་ཐེངས་གཅིག་མ་གཏོགས་ལྟ་བའི་སྐལ་བ་མ་ལྡན་པས་ཐེངས་གཅིག་ལ་བལྟས་པའི་མྱོང་ཚོར་ཙམ་བརྗེད་ཐོའི་དོད་དུ་བྲི་རྒྱུ་ལས་འོས་མེད་དོ། །

དཔལ་འབྱོར་གྱིས་ཚོད་འཛིན་ཆེན་པོ་ཐེབས་པའི་དུས་རབས་འདི་ལ་བརྩམས་ཆོས་ཡོད་ཚད་སྒྱུ་རྩལ་བརྩམས་ཆོས་ཀྱི་ཚད་དུ་བསླེབས་སུ་འཇུག་པ་དང་། གང་དེར་ཤ་ཐང་རུས་ཐང་དུ་འབད་རྒྱུ་ནི་ཧ་ཅང་དཀའ་བའི་ལས་ཤིག་ཡིན་པས་སྒྱུ་རྩལ་པ་ཞེས་པའི་རིན་ཐང་ཡང་དེའི་ཞོར་ནས་རྟོགས་འོངས། དེའང་ཀུན་གྱིས་མཁྱེན་གསལ་ལྟར་རི་མོ་དང་རྩོམ་རིག ཞབས་བྲོ། རོལ་མོ། རྐོས་བརྙན། འཛུགས་སྐྲུན། ཟློས་གར། གློག་བརྙན། གཏམ་གླུ་སྤེལ་མ་སོགས་ཀྱིས་ནི་སྒྱུ་རྩལ་ཞེས་འབོད་པའི་རིག་གནས་ཀྱི་ཁྱབ་ཁོངས་ཆེན་པོ་འདི་གྲུབ་ཅིང་། དེའི་ཁྲོད་ཀྱི་ཟློས་གར་དང་གློག་བརྙན་གཉིས་ནི་སྒྱུ་རྩལ་གྱི་བྱེ་བྲག་མང་པོ་ཕྱོགས་གཅིག་ཏུ་འདུས་ནས་གྲུབ་པ་ཞིག་ཡིན་པས། འདི་གཉིས་ནི་སྣ་འདུས་རང་བཞིན་གྱི་རྩལ་དུ་འཁུམས་ལ། འདི་གཉིས་ལེགས་འགྲུབ་འབྱུང་དཀའ་བའི་རྒྱུ་མཚན་ཡང་དེ་ཡིན་པར་འདོད།

དེང་གི་ཆར་གློག་བརྙན་ལས་རིགས་ཀྱི་བསྟན་པ་ཆེས་ཆེར་རྒྱས་ཏེ་རྒྱ་ནག་ཙམ་དུ་མ་ཟད་མི་རིགས་སོ་སོར་བརྩམས་ཆོས་ནི་དབྱར་གྱི་ཤ་མོ་བཞིན་བརྡོལ་འོངས་མོད། དེའི་ཁྲོད་སྒྱུ་རྩལ་བརྩམས་ཆོས་ཀྱི་ཚད་དུ་བགྲངས་རུང་བ་ཧ་ཅང་ཉུང་། དེ་ལའང་དཔལ་འབྱོར་གྱི་ཡོང་འབབ་དམིགས་ཡུལ་དུ་བཟུང་བའི་རིགས་གཅིག་དང་སྒྱུ་རྩལ་གྱི་རིན་ཐང་དམིགས་ཡུལ་དུ་བཟུང་བའི་རིགས་གཅིག་ཡོད་པས་ལོས་ཡིན། གང་ལྟར་ཁོ་བོ་རྒན་པདྨ་ཚེ་བརྟན་ལ་ཆེས་དགའ་ས་ནི་ནམ་ཡང་སྒྱུ་རྩལ་གྱི་རིན་ཐང་དམིགས་ཡུལ་གཙོ་བོར་བཟུང་ནས་གསར་རྩོམ་བྱེད་པ་དེ་རེད། བོད་ཀྱི་གློག་བརྙན་གྱི་དབུ་ཁྲིད་སྟངས་འདི་ཤིན་ཏུ་ལེགས་པར་འདོད།

དེའང་ཁ་ཅིག་གིས་པདྨ་ཚེ་བརྟན་གྱི་གློག་བརྙན་ནི་ཁ་དམ་པའི་སྙན་ངག་ཅིག་དང་འདྲ་བར་ཅིའང་གོ་རྒྱུ་མི་འདུག་སྟེ་ཁོང་གིས་རྒྱལ་ཁ་ལེན་པ་ནི་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དྲིན་རེད་ཟེར་མོད། དེ་ནི་དགོད་བྲོ་བའི་གཏམ་ཞིག་སྟེ། མི་རིགས་གང་ཞིག་ལ་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་མེད་དམ། འཛམ་གླིང་རིག་གནས་ཀྱི་ལོ་རྒྱུས་ལ་གཟིགས་ཐེངས་གཅིག་གིས་རང་གི་ཚད་དེ་རང་བཞིན་གྱིས་རྟོགས་འོང་ལ་། ཐུན་མིན་རིག་གནས་རེ་ཡོད་པ་ཙམ་གྱིས་སྒྱུ་རྩལ་བརྩམས་ཆོས་ཤིག་ལྷུན་གྱིས་མི་འགྲུབ་པའང་རྩོད་མེད་དུ་རྟོགས་སྲིད་པས་འདིར་དེ་དག་ལ་ལན་སྐྱོན་པའི་ངལ་བ་མི་བརྟེན་པར་བྱ་ཞིང་། ད་ནི་བྱེ་བྲག་ཏུ་བབས་ཏེ་བརྩམས་ཆོས་འདི་ལ་ཐེངས་གཅིག་བལྟས་རྗེས་ཀྱི་རང་གི་མྱོང་བ་བརྗེད་ཐོ་ཙམ་དུ་དགོད་པར་བྱའོ། །

ལར་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ན་ནི་དེ་ལ་ངེས་པར་རོལ་རྩེད་རང་བཞིན་དང་། བསམ་བློའི་རང་བཞིན། སྒྱུ་རྩལ་ཐབས་རྩལ་རང་བཞིན་གསུམ་ཀ་ཅིས་ཀྱང་འཛོམས་དགོས་པས་འདིར་དེ་དག་གཞིར་བཟུང་ནས་སྨྲ་བར་བྱ་སྟེ།《ལག་དམར》ཞེས་པའི་གློག་བརྙན་འདི་མགོ་བརྩམས་མ་ཐག་དོས་སྐྱེལ་རླངས་འཁོར་ཁ་ལོ་བ་སྦྱིན་པ་མི་མེད་ལུང་སྟོང་དུ་ཁེར་རྐྱང་ངང་རང་གི་ལས་ཀར་འཇུག་བཞིན་ཡོད་ཅིང་། ཕྱི་ཚུལ་ནས་བལྟས་ན་ཁོ་ནི་ཁེར་རྐྱང་དང་འཚོ་བའི་དཀའ་སྡུག་གི་ཁྲོད་ཅུང་དུས་རབས་ཀྱི་རྗེས་ཟིན་པའམ་ཡང་ན“སྔོན་ཐོན་པ”ཞིག་དུ་སྣང་སྟེ། ཁོའི་ཁེར་རྐྱང་གི་འགྲོ་རོགས་ནི་ཐ་མག་དང་དབྱི་ཐཱ་ལིའི《བདག་གི་ཉི་མ》ཞེས་པའི་གླུ་གཞས་གྲགས་ཅན་དེ་ཡིན་ཞིང་། བལྟས་ཚོད་ཀྱིས་ཅུང་ཟད་རྐྱལ་སྟོང་ཞིག་གི་སྣང་བ་སྟེར།

དེ་ལྟ་བུའི་མི་སྣ་དེས་བདག་པོ་སུ་ཡིན་མི་ཤེས་པའི་ལུག་ཅིག་བསད་པ་ན། ཁོའི་ནང་སེམས་ནི་དེ་འདྲའི“རྐྱལ་སྟོང”ཞིག་མིན་པར་རང་ལ་བསམས་ནའང་འདྲ། སྙིང་རྗེའི་དབང་གིས་ཞེས་ནའང་ཆོག་གང་ལྟར་ཚེ་སྲོག་གི་རིན་ཐང་ལ་དོ་སྣང་བྱེད་མཁན་གྱི་མི་ཞིག་ཏུ་སྣང་། དེ་ནས་ཁོ་རང་དང་མིང་གཅིག་ཅིང་མིང་དེའང་རང་ལ་བླ་མས་སྩལ་བ་ནང་བཞིན་ཐོགས་པའི་ཁམས་པའི་ཕོ་རྒོད་ཅིག་དང་འཕྲད་ཅིང་། ཁམས་པ་དེ་ནི་བལྟས་ཚོད་ཀྱིས་ཞི་དུལ་བབས་ཆགས་ཤིག་ཏུ་སྣང་ནའང་ཁོའི་སེམས་ན“བུ་ཞིག་ཡིན་ན་སྙིང་ནད་རྩོད་དགོས། སྙིང་ནད་རྩོད་མ་ཐུབ་ན་དེ་ནམ་ཡང་རང་གི་ངོ་ཚ་ཡིན”ཞེས་པའི་རིག་གནས་ཤིག་གིས་བསྐྱེད་པའི་ངར་སེམས་ཟབ་མོ་ཡོད་ཅིང་། དེས་ཁོའི་མི་ཚེ་ལ་ཁ་ལོ་དཀྱུ་བཞིན་པ་རེད།

དེ་ལྟ་བུའི་ལོ་ཚོད་ཕལ་ཆེར་འདྲ་ཞིང་། མིང་གཅིག་པ། ཆ་ལུགས་མི་འདྲ་ཞིང་། འཚོ་བའི་ལས་དབང་མི་འདྲ་བ་སོ་སོས་མནན་པའི་མི་གཉིས་རླངས་འཁོར་གཅིག་ཏུ་འཕྲད་ཅིང་། ཁོ་གཉིས་ཀྱིས་རང་རང་གི་བསམ་བློའི་འཁྱེར་སོའམ་ཡང་ན་དེའི་ཕག་ཏུ་ཡོད་པའི་རིག་གནས་ཀྱི་བསྐྱེད་འབྲས་སུ་འཁུམས་པའི་ནང་སེམས་ཀྱི་བཀོད་འདོམས་བཞིན་གཏམ་རྒྱུད་མི་འདྲ་བ་རེ་འཁྲབ་པ་འདི་དག་ཐམས་ཅད་ནི་རོལ་རྩེད་རང་བཞིན་ཡིན་ཏེ། སྤྱིར་འགྲོ་བ་མིའི་རིགས་ནི་གཏམ་རྒྱུད་གང་རུང་ལ་ཉན་སྤྲོ་ཞིང་། ལྟད་མོ་གང་ཞིག་ལ་ལྟ་བར་དགའ་ལ། མི་རེ་རེའི་གཉུག་གཤིས་སུ་ཐམས་ཅད་ལའང་འཁྲབ་སྟོན་བྱེད་པ་དང་ལྟད་མོར་ལྟ་བའི་དགའ་ཕྱོགས་ཤིག་ཅིས་ཀྱང་ཡོད་པས་ཀུན་ཀྱང་ལྟད་མོར་དགའ་བ་བཞིན། སྒྱུ་རྩལ་གྱི་བརྩམས་ཆོས་གང་ཞིག་ཡིན་ཡང་ཐོག་མར་དེ་ལ་ངེས་པར་རོལ་རྩེད་ཀྱི་རང་བཞིན་ཅིས་ཀྱང་ཡོད་དགོས་ལ། མི་སྣ་འགའ་ཡིས་གཏམ་རྒྱུད་ཅིག་འཁྲབ་པ་དེ་ནི་མ་གཞི་ནས་རོལ་རྩེད་རང་བཞིན་ཞིག་ཏུ་འཁུམས་པས་མང་དུ་སྤྲོ་བར་མི་བྱའོ། །

《ལག་དམར》ཞེས་པའི་གློག་བརྙན་འདིའི་མིག་ལྟ་བུ་ནི་སྦྱིན་པ་ཞེས་པའི་མི་སྣ་གཉིས་མཉམ་དུ་བཞག་པ་དེ་ཡིན་པར་འདོད་དེ། མིང་གཅིག་ཅིང་ཆ་ལུགས་མི་འདྲ་བ། སེམས་ཀྱི་འཁྱེར་སོ་མི་འདྲ་བའི་མི་སྣ་གཉིས་དེ་ལྟར་རླངས་འཁོར་གཅིག་ཏུ་འཕྲད་པ་ན་གཉིས་ཀའི་གདོང་དུའང་སྡུག་བསྔལ་གྱི་ཁུར་བོ་རེ་མངོན་ལ། ཁ་ལོ་བ་སྦྱིན་པས་ཐ་མག་འཐེན་མིན་གྱི་སྟེང་ནས་ལག་དམར་འཚོལ་མཁན་ཁ་ལོ་བ་རང་གི་ཆ་ལུགས་དང་མཐུན་པའི་སྐད་ཆ་རྫིག་པོ་རེ་བཤད་ཅིང་། ལག་དམར་འཚོལ་མཁན་ཁ་ལོ་བ་དེའང་རང་གི་འདོད་པར་ཨུ་ཚུགས་བརྒྱག་མཁན་ཞིག་ཡིན་པའི་སྣང་བ་མངོན། གཉིས་ཀ་སྡུག་བསྔལ་མི་འདྲ་བ་རེ་རེས་མནར་ནའང་ཁ་ལོ་བ་སྦྱིན་པ་ནི་སྡུག་གི་ཁྲོད་ནས་རེ་བ་འཚོལ་མཁན་ཞིག་ཏུ་མངོན་ཏེ། ཁོས་ཁེར་རྐྱང་དང་སུན་སྣང་གི་འགྲུལ་བཞུད་དེ་གླུ་གཞས་ཀྱིས་བསྐྱལ་ཞིང་། 《བདག་གི་ཉི་མ》ཞེས་པའི་གླུ་གཞས་དེ་རང་གིས་ཀྱང་བླངས། “བདག་སེམས་ཀྱི་ཉི་མ་ནི་རང་གི་ལོ་ན་གཞོན་པའི་བུ་མོ་ཡིན”ཟེར་བ་དེས་ཁོས་འཚོ་བ་ལ་བཅང་བའི་རེ་བ་མངོན།

དེ་ལྟར་ཁོ་གཉིས་ལམ་མདོ་ཞིག་ནས་སོ་སོར་སོང་ཞིང་། ཁ་ལོ་བ་སྦྱིན་པས་ལུག་ཅིག་བསད་པ་དེ་ལྟས་ངན་ཞིག་ཏུ་བསམས་ཤིང་། བདག་པོ་མེད་པའི་ལུག་དེའི་ཚེ་སྲོག་ལའང་བརྩི་བཀུར་བྱས་ཏེ་ལུག་གི་རིན་གོང་དང་མཐུན་པའི་བསྔོ་རྟེན་ཕུལ་ཏེ་བསྔོ་སྨོན་བྱས་ཤིང་། འགྲོ་བ་མིའི་རིགས་ཀྱི་གཤིན་པོ་ལྟར་ལུག་རོ་བྱ་གཏོར་བྱས་ཏེ་སྤྲང་བོར་སྦྱིན་པ་བཏང་། དེ་ནས་ཁོས་ལུག་ཤ་ཕྱེད་ཀ་གཅིག་ཉོས་ཏེ་ཡུན་རིང་སྒུག་པའི་མཛའ་གྲོགས་ཀྱི་གན་དུ་སོང་སྟེ་ཕོ་མོའི་བདེ་བར་རོལ་མོད། ཁོའི་སེམས་སུ་ལམ་ནས་འཕྲད་པའི་ལག་དམར་འཚོལ་མཁན་གྱི་ཕོ་གསར་དེ་དང་དེའི་ལས་དབང་དྲན་ནས་དགའ་བདེའི་དཔལ་ལའང་ཡིད་ཚིམ་པ་ཞིག་རོལ་མ་ཐུབ། དེ་ནས་ཁོ་ལག་དམར་འཚོལ་མཁན་སྦྱིན་པ་འཚོལ་བར་སོང་ཞིང་། ཟ་ཁང་ཞིག་ནས་སྦྱིན་པ་འཕྲད་མྱོང་བའི་སྦྱིན་བདག་མ་དང་འཕྲད་ཅིང་། སྦྱིན་བདག་མའི་ཕྱིར་དྲན་དང་འགྲོགས་པའི་ཁ་བརྡའི་ཁྲོད་སྦྱིན་པ་གཉིས་ཀྱི་གཤིས་ཀའང་གཤིབ་བསྡུར་རང་བཞིན་གྱིས་ཕྱིར་མཚོན་བྱས་འདུག

ལག་དམར་འཚོལ་མཁན་གྱི་སྦྱིན་པ་དེས་རང་གི་ཕ་གསོད་ལག་དམར་དམར་ཙ་ཞེས་པ་དེ་གཞི་ནས་རྙེད་ཅིང་། དམར་ཙའི་དེང་གི་རྒས་འཁོགས་ཉམ་ཆུང་གི་སྣང་བརྙན་དང་། འགྱོད་བཤགས་སྒྲིབ་སྦྱོང་། སྡུག་སྤོང་དགེ་སྒྲུབ་ཀྱི་འཚོ་བ་ལས་མ་འོང་པའི་རང་ཉིད་མཐོང་ཞིང་། ད་དུང་ལོ་ངོ་ཉི་ཤུའི་སྔོན་གྱི་རང་ཉིད་ལྟར་སྙིང་རྗེ་ཞིང་ལོ་ངོ་ཉི་ཤུའི་རྗེས་ཀྱི་རང་ཉིད་བཞིན་སྙིང་ནད་ཀྱིས་ཁེངས་ངེས་པའི་དམར་ཙའི་བུ་ཆུང་སོགས་མཐོང་རྗེས། ཁོའི་གཉུག་གཤིས་སུ་གནས་པའི་སྙིང་རྗེ་དང་སྙིང་ནད་རྩོད་དགོས་པར་གདམས་པའི་ཁ་དཔེ་གཉིས་སེམས་ཀྱི་གཞི་ནས་དྲག་ཏུ་འཐབ་ཅིང་། མཇུག་མཐར་སྙིང་རྗེ་རྣམ་པར་རྒྱལ་བས་ཕོ་རྒོད་དེ་ལ་མིག་ཆུ་བཞུར་ཞིང་ལག་པ་ལྷོད་དེ་ག་ཤེད་ཅིག་ཏུ་བུད་སོང་། ཁ་ལོ་བ་སྦྱིན་པས་གནས་ཚུལ་ཤེས་འཕྲད་ཕྱིར་རང་ཡུལ་དུ་ལོག་ཅིང་། ལམ་ནས་རླངས་འཁོར་གྱི་འཁོར་ལོ་བརྗེས་ཏེ་འཚོ་བའི་འགྲུལ་བཞུད་རིང་མོས་རབ་ཏུ་མནར་བའི་ཁོ་རང་གཉིད་དུ་ཡུར། རྨི་ལམ་ཁྲོད་ཁོ་རང་གཞི་ནས་དམར་ཙ་འཚོལ་མཁན་གྱི་ཕོ་སར་དེ་རུ་གྱུར་ཅིང་། ཁོས་དམར་ཙ་བསད་ནས་བྱ་གཏོར་བྱས།

མཐར《བདག་གི་ཉི་མ》ཞེས་པའི་གཞས་དེ་དབྱི་ཐཱ་ལིའི་སྐད་ཀྱིས་གྲགས་འོངས། འདི་རུ་རིག་གནས་མི་འདྲ་བ་གཉིས་ཀྱི་བསྐྱེད་འབྲས་སམ་ཡང་ན་མི་ཡི་གཤིས་ཀ་མི་འདྲ་བ་གཉིས་གཤིབ་བསྡུར་སྒོས་ཕྱིར་མཚོན་བྱས་ཡོད་པར་འདོད་དེ། གཅིག་ནི་སྤྱོད་པ་རྩིང་བོ། བཟོ་ལྟ་རྫིག་པོའི་ནང་སེམས་སུ་བྱམས་དང་སྙིང་རྗེ། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ཞིག་བག་ལ་ཞ་ནས་ཡོད་པ་དེ་དང་། ཅིག་ཤོས་ནི་སྤྱོད་པ་བབས་ཆགས། བཟོ་ལྟ་ཀུན་མཐུན་གྱི་སེམས་སུ་སྙིང་ནད་མ་བརྩད་ན་ངོ་ཚ་རུ་འཛིན་པའི་འཁོན་སེམས་ཤིག་ཉར་ནས་ཡོད་པ་དེ་གཉིས་བསྡུར་བ་བྱས་ཤིང་། དེའི་དགེ་སྐྱོན་གྱི་ངོ་བོ་བསྟན་འདུག་པ་དང་། ཅིག་ཤོས་ནི་འགྲོ་བ་མིའི་རིགས་དང་ཁྱད་པར་བོད་ཅེས་པའི་མི་འདི་ལ་སྙིང་རྗེ་སྐྱེས་ན་བདག་མེད་སྲོག་ཆགས་ཐམས་ཅད་ཀྱང་མ་རུ་འཛིན་ཞིང་། ཁོང་ཁྲོ་ལངས་ན་མི་ལོ་ཉི་ཤུའི་སྙིང་ནད་ཀྱང་སེམས་ནས་མི་འདོར་བ་གཉིས་གཤིབ་བསྡུར་རང་བཞིན་གྱིས་མཚོན་ཏེ། དེའི་དགེ་སྐྱོན་དང་མཐར་ཐུག་གི་གདམ་གསེས་བསྟན་མེད་དམ་སྙམ་མོ། འདི་ནི་གློག《ལག་དམར》ཞེས་པའི་བརྩམས་ཆོས་འདིའི་བསམ་བློའི་རང་བཞིན་དུ་འདོད་དོ། །

ཁོ་བོ་བརྙན་མིག་སྐད་ཆ་ལ་རྒྱུས་མངའ་མེད་སྟབས་སྒྱུ་རྩལ་ཐབས་རྩལ་གྱི་ཕྱོགས་ནས་མང་ཏུ་སྨ་བར་མི་སྤོབས་མོད། རྨོངས་བློར་འཆར་ཚུལ་རེ་གཉིས་བརྗོད་ན། གོང་དུ་བརྗོད་ཟིན་པ་བཞིན་སྦྱིན་པ་ཞེས་པའི་མིང་མཚུངས་ཤིང་། གཤིས་ཀ་མི་འདྲ་བ། སེམས་ཀྱི་འཁྱེར་སོ་མི་འདྲ་བའི་མི་སྣ་གཉིས་ལྷན་གཅིག་ཏུ་བཞག་པ་འདི་ནི་གློག་བརྙན་འདིའི་སྒྱུ་རྩལ་ཐབས་རྩལ་ཁྱད་པར་བ་ཞིག་ཏུ་འཁུམས་ཤིང་། ཁ་ལོ་བ་སྦྱིན་པར་ཐ་མག་ཚར་ནས་ཡོད་དུས་ལག་དམར་འཚོག་མཁན་སྦྱིན་པར་འཕྲད་ཅིང་། ཁ་ལོ་བས་ཐ་མག་འཐེན་མིན་དྲིས་པ་ལས་བྱུང་བའི་ཁོ་གཉིས་ཀྱི་ཁ་བརྡ་ཐུང་ངུ་དེ་དང་གཅིག་གིས་ཐ་མག་འཐེན་ཞིང་། ཅིག་ཤོས་ཀྱིས་སྣ་ཐ་འཐེན་པ་སོགས་ལས་མི་སྣ་གཉིས་ཀྱི་གཤིས་ཀ་མང་པོ་ཞིག་བཞེངས་སྐྲུན་བྱས་འདུག ཕྱིས་སུ་ཁ་ལོ་བ་སྦྱིན་པ་ལག་དམར་འཚོལ་མཁན་སྦྱིན་པ་སོང་མྱོང་བའི་ཇ་ཁང་དེ་དང་ཁོ་རང་བསྡད་མྱོང་བའི་ཅོག་ཙེ་དེའི་མདུན་དུ་བསྡད་དེ་སྦྱིན་བདག་མར་ཁ་བརྡ་བྱེད་དུས། ཁོ་གཉིས་གཞི་ནས་མི་གཅིག་ཏུ་འདྲེས་སུ་བཅུག་ཅིང་། མི་གཅིག་ཡིན་རུང་གཉིས་ཀའི་དམིགས་ཡུལ་དང་གཤིས་ཀ་མི་འདྲ་བར་ཕྱིར་མཚོན་བྱས་ཡོད་དེ། དེ་ནི་གཉིས་ཀའི་ཁ་ལག་མཆོད་སྟངས་དང་དབུ་ཆང་འཐུང་སྟངས་ལྟ་བུའི་ཆེས་སྟབས་བདེའི་འཁྲབ་སྟོན་ཞིག་གི་སྟེང་མངོན་ཐུབ་པར་བྱས་འདུག ཇ་ཁང་དུ་རོལ་རྩེད་དང་དབུ་ཆང་གི་བདེ་བ་ལ་ཐིམ་པའི་ཕྱི་རོལ་གྱི་སྤྱིར་བཏང་གི་ཡུལ་དུས་ཤིག་ཏུ་མི་སྣ་གཉིས་ཀྱིས་འདི་ལྟར་རང་ཉིད་ཀྱི་ནང་སེམས་ཀྱི་འགལ་འདུ་ལ་གདོང་གཏོད་བཞིན་འཚོ་བ་སྐྱེལ་བཞིན་ཡོད་པར་བསྟན་ཞིང་། ལག་དམར་དམར་ཙའི་ཁྱིམ་དུ་ལག་དམར་འཚོལ་མཁན་སྦྱིན་པས་ཆུང་དུས་དང་རྒས་དུས་ཀྱི་རང་ཉིད་གཉིས་ཀ་མཐོང་ཞིང་། དམར་ཙའི་བུ་ཆུང་གི་མ་འོང་པའང་རྗེས་སུ་དཔག་པ་དང་། མཇུག་མཐར་ཁོའི་ནང་སེམས་ཀྱི་འགལ་འདུ་དེ་མིག་ཆུ་ལས་བྱོ་བར་བྱས། ཁ་ལོ་བ་སྦྱིན་པས་རྨི་ལམ་དུ་དམར་ཙ་བསད་ཅིང་། 《བདག་གི་ཉི་མ》ར་རེ་བཞིན་སླར་ཡང་འཚོ་བའི་རྒྱ་ལམ་དུ་ཞུགས་པར་བྱས་ལ། གློག་བརྙན་ཧྲིལ་བོ་གཏམ་རྒྱུད་ཀྱི་སྐུད་པ་གཉིས་ལ་བརྒྱུས་ཤིང་། མི་སྣའི་སེམས་ཁམས་ཀྱི་འགལ་ཟླ་མཚོན་པ་ཞིག་ཏུ་འཁུམས།

སྤྱིར་ཟློས་གར་དང་གློག་བརྙན་བརྩམས་ཆོས་དག་གི་ཁྲོད་དུ་དོན་སྟོན་མི་ནུས་པའི་འཁྲབ་ཆས་དང་འཁྲབ་སྟོན། སྐད་ཆ་སོགས་ལྷག་མ་གཅིག་ཀྱང་འབྱུང་མི་རུང་བ་ནང་བཞིན། བརྩམས་ཆོས་འདིའང་བརྡ་རྟགས་ཀྱི་ཕྲེང་རྡོག་མང་པོ་གཏམ་རྒྱུད་ཀྱི་ཕྲེང་ཐག་ལ་བརྒྱུས་ནས་མངོན་ཞིང་། བརྡ་རྟགས་རེ་རེའང་ཧ་ཅང་སྟོབས་ཤུགས་དང་མཚོན་དོན་གྱིས་ཕྱུག་པར་འདུག་ལ། གློག་བརྙན་ཧྲིལ་བོར་འཁྲབ་ཚིག་ཧ་ཅང་ཉུང་བ་དེའང་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་ཕུལ་དུ་བྱུང་བ་ཞིག་ཏུ་འཁུམས་སོ། །ད་དུང་རོལ་མོ་དང་བརྙན་མིག འཁྲབ་ལྭ། འཁྲབ་ཆས། འཁྲབ་ལྗོངས་ཇུས་འགོད། འཁྲབ་སྟོན། འཁྲབ་ཁྲིད་སོགས་ཕྱོགས་སྒོ་མོ་ནས་གླེང་འོས་མོད། ཐེངས་གཅིག་ལ་བལྟས་པ་ཙམ་གྱིས་མི་འོང་བས་རེ་ཞིག་བཏང་སྙོམས་སུ་མི་འཇོག་ཐུ་མེད་དུ་གྱུར།མདོར་ན《ལག་དམར》ཞེས་པའི་བརྩམས་ཆོས་འདི་ནི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ཏུ་བགྲངས་རུང་ཞིང་། བརྩམས་ཆོས་འདི་ལྟ་བུར་གོ་བ་བླ་ལྷག་སྐྱེས་པས་ཤིན་ཏུ་འཇོན་པ་དང་མ་སྐྱེས་པས་གྲལ་མཐའ་རུ་ལུས་པ་ལྟ་བུ་ནི་གཞར་ནས་མ་ཡིན་མོད། འདི་ལྟ་བུའི་སྒྱུ་རྩལ་གྱི་བརྩམས་ཆོས་དག་གིས་སྒྱུ་རྩལ་གྱི་བློ་སྦྱོང་བཟང་བའི་སྐྱེས་བུ་དག་ལ་ནི་དེ་ལས་ལྷག་པའི་གོ་བ་རེ་བསྐྱེད་ངེས་མོད། ཁོ་བོའི་རྨོངས་བློར་ཤར་བ་ནི་འདི་ཙམ་ལས་མ་མཆིས་པས་རང་གིས་རང་ལ་བརྗེད་ཐོ་ཞིག་གི་ཚུལ་དུ་ཡི་གེར་ཕབ་པ་ཙམ་ལགས་སོ། །

སྤྱི་ལོ༢༠༡༩ལོའི་ཟླ༥ཚེས༤ལ་རེབ་གོང་དུ།