དང་པོ།   སྤོས་ངད་གྲོང་ནས་ལམ་ལ་ཆས་པ།

སྤྱི་ཟླ་4པའི་ཚེས་27ཉིན་གྱི་སྔ་དྲོར་དགེ་རྒན་གུར་མགོན་སྐྱབས་དང་། ཨ་ཁུ་གངས་དཀར། གྲོགས་རྡོ་རྗེ་རིན་ཆེན། ཕྲན་དང་བཅས་པའི་ཨ་མདོ་བ་བཞི། གྲོང་ཁྱེར་སྤོས་ངད་ལྡན་གྱི་ལྷོ་སྒོ་གསར་མའི་(新南门)རླངས་འཁོར་འབབ་ཚིགས་ནས་རླངས་འཁོར་ཞིག་གླས་ཏེ་ལྕགས་ཟམ་རྫོང་གི་ཕྱོགས་སུ་ཆས་པ་ཡིན།  དེ་ནི་ངེད་ཅག་རྒྱལ་རོང་བསྐོར་བའི་ས་ཚིགས་དང་པོ་སྟེ། དེ་ནས་ལམ་འགྲོ་བ་བཞི་བོད་ཤར་ཕྱོགས་ཀྱི་བཙན་རྫོང་རྒྱལ་མོ་ཚ་བ་རོང་གི་སྣོད་བཅུད་ལ་རྐང་བས་བཅགས། མིག་གིས་བལྟས། སེམས་ཀྱིས་མྱང་བར་བྱ་བའི་གོམ་པ་དང་པོ་སྤོ་དགོས་སོ། །

ང་ཚོས་རྒྱལ་རོང་ནས་ལོ་རྒྱུས་ཀྱི་དྲན་པ་ཅི་ཞིག་གསོ་ཐུབ་བམ། སྙན་ངག་གི་ས་བོན་ཅི་ཞིག་སྦྲུམ་སྲིད་དམ། ཆགས་སྡང་གི་གཏམ་རྒྱུད་ཅི་ཞིག་འབྲི་ནུས་སམ་ཞེས་པའི་དྲི་བ་སྣ་ཚོགས་སྒོམ་བཞིན་དུས་ཚོད་3ཙམ་བསྐྱོད་མཐར་ལྕགས་ཟམ་ཁར་འབྱོར། དེ་རུ་སྐད་གྲགས་ཆོད་པའི་གནའ་བོའི་ལྕགས་ཟམ་ཞིག་ལོ་ཟླའི་ཆར་ཆུས་མ་འཇིགས་པར་དུས་དེང་སང་ཡང་ལང་ཚོའི་གཟི་མདངས་བཀྲ་བས་བོད་ཀྱི་ས་མིང་ཡང་དེ་ལ་བརྟེན་ནས་ཐོགས་པ་བསྙོན་དུ་མེད། ངག་རྒྱུན་དུ་རྒྱལ་མོ་རྔུལ་ཆུ་འཕྲེད་ཀྱིས་བཅད་པའི་ཟམ་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཙུགས་པར་བཤད་ཀྱང་འདིའི་གམ་གྱི་གནས་བཤད་བྱང་བུ་རུ་མན་ཇུའི་གོང་མ་ཁང་ཞིས་(康熙)སམ་བདེ་སྐྱོང་རྒྱལ་པོའི་སྐུ་རིང་སྟེ་སྤྱི་ལོ་1705ལོར་བསྐྲུན་མགོ་བརྩམས་ཤིང་དེའི་ཕྱི་ལོའི་ཟླ་བ་བཞི་པར་ཟམ་སྣེ་སྦྲེལ་ནས་ལེགས་པར་བསྒྲུབས་པ་དང་། ས་མིང་泸定ཟེར་བ་ཡང་རྒྱལ་པོ་ཁོང་གིས་གསོལ་བར་གྲགས། ཟམ་པ་འདིའི་རིང་ཚད་ལ་སྨི་101.67དང་ཞེང་ཚད་ལ་སྨི་3ཡོད་པ་དང་། ལྕགས་ཐག་9ཡིས་ཞབས་སྐྱོར་ཞིང་4ཡིས་གཡས་གཡོན་གཉིས་ཀྱི་ལག་སྐྱོར་བྱས་ནས་ལྕགས་ཐག་13གྱིས་སྦྲེལ་འདུག་པས། འདི་ལ་ཡང་བོད་ཀྱི་འཛུགས་སྐྲུན་རིག་གནས་ལས་མཐོང་ཐུབ་པའི་བཀྲ་ཤིས་པའི་ཨང་ཀིས་བརྒྱན་འདུག ། 

ལྕགས་ཟམ་ཐོག་ཏུ་གོམ་པ་སྤོས་ན་ཡམ་ཡོམ་དུ་གཡོ་ཞིང་། ཤིང་ལེབ་སྣར་མོས་བསྒྲིགས་པའི་ཧྲག་བར་ནས་ཤར་རྒྱལ་མོ་རྔུལ་ཆུ་ཤག་སྒྲ་མེད་པར་ལྷུང་ལྷུང་བཞུར་བ་མིག་ལ་ལྷུང་དུས། སེམས་པ་ཡང་ལོང་ལོང་བར་གྱུར་འགྲོ་བས་ཡུལ་སྐོར་བ་ཕལ་མོ་ཆེ་ཟམ་དབུས་ནས་ཡར་མར་ལ་འགྲོ་བ་ལས་ཕྱོགས་གཉིས་ལ་གཏུད་ཕོད་མཁན་མང་པོ་མི་འདུག ། ངེད་བཞི་པོས་ཀྱང་ཁོང་ཅག་ནང་བཞིན་དྲན་རྟེན་ལ་འདྲ་པར་ཡིད་ཚིམ་པ་ཞིག་བརྒྱབ་རྗེས་ལྕགས་ཟམ་གྱི་གམ་དུ་བཞེངས་པའི་སྤྱན་རས་གཟིགས་ཀྱི་ལྷ་ཁང་གཉིས་ཐོག་ཅན་ལ་མཇལ་བར་བསྐྱོད་པ་ཡིན།

ལྷ་ཁང་འདི་གའི་སྟེང་ཁང་དུ་དུས་གསུམ་སངས་རྒྱས་ཀྱི་ལྡེར་སྐུ་དང་། འོག་ཁང་དུ་སྤྱན་རས་གཟིགས། འཇམ་དབྱངས། འཕགས་པ་ཀུན་བཟང་སོགས་ཀྱི་ཤེལ་སྐུ་བཞུགས་པ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། སའི་སྙིང་པོ། ཚེ་དཔག་མེད་ཀྱི་གཡས་གཡོན་དུ་ཉེ་སྲས་ཕྱག་རྡོར་སོགས་ཀྱང་བཞུགས་པའི་ལྷ་ཁང་རྣམས་ལ་མཇལ། དེ་ནས་རྫོང་མཁར་འདིའི་བཤམས་སྟོན་ཁང་དུ་འཛུལ་བ་དང་། རྟེན་རྫས་ཕལ་མོ་ཆེ་ནི་དམར་དམག་རྒྱང་སྐྱོད་དང་འབྲེལ་ཡོད་པས་དེ་རྣམས་ལ་ཡང་རགས་ལྟ་ཞིག་བྱས། ཟ་ཁང་ཞིག་ནས་དྲོས་ཇ་བཏུངས་རྗེས་མགྲོན་འཁོར་ཆུང་པ་ལ་བསྡད་དེ་དུས་ཚོད་1ལྷག་ལ་བསྐྱོད་པ་ན་དར་རྩེ་མདོར་སླེབས་པ་དང་། ཉིན་དེའི་ནུབ་མོར་ངེད་བཞི་པོས་གྲོང་ཁྱེར་འདི་ནས་ཞག་མལ་བཅས་པ་ཡིན་ནོ། །

ཚེས་27ཉིན་གྱི་འགྲོ་སོང་།

འགྲོ། 626RMB

འདུག། 240RMB

སྤྱོད། 277RMB 

གཉིས་པ།   ལྷ་མོ་རྩེ་ཡི་མཐོང་ཐོས།

            “རིན་ཆེན་ཚངས་དབྱངས་རྒྱ་མཚོ། །

                 དར་རྩེ་མདོ་ལ་བྱོན་ན། །

                 སྙིང་མཐུན་ལྷ་ཡི་བུ་མོས། །

                 རི་ཆེན་སྒང་ནས་བསུས་ཡོང་། །

                  མཚར་སྡུག་ཀླུ་ཡི་བུ་མོས། །

                  ཆུ་ཆེན་གཞུང་ནས་སྒུག་ཡོང་། །”

འདི་ནི་དར་རྩེ་མདོ་ལ་སླེབས་རྗེས་དགེ་རྒན་གུར་མགོན་སྐྱབས་ཀྱིས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་བླངས་པའི་གླུ་ཞིག་ཡིན། གྲོགས་རྡོ་རྗེ་རིན་ཆེན་གྱི་སེམས་ཚོར་ནི་གཞན་ཞིག་སྟེ་“འདི་ནི་དར་མདོ་དངོས་མ་རེད་པ་”ཞེས་ཐེ་ཚོམ་ངང་དྲིས་པས་གྲོགས་པོའི་སེམས་ཀྱི་དར་མདོ་དང་དངོས་ཡོད་ཀྱི་དར་མདོ་བར་ལ་ཧེ་བག་ཆེན་པོ་ཤོར་བ་གོར་མ་ཆག  ། ལར་ཁོ་དང་འདྲ་བའི་ངེད་ཅག་ཕལ་མོ་ཆེའི་སྣང་ངོར་གྲོང་ཁྱེར་ཡིན་ན་ཡངས་ཤིང་རྒྱ་ཆེ་བའི་གཤོང་སར་ཆགས་དགོས་སྙམ་མོད་དར་རྩེ་མདོ་ནི་དེ་ལས་ལྡོག་སྟེ་ལུང་ཁོག་ཅིག་ཏུ་གནས་པས་གུས་པའི་ཕ་ཡུལ་རེབ་གོང་རྫོང་ལས་ཀྱང་ཤིན་ཏུ་དོག་པ་དེ་འདྲ་ཞིག་རེད།  འདི་གར་བོད་ཀྱི་དགོན་སྡེ་གསུམ་མཆིས་པ་ནི་ལྷ་མོ་རྩེ་དང་རྡོ་རྗེ་བྲག །  ལྔ་མཆོད་དགོན་བཅས་རེད། ལྷ་མོ་རྩེ་དགོན་པར་རེབ་གོང་རོང་བོ་དགོན་ནས་དགེ་རྒན་ལ་གདན་འདྲེན་ཞུས་པའི་དགེ་བཤེས་དཀོན་མཆོག་རིག་ལྡན་ཞུ་བ་ཞིག་བཞུགས་པ་དགེ་རྒན་གྱི་ཡུལ་གྲོགས་དང་ཨ་ཁུའི་ཆོས་གྲོགས་ཡིན་པར་གསུངས་པས་ངེད་ཅག་ཐོག་མར་ཁོང་སར་ཆས་ཤིང་། དེ་ནས་དགེ་བཤེས་དང་མཉམ་དུ་དགོན་པའི་ལྷ་ཁང་རྣམས་ལ་མཇལ་བ་ཡིན།

དགོན་འདིའི་མཚན་ཆ་ཚང་ལ་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་ཞེས་ཟེར་ཞིང་། མཚན་འདི་ལྟར་ཐོགས་དོན་ནི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་གནས་འདིར་ཕེབས་དུས་ལྷ་མོ་མཆེད་བརྒྱད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་ན་ཁོང་གིས་ལྷ་མོ་མཆེད་བརྒྱད་ལ་བསང་མཆོད་མཛད་དེ་གནས་འདི་ལ་ཡང་ལྷ་མོ་རྩེ་ཞེས་ཐོགས་སྐད། སྤྱི་ལོ་867ལོར་བླ་ཆེན་སངས་རྒྱས་ཞིང་ཆེན་གྱིས་ཕྱག་བཏབ་པ་དང་། ཕྱིས་སུ་དགོན་པའི་རྗེས་འཛིན་ཡོན་ཏན་བཟང་པོས་དགེ་བཤེས་ཤ་ར་བ་བླ་མར་བསྟེན་ནས་བཀའ་གདམས་པའི་ཆོས་སྐོར་རྫོགས་པར་གསན་པས་དགོན་པ་འདི་ཡང་བཀའ་གདམས་པར་བསྒྱུར། ངོ་སྤྲོད་ཡི་གེར་གསལ་བ་ལྟར་ན་ཀརྨ་པཀྵི་དང་འགྲོ་མགོན་འཕགས་པ། མི་ཉག་མཁས་པ་ལྔའི་ཡ་གྱལ་མཁས་ཆེན་བཀའ་བཞི་པ། ཀརྨ་རོལ་པའི་རྡོ་རྗེ་སོགས་ཀྱིས་དགོན་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད་པར་བཤད། སྤྱི་ལོ་1639ལོར་སོག་དམག་གིས་མེ་ལ་བསྲེགས་པས་དགོན་འདིའི་སྤྲུལ་སྐུ་དར་རྒྱས་ཀྱི་སྐུ་ཕྲེང་དང་པོ་ངག་དབང་འཇམ་དབྱངས་ཀྱིས་རྒྱལ་དབང་ལྔ་པའི་ཐུགས་བཀོད་ལྟར་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་འགྲོ་ཕན་གླིང་ཞེས་པའི་ཕྱག་བྲིས་གནང་བ་ལྟར་མཚན་བསྒྱུར་བ་དང་། དེའི་ཕྱིས་མན་ཇུའི་གོང་མ་ཆེན་ལུང་གིས་ན་མོ་སི་(南无寺)ཞེས་པའི་རྒྱ་ཡིག་གི་སྒོ་བྱང་གནང་བ་ནི་དགོན་འདིའི་རྒྱ་མིང་ཐོགས་ཚུལ་ལོ། །  ཉིན་དེའི་འགྲུལ་བཞུད་ཀྱི་ཉིན་ཐོ་ཐུང་ངུ་ཞིག་སྐད་འཕྲིན་དུ་སྤེལ་བ་ན་སློབ་གྲོགས་ཤིག་གིས་རྒྱལ་དབང་ལྔ་པའི་སྐབས་ཀྱི་གླིང་བཅུ་གསུམ་ལས་གླིང་གཅིག་ནི་དར་མདོར་ཡོད་པ་འདྲ་ཞེས་མཆན་ཞིག་བཏབ་འདུག་པས་དགོན་འདི་ཡིན་པར་སྙམ། 

ལྷ་མོ་རྩེའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་གཞིགས་ནས་དགོན་འདིར་ལྷ་ཁང་ཡང་རིས་མེད་གྲུབ་མཐའ་ལྟར་བཞེངས་འདུག་སྟེ། སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག་སློབ་དཔོན་པད་འབྱུང་སོགས་གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་བཞུགས་པའི་གུ་རུའི་ལྷ་ཁང་དང་། དེའི་གམ་གྱི་ས་སྐྱ་ལྷ་ཁང་དུ་ས་སྐྱ་ཀུན་སྙིང་སོགས་གོང་མ་རྣམ་ལྔ་དང་། ཚར་ངོར་གཉིས་ཀྱི་བླ་སྐུ་སོགས་བཞུགས། དེ་བཞིན་བཀའ་བརྒྱུད་ལྷ་ཁང་ཡང་ངོ་། །  དེ་ནས་རིམ་བཞིན་གདུགས་དཀར་ལྷ་ཁང་དང་། བྱམས་ཁང་། རྒྱུད་པ་གྲྭ་ཚང་གི་འདུ་ཁང་། མགོན་ཁང་། ཇོ་ཁང་། དར་རྒྱས་རིན་པོ་ཆེའི་སྐུ་གདུང་ལྷ་ཁང་། མཚན་ཉིད་གྲྭ་ཚང་གི་འདུ་ཁང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་བཅས་བཞེངས་ཡོད་དོ། ། གྲྭ་ཤག་རྣམས་འདུ་ཁང་སོགས་ཀྱི་གཡས་གཡོན་བསྐོར་ནས་ཁ་ཆེ་པཎ་ཆེན་གྱི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཡར་ཀླུང་གྲ་ཕྱི་ཚོང་འདུས་ཚོགས་པ་དང་སོལ་ནག་ཐང་པོ་ཆེ་ལྟར་བཞེངས་འདུག །  དགོན་འདིར་གྲྭ་བ་དགུ་བཅུ་ལྷག་བཞུགས་ཤིང་། བསྟན་པ་སླར་གསོས་ནས་ཐོག་མར་མཚན་ཉིད་འཛུགས་སྐབས་རྒྱལ་རོང་གི་ཡུལ་ལུང་སོ་སོ་ནས་འོང་བའི་རབ་བྱུང་བ་རྣམས་ཀྱིས་སྤྱི་སྐད་ལ་རྒྱ་སྐད་ཤོད་ཀྱིན་ཡོད་མོད་དེང་སང་བོད་སྐད་དང་བོད་ཡིག་ལ་ཐོགས་པ་མེད་པར་བཤད། རྒྱལ་རོང་ནས་དགའ་ལྡན་ཁྲི་ཆེན་བཅུ་གསུམ་ལྷག་བྱོན་མྱོང་བ་ཡང་དགོན་འདིའི་གྲྭ་རྒྱུན་ཡིན་པར་མ་ཟད་བོད་ཀྱི་ལོ་རྒྱུས་སུ་ཡུལ་ལུང་གཅིག་ལས་ཁྲི་ཆེན་མང་པོ་བྱོན་པ་འདི་ལས་ལྷག་པ་ཞིག་མེད་པ་འདྲ་ཞེས་ཀྱང་དགེ་བཤེས་དང་དགེ་རྒན་གཉིས་ཀྱིས་གླེང་བྱུང་བས། འདི་གར་ཆོས་འཆད་ཉན་གྱི་སྲོལ་ལེགས་པོ་བཙུགས་ཐུབ་པ་ཡང་སྲོལ་རྒྱུན་གྱི་དྲན་པ་དེ་དག་ལ་འབྲེལ་བ་ཡོད་ཤས་ཆེ།

རྒྱུད་པ་གྲྭ་ཚང་གི་ཁྱམས་ཀྱི་ལྡེབས་རིས་སུ་དགོན་པའི་ཁ་གཏད་དུ་གནས་པའི་ལྷོ་རིའི་གཞི་བདག་བཙན་མཁར་དང་ལྷ་མོ་མཆེད་བརྒྱད། ཀླུ་མོ། དེ་དག་གི་བླ་རི་དང་བླ་མཚོ། ཕག་མོ་རི་སོགས་ཀྱང་གསལ་བའི་གྱན་ཐང་ཞིག་བཞེངས་འདུག ། ལྷ་ཚོགས་ངོས་འཛིན་ལ་རྒྱུས་ཆེ་བའི་གྲོགས་རྡོ་རྗེ་རིན་ཆེན་གྱིས་དགོན་འདིར་མཇལ་བའི་རེག་ཟིག་ཉུང་ངུ་ཞིག་པར་དང་བཅས་སྐད་འཕྲིན་དུ་འདི་ལྟར་སྤེལ་འདུག་སྟེ།

 “ཧོར་བྲིས་ཀྱི་ལྡེབས་རིས་དང་། རྗེ་བཙུན་བྱམས་པའི་ཟངས་སྐུ་ཐོག་བརྩེགས་གསུམ་ཅན། སྲུང་མ་བཙན་མཁར་དང་ལྷ་མོ་མཆེད་བརྒྱད་སོགས་ནི་དགོན་འདིའི་མཐོང་ཐོས་གཙོ་བོ་དག་ཡིན།”

དགེ་རྒན་དང་ཨ་ཁུ་ངེད་གསུམ་ལ་མཚོན་ན་ཧོར་བྲིས་ཟེར་ན་ཅི་ཡིན་ཆ་མ་འཚལ་མོད་མཚན་ཉིད་གྲྭ་ཚང་གི་འདུ་ཁང་ནང་བཞེངས་པའི་གྱན་ཐང་རྣམས་ཀྱི་བླ་སྐུའི་གཤམ་དུ་མཚན་ཡིག་མ་ཟད་དེ་དག་མཛད་རྗེས་གཙོ་བོ་སོགས་ཀྱང་གསལ་བའི་ལོ་རྒྱུས་མདོར་བསྡུས་རེ་ཡང་བྲིས་འདུག་པས་ཤིན་ཏུ་ཡིད་ཀར་འོང་བ་ཞིག་རེད། གཞན་རྒྱ་སྐད་དུ跑马山དུ་འབོད་པའི་ཕག་མོ་རི་སྟེ། རྡོ་རྗེ་ཕག་མོའི་གནས་རི་དེ་ནི་དགོན་པའི་ཁ་གཏད་དུ་འདུག་ཀྱང་རི་མཐོན་པོ་དེ་འདྲ་མིན་ལ་ལྷ་མོ་རྩེ་དགོན་གྱི་ཐོག་མའི་གནས་གཞི་དེ་ཡིན་ཞེས་དགེ་བཤེས་ལགས་ཀྱིས་གསལ་བཤད་གནང་། དེ་མིན་ད་དུང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་འདི་གར་ཕེབས་དུས་ཕྱག་བྲིས་མཛད་པའི་སྒོ་བྱང་རྙིང་པ་ཞིག་བཀལ་འདུག་པ་སོགས་ལ་གཞིགས་ནས་དགོན་བདག་བླ་མ་དར་རྒྱས་རིན་པོ་ཆེ་དགོན་པ་སླར་གསོ་ལ་བརྩོན་པའི་ལོ་རྒྱུས་ཀྱང་གསུངས་པས་ཤིན་ཏུ་དང་བ་འདྲེན་པ་ཞིག་རེད། སྒོས་སུ་དར་རྩེ་མདོ་དང་ལྕགས་ཟམ་རྫོང་གི་ཚོང་ཁང་དང་སྲིད་གཞུང་གི་སྒོ་བྱང་གང་རུང་དུ་བོད་ཡིག་བརྡ་དག་མ་ནོར་བར་བྲིས་ཡོད་པ་སོགས་ཀྱང་ཁོང་ཅག་གི་སྐུ་དྲིན་ལོས་ཡིན་སྙམ།

ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་གམ་གྱི་རྡོ་གཅལ་དུ་མཚན་ཉིད་གྲྭ་ཚང་གི་གྲྭ་བ་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་འདུག་ཅིང་། དེ་རུ་ལུས་སྐམ་ཅིང་རིད་པ། མིག་ཤེལ་མནབས་ཤིང་རྒྱ་ལྭ་གོན་པའི་རྒྱ་མི་ཞིག་གིས་ཀྱང་བོད་སྐད་ཀྱིས་ཆོས་རྩོད་བྱེད་བཞིན་འདུག་པས་ངེད་བཞི་པོས་ནང་ལོགས་ཀྱི་རྒྱ་མི་ཡུལ་སྐོར་བ་བཞིན་པར་མིག་ཁོང་ལ་བསྐོར་ཡང་འཛེམ་དོགས་ཅི་ཡང་མེད་པར་ཁོང་གི་འཇིག་རྟེན་དེ་རུ་བདེ་སྐྱིད་ཀྱིས་ཁེངས་འདུག །  རྒྱ་མི་དགེ་བསྙེན་འདི་ནི་སྔོན་མར་ཀྲེ་ཅང་(浙江)སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིག་དང་ཆེད་ལས་འཕྲུལ་ཆས་(机械工程ཡིན་ནམ་སྙམ།)ཀྱི་འབུམ་རམས་པ་ཞིག་སྟེ།  འདིར་འབྱོར་ནས་མི་ལོ་ལྔ་ལྷག་འདས་ཟིན་ལ་ཁོང་གིས་རབ་བྱུང་བ་རྣམས་ལ་རྒྱ་ཡིག་ཁྲིད་ཞོར་བོད་ཡིག་དང་ནང་ཆོས་ལ་སློབ་གཉེར་བྱེད་མུས་སུ་ཡོད་པར་གསུངས། དེ་ནས་ངེད་ཅག་སྒོ་ཆེན་གྱི་མདུན་ནས་དགེ་བཤེས་དང་ལྷན་དུ་པར་རེ་བརྒྱབ་རྗེས་ཁོང་ལ་གྱེས་བརྡ་བཏང་ནས་ཡར་ཀླུང་གི་རྡོ་རྗེ་བྲག་ལ་བལྟས་ནས་བཏབ་པའི་མདོ་རྡོ་རྗེ་བྲག་དང་དགེ་ལུགས་པའི་ལྔ་མཆོད་དགོན་སོགས་ལ་མཇལ་རྗེས། གནའ་སྔ་མོར་ཡུལ་གྲུ་འདི་གའི་གསེར་ཁ་ཡིན་ཟེར་ཞིང་རྒྱ་མིང་ལ་姑咱ཟེར་བའི་གྲོང་བརྡལ་ཞིག་ནས་ཡུལ་དེ་གའི་ཟས་མཆོག་ཅིག་ལ་རོལ།

རོང་བྲག་ལ་འགྲོ་བའི་ལམ་བར་དུ་ཕུག་ལམ་ཞིག་ཡོད་པ་ཕྱི་དྲོའི་དུས་ཚོད་ལྔ་པའི་སྟེང་མ་གཏོགས་གཏོང་གི་མི་འདུག་པ་གོ་བས། འགོལ་གསེང་ཅུང་ཆེ་བའི་གླགས་གསུབ་ཆེད་ཁ་ལོ་བས་ཁོ་རང་གི་ཕ་ཁྱིམ་ལ་འགྲོ་བར་གྲོས་བཏབ། དེ་བས་ངེད་ཅག་རི་གཟར་པོ་ལམ་གོག་པོ་དཀྱ་དཀྱོག་མང་བ་ཞིག་དེད་དེ་རི་རྐེད་ཙམ་ལ་སླེབས་པ་ན་ཁ་ལོ་བའི་ཁྱིམ་ལ་འབྱོར། ཁ་ལོ་བའི་མིང་ལ་རྡོ་རྗེ་(མིང་ཆ་ཚང་མིན་པ་འདྲ།)ཟེར་ཞིང་། སྡེ་དེའི་གྲོང་མིའི་མིང་ཐམས་ཅད་བོད་མིང་དང་སྐད་ནི་རྒྱ་སྐད་འབའ་ཞིག་སྨྲ། ལུང་པ་དེ་ནི་རྒྱའི་བརྙན་ལམ་དང་རྩོམ་ཡིག་ཏུ་མེ་ཏོག་དབང་ལག་གི་ལུང་པ་(仙人掌谷)ཟེར་བ་རི་སྐྱེས་ཚེར་མ་སྔོ་ལེབ་ཀྱིས་ཁེངས་པའི་ལུང་པ་དེ་ཡིན་པར་འདུག ། སྟོད་ན་གངས་རི་མཐོན་པོ་ཞིག་འདུག་ལ་མིང་ལ་ཅི་ཟེར་མིན་དྲིས་པ་ན་菩萨山དང་། དེའི་ཉེ་སར་མཚམས་ཁང་མ་ཟད་བཤིག་རལ་དུ་གྱུར་བའི་མཆོད་རྟེན་ཡང་བཅུ་གྲངས་ཙམ་ཡོད་པར་བཤད། དེ་ནས་དུས་ཚོད་གཉིས་བསྡད་རྗེས་ཨ་ནུ་རིང་ལུགས་ཀྱི་《འཕུར་》ཞེས་པའི་གླུ་གཞས་སོགས་ལ་ཉན་བཞིན་རི་དང་གཙང་པོ། ཕུག་ལམ་སོགས་བརྒལ་ནས་རོང་བྲག་གི་ཕྱོགས་སུ་ཆས་སོ། །

ཚེས་28ཉིན་གྱི་འགྲོ་སོང་། 

འགྲོ། 600RMB

འདུག། 300RMB

སྤྱོད། 229RMB

གསུམ་པ།   སོག་ཕོ་སྟག་བཙན་གྱི་ཕྱི་ནང་།

                   “གནམ་ལ་ཀ་བ་ཚུགས་ས། །

                   ས་ལ་ཁྲོན་པ་ཟུག་ས། །

                   རྒྱལ་མོ་ཚ་བ་རོང་ཡིན། །

                   རྒོད་པོ་བྲག་ལ་སྐྱེས་ན། །

                   ཚ་བ་རོང་གི་བུ་ཡིན། །

                   བུ་མོ་ནགས་ལ་སྐྱེས་ན། །

                    ལྡེམ་ཤིང་སྨྱུག་མའི་གཤིས་ཡིན། །

                   ལྗང་ལོ་ཐང་ལ་ལྷུང་ན། །

                   ཆུ་མོས་རྒྱང་ལ་འཁྱེར་བ། །

                   རོང་བྲག་བུ་མོའི་ལས་ཡིན། །”

རོང་བྲག་ལ་རྒྱ་སྐད་དུ་丹巴ཟེར་བ་དང་། ངེད་ཅག་འདི་གར་འབྱོར་བ་ཡང་རྒྱ་སྐད་ཀྱི་“བསྟན་པ་མཛེས་མའི་ལུང་པ་”ཞེས་པའི་བསླུ་བྲིད་ཀྱིས་ཡིན་སྲིད་མོད། ལུང་པ་འདི་ནས་ཁོ་བོ་ཅག་རྒྱལ་རོང་བུ་མོའི་མཛེས་སྡུག་ལས་ཀྱང་མཛེས་སྡུག་གཞན་ཞིག་ལ་ལོངས་སུ་སྤྱོད་སྐལ་བྱུང་བ་ནི་རྡོ་དང་གཡའ་མ་ལེབ་མོས་བརྩིགས་པའི་བོད་ཁྱིམ་བཞི་ཐོག་ཅན་ཞིག་ལ་གནས་ཚང་གཡར་ཐུབ་པ་དེའོ། ། 

རོང་བྲག་རྫོང་མཁར་བར་ལ་སྤྱི་ལེ་གཉིས་ཙམ་ལས་མེད་པའི་ལམ་འགྲམ་ཞིག་ནས་རྒྱལ་རོང་གི་ཁྱད་ཆོས་འཛོམས་པའི་གྲོང་ཚོ་ཞིག་མཐོང་བས་ང་ཚོ་རང་དབང་མེད་པར་རླངས་འཁོར་ལས་འབབ་དགོས་བྱུང་། རྒྱབ་རི་ལྷུན་པོའི་ཕང་བར་ལྗོན་ཤིང་སྟུག་པོའི་གསོན་མདངས་རྣམ་པར་རྒྱས་ལ། དེ་དག་གི་གསེབ་ཏུ་རིན་ཆེན་གསེར་ལ་གཡུ་ཡི་ཕྲ་རྒྱན་སྤྲས་པ་བཞིན་རྡོ་གཡའ་མས་བརྩིགས་པའི་བཙན་རྫོང་ཕྲ་ལ་རིང་བ་དག་ཀྲོང་ངེར་འགྱིངས་པ་དང་། བོད་ཁྱིམ་མིག་ལ་མཛེས་པ་རྣམས་ཀྱང་གོ་རིམ་མེད་པར་ཐོར་ནས་བརྩིགས་འདུག ། འདབ་ན་རྫ་ཆུ་སྔོན་མོ་ཆིལ་ཆིལ་དུ་འབབ་ཅིང་རྒྱབ་རིའི་རྒྱང་རིང་ན་གངས་རི་དཀར་པོ་ཞིག་ཀྱང་སྟོབས་ཀྱིས་འགྱིང་འདུག་པས་ང་ཚོས་ཧམ་སེམས་ཆེན་པོས་ཡུལ་གྲུ་འདིའི་མཛེས་པ་མཐའ་དག་རྟག་བརྟན་ཅན་དུ་གཏོང་བའི་སྦྱོར་བ་ལ་པར་མང་པོ་བརྒྱབ། དེ་དུས་ངེད་བཞི་པོ་ལ་ཁ་པར་ལས་པར་ཆས་ལེགས་པོ་ཞིག་མེད་པ་ལ་ཕངས་སེམས་སྐྱེ་མགོ་བརྩམས།

གྲོང་ཚོ་དེར་ཡུལ་སྐོར་བ་སོགས་སྣེ་ལེན་བྱེད་པའི་མགྲོན་ཁང་ཡང་ཡོད་ཅེས་ཁ་ལོ་པས་བཤད་པས་ལམ་ཀྱོག་མང་པོ་བརྒྱུད་མཐར་བོད་ཁྱིམ་བཞི་ཐོག་ཅན་ཞིག་གི་ལྷས་སུ་འབྱོར། ཁང་བདག་གིས་ངེད་ཅག་བོད་པ་ཡིན་པར་ཤེས་པ་ན་རིན་མེད་ངང་འདུག་ཆོག་པར་ཁས་བླངས་ཀྱང་། ང་ཚོ་འདི་ནས་ཁ་བྲལ་དུས་ཁོང་ཚང་ལ་དམངས་སྒོར་300ཕུལ་བ་ཡིན། སྡེ་བ་འདི་ལ་སོག་ཕོ་སྟག་བཙན་དུ་འབོད་ལ། སྦྱིན་བདག་ཚང་གི་འོག་ཁང་གི་གཡོན་དུ་མགྲོན་ཁང་(客厅)སྟེ། དེར་བརྙན་འཕྲིན་འཕྲུལ་ཆས་དང་བོད་ཀྱི་འབོལ་གདན་གྱིས་བསྐོར་འདུག་པ་དང་། གཡས་སུ་ཐབ་ཚང་འདུག་ཅིང་ཁྱིམ་མི་རྣམས་ཀྱིས་དེ་ནས་ཟས་ལ་རོལ་བཞིན་འདུག ། རྩེག་གཉིས་པའི་གཡས་གཡོན་(གོང་གི་དཔེ་རིས་ལ་གཟིགས།)དུ་ཁང་བ་གཉིས་རེ་མཆིས་ཤིང་། མདུན་དུ་ཁང་མིག་གཅིག་འདུག ། སྤྱོད་ཁང་སོགས་ཀྱང་རྒྱ་ཁང་ལྟར་འདུག་པས་ཤིན་ཏུ་སྟབས་བདེ་རེད།  ཁང་བ་རེར་བོད་ཀྱི་ཅོག་ཙེ་དང་རྐུབ་སྟེགས་ཤིང་ཁྲི་ཅན་བཞག་ཅིང་།  ངའི་ཕ་ཡུལ་གྱི་ཁང་ཁྱིམ་ལྟར་ཟས་སྣ་ལ་རོལ་ས་དང་ཉལ་ས་གཉིས་ཐ་དད་དུ་མ་ཕྱེ་བར་མི་ཚོགས་མང་པོ་འདུ་དུས་ཉིན་དཀར་ཤིང་ཁྲི་འབོལ་གདན་ཅན་ལ་བཞུགས་ནས་ཇ་ཆང་ལ་རོལ་བ་དང་། ནུབ་མོར་དེར་ཉལ་ཆོག་པས་གཅིག་གོ་གཉིས་ཆོད་རེད།  རྩེག་གསུམ་པར་ཁང་མིག་གཅིག་ལས་མེད་པར་གཞན་སྟོང་བར་ལུས་པ་རྣམས་ལ་ཨར་འདམ་གྱིས་ཞལ་ཞལ་བྱས་འདུག་པས་ཕལ་ཆེར་ཉི་མ་ལྡེ་ས་དང་ཐང་མ་བརྡལ་ས་སོགས་ཡིན་པ་འདྲ། འདི་དག་ལ་གཞིགས་ནས་སྲོལ་རྒྱུན་གྱི་རྒྱལ་རོང་རྡོ་ཁང་འདི་འདྲ་ཞིག་རེད་ཅེས་སྡོམ་ཚིག་འགོད་ཁག་སྟེ། འདིའི་མདུན་དུ་ཁང་རྙིང་ཞིག་མཆིས་པ་ནི་སྔོན་གྱི་ཁང་བ་ཡིན་ཟེར་བས་ཁང་ཁྱིམ་གསར་རྙིང་གཉིས་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུ་རེད། ང་ཚོ་ཁྱིམ་གྱི་ཕྱི་ནང་གཉིས་ལ་འཁོར་ཚར་དུས་ས་ཡང་རུབ་སོང་བས་ཕྱིར་ལོག་ནས་གཏམ་དང་ཁ་པར་གྱི་སྒོ་ཕྱེ་བ་ཡིན། 

དུད་ཁྱིམ་འདི་གར་ཁྱིམ་མི་བཞི་འདུག་ཅིང་ཁྱིམ་བདག་གི་མིང་ལ་དབང་རྒྱལ་ཟེར་བ་དང་། ཁོང་གི་ཨ་ཕ་ལ་འཕྲིན་ལས་མགོན་པོ། ཨ་མ་ལ་རིག་འཛིན་སྒྲོལ་མ། ཆུང་མ་ལ་ཨ་མོ་རུ་འབོད།  ཁོང་ཚོའི་ཡུལ་སྐད་དུ་“བཀའ་དྲིན་ཆེ་”ལ་“སྙིང་ཛེ་བོ་”ཞེས་ཟེར་བར་བཤད། དེ་ནས་ལོ་ན་དྲུག་ཅུ་ཙམ་ལ་སོན་པའི་ཨ་མ་རིག་འཛིན་སྒྲོལ་མ་ལ་རྒྱུན་སྤྱོད་ཀྱི་མིང་བརྡ་ཉི་ཤུ་ལྷག་དྲིས་པ་ན་ཕལ་ཆེར་ཨམ་སྐད་དང་གཅིག་པར་མ་ཟད་ཡིག་འབྲུ་འཕྲལ་ནས་ཀློག་པ་དེ་འདྲ་ཡང་མ་རེད། དེ་དག་རེ་རེ་བཞིན་ཟིན་བྲིས་ལ་བཏབ་པ་གཤམ་གསལ་ལྟར་དང་། རེའུ་མིག་ཏུ་གསལ་བའི་རྒྱལ་རོང་སྐད་ཟེར་བ་ནི་ང་ཚོ་གནས་མལ་བཅའ་ས་སོག་ཕོ་སྟག་བཙན་སྡེ་མིས་བཤད་པའི་ཡུལ་སྐད་ལ་གོ་བ་ལས་རྒྱལ་རོང་གི་ཡུལ་སྐད་གཞན་ལ་གོ་བར་མི་རིགས་སོ། །

  •  སྒྲ་ཐ་དད་པའི་སྐོར།
  • སྒྲ་མཚུངས་པའི་སྐོར།
  •  སྒྲ་འཕེལ་བའི་སྐོར།

ཁོང་ཚང་ནི་བོན་པོ་ཡིན་པར་བཤད་ཀྱང་ཁྱིམ་གྱི་ལྷས་རར་རྡོ་བརྐོས་ཀྱི་རྣམ་བཅུ་དབང་ལྡན་ཞིག་མཆིས་པ་དང་། སྒོའི་ཡ་ཐེམ་དུ་བོན་ལྷ་སྟག་ལྷ་ཉི་ཟླ་གོ་ཞུའི་པར་མ་ཞིག་བསྣར་འདུག །  མགྲོན་ཁང་གི་ལྡེབས་ངོས་སུ་བོན་གྱི་བླ་མ་ཞིག་གི་པར་མ་ཟད་སྐུ་འབུམ་དགོན་པའི་རྟེན་གཙོ་དབྱངས་ཅན་ལྷ་མོ་དང་ནོར་སྦྱིན་མ་གཉིས་ཀྱི་པར་ཡང་སྦྱར་འདུག ། རྩེག་གཉིས་པའི་ཁང་མིག་གཅིག་གི་ཆ་སྒམ་སྟེང་ལ་ཁོང་ཚོ་གསེར་རྟ་བླ་རུང་སྒར་ལ་མཇལ་སྐོར་ལ་ཕྱིན་ནས་འཁྱེར་འོང་བའི་མཁན་པོ་བསོད་དར་རྒྱས་ལགས་ཀྱི་སྐུ་པར་གཉིས་ཀྱང་བཤམས་འདུག་པས། བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས་ཟེར་བ་འདི་འདྲ་ཞིག་ལོས་ཡིན་བསམ། 

ཁང་བདག་གི་སྐྱེས་མས་རྒྱལ་རོང་གི་ཆ་ལུགས་མ་འགྱུར་བར་བརྙན་ལམ་སོགས་ལས་མཐོང་ཐུབ་པའི་མགོ་རས་དང་ལྭ་བ་གྱོན་འདུག་ཅིང་། དགེ་རྒན་གུར་མགོན་གྱིས་མགོ་རས་ལ་ཅི་ཟེར་མིན་དྲིས་པ་ན་སྤ་རས་ཡིན་པར་བཤད་ལ་དེ་ཡང་སྤ་ཕྲུག་དང་སྤ་ལྕོག་བཞིན་ཡིན་པར་སྙམ། ཕྱི་ཉིན་སྔ་དྲོར་བརྒྱ་གཅིག་གྲོང་ཚོ་ནས་དགེ་རྒན་ཁོང་རྒྱལ་རོང་བུ་མོ་ཞིག་དང་ལྷན་དུ་མཉམ་པར་ཞིག་བརྒྱབ་རྗེས་སྤ་རས་དང་འབྲེལ་བའི་སྙན་ངག་ཅིག་ཀྱང་ཐོལ་བྱུང་དུ་བརྩམས་པ་འདི་ལྟ་སྟེ།

“རྒྱལ་རོང་རྒྱལ་མོ་རྔུལ་ཆུས། །      

གསེར་གྱི་བྱེ་མ་འདྲེན་པ། །     

བུ་མོ་སྤ་རས་ཅན་མའི། །

ལག་འཇམ་གསེར་གྱི་འཁྲི་ཤིང་། ། 

སྒེག་འཛུམ་འདབ་ལོ་སྟོར་བ། །”

དེ་ནས་ནུབ་འཚལ་ཞིམ་པོ་ཞིག་ལ་རོལ་རྗེས་ཕྱི་རོལ་གྱི་ཆར་བའི་ཤག་སྒྲ་དང་བསྡོངས་ནས་ཕྱི་ཉིན་གྱི་འགྲུལ་བཞུད་ལ་ལམ་འགྲོ་ཡོང་བར་སྨོན་ལམ་འདེབས་བཞིན་འཇིག་རྟེན་གཞན་ཞིག་གི་དགའ་སྐྱོ་ལ་བསྙེགས་སོ། །  

བཞི་པ།    ཆུ་ཆེན་རབ་བརྟན་པའི་དཔའ་ངར།

           “དགྲ་མགོ་ཞིང་ལ་བཏབ་ན། །

                 རལ་བར་མེ་ཏོག་ལྡེམ་པ། །

                 ཆུ་ཆེན་རབ་བརྟན་རྒྱལ་པོ། །

                 སྡེ་པ་གཞུང་གིས་མ་བསྐུལ། །

                 བཙན་ཚུགས་རྡོ་ལ་བརྐོས་ཡོད། །

                 སྲིད་སྐྱོང་དེ་མོས་མ་གནང་། །

                གཉན་ཕུར་བྲག་ལ་བརྡབས་ཡོད། །” 

ཚེས་29ཉིན་གྱི་ཞོགས་པར་མལ་ལས་ལྡང་།  ཁ་ལག་བཀྲུས། ནངས་ཇ་བཏུངས།  ཁང་བདག་དང་གྱེས་ནས་དེ་དང་ཐག་ཉེ་སར་མཆིས་པའི་སྟག་བཙན་བདེ་ལྡན་ནོར་བུ་གླིང་ལ་བསྐྱོད། དགོན་པ་དེ་ནི་བོན་དགོན་ཞིག་ཡིན་ཡང་ནང་གི་སྐུ་རྟེན་ལ་སྟོན་པ་ཤཱཀྱ་ཐུབ་པ་དང་། རྗེ་བཙུན་འཇམ་དབྱངས། སློབ་དཔོན་པད་འབྱུང་སོགས་ཀྱི་སྐུ་འདྲ་ཡང་བཞུགས། དེ་ནས་རོང་བྲག་བརྒྱ་གཅིག་གྲོང་ཚོ་སྟེ། གྲོང་ཚོའི་ཆགས་རིམ་དང་སྡོད་ཁང་གི་སྒྲིག་གཞི་མཛེས་པ་མིག་ལ་མི་ཤོང་བ་ཙམ་དུ་མཆིས། དེ་གར་འབྱོར་བ་ན་གྲོང་ཚོའི་གཡས་ཟུར་དུ་གཡུལ་ཁ་ཙམ་གྱི་ཐང་ཆུང་ངུ་ཞིག་ལ་འགྲུལ་བ་རྣམས་ངལ་གསོ་ས་དང་ཚོང་ཁྲོམ་ཐང་བརྡལ་ཕྲན་བུ་ཆེད་དུ་བཀོད་པ་འདུག ། དེར་པར་བསྐྱོན་ནས་འགྲོ་གྲབས་བྱེད་སྐབས་གྲོང་ཚོའི་བུ་མོ་གཞོན་ནུ་མ་རྣམས་རུབ་ཡོང་ནས་མཉམ་དུ་རྩེད་མོ་རྩེ་ཟེར། ངེད་ཅག་ཀྱང་དགའ་དགའི་ངང་ལ་ཁོ་མོ་ཚོ་དང་ལྷན་དུ་ཡུལ་རང་གི་རྩེད་འཇོའི་རྣམ་གྲངས་མང་པོར་རོལ་བས་རེ་ཞིག་ན་ངལ་ཡང་སོས་པ་ལྟ་བུ། སེམས་སྐྱིད་པ་བྱིས་པའི་དུས་ལ་ལོག་པ་ལྟ་བུའི་སྣང་བ་བྱུང་། ལ་ལར་ཕོ་མོའི་གསང་བའི་སེམས་ཚོར་རེ་ཡང་ཡོད་སྲིད་དོ།།

གཞན་ད་དུང་བཀང་འདུས་གྲོང་ཚོའི་གསང་སྔགས་དགོན། བོན་དགོན་གཡུང་དྲུང་དར་རྒྱས་གླིང་གཉིས་ལ་ཡང་ཉེ་བར་གཏུད། སྒོས་སུ་མ་བཅོས་རང་བྱོན་གྱི་རྦབ་ཆུ་ཞིག་བྲག་ངོས་གཟར་བོ་ནས་འབབ་པ་མཐོང་བས་དགའ་སྤྲོ་དང་བཅས་དེའི་གམ་དུ་རྒྱུགས་ནས་ལུས་ལ་བདེ་བ་སྦྱིན་པའི་བསིལ་བ་དང་རྣ་ལ་སྤྲོ་བ་སློང་བའི་ཤག་སྒྲ་ལ་ཉན་ནས་རིམ་བཞིན་ཆུ་ཆེན་རྫོང་གི་ཨན་ཉིང་(安宁)གྲོང་བརྡལ་ལ་བདེ་བར་བརྟོལ།  གྲོང་བརྡལ་འདིའི་འཛུགས་སྐྲུན་རོང་བྲག་གི་བོད་ཁྱིམ་དང་མི་འདྲ་བར་རྒྱ་ཁང་དུ་འདུག་པས་འདི་ནི་རྒྱ་སྡེ་ཞིག་རེད། ཟ་ཁང་ནས་དྲོས་ཇ་ལ་སྒུག་དུས་གྲོགས་རྡོ་རྗེ་ཕྱི་རོལ་དུ་འཁྱམས་ནས་ཡུན་རིང་འགོར་སོང་། ཁ་པར་བཏང་བ་ན་ཁོས་གནའ་ཤུལ་ཞིག་རྙེད་འདུག་སྟེ་དེ་ནི་གོང་མ་ཆེན་ལུང་གི་བཀའ་ཡི་རྡོ་རིང་ངོ་། ། 

རྒྱལ་རོང་ཡུལ་ནི་རང་བྱུང་གི་བཙན་རྫོང་ཞིག་ཡིན་ཞིང་ཡུལ་འདིའི་མི་རྣམས་ཀྱི་དཔའ་ངར་ཡང་ཕྱིའི་སྣོད་བཅུད་ཀྱིས་གནང་བ་འདྲ་བས་སུམ་གཉིས་ས་ཡི་གོ་ལ་དམག་གིས་ཁ་ལོ་བསྒྱུར་བའི་ཆེན་པོ་ཧོར་རྒྱལ་གྱི་རིང་ལ་ཡང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་བཙན་ལྷ་དང་ཆུ་ཆེན་གཉིས་མངའ་འོག་ཏུ་བསྡུ་མ་ཐུབ་པར་གྲགས། དེ་ཡང་མན་ཇུའི་གོང་མ་ཆེན་ལུང་(乾隆)གི་རིང་ལ་རྒྱལ་ཁག་འདི་གཉིས་བདག་གིར་བཞེས་པའི་སྦྱོར་བ་ལ་སྔ་ཕྱིར་འཁྲུག་ཆེན་གཉིས་བསླངས་པ་དང་། མི་ལོ་29ལྷག་གི་རིང་དམག་མི་ཁྲི་10ལྷག་དྲངས་པའི་མཐར་ཡུལ་གྲུ་འདི་དག་ཡོངས་སུ་བསྡུས་པར་བཤད།

སྤྱི་ལོ་1746ལོར་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་མག་པ་བཙན་ལྷའི་ཚེ་དབང་བདག་ཆེན་གཉིས་ཅུང་མ་མཐུན་པས། སྤྱི་ལོ་1747ལོར་ལྕགས་ལ་རྒྱལ་པོ་དང་དགེ་བཤེས་ཙ་རྒྱལ་པོ་གཉིས་དང་ཆུ་ཆེན་རབ་བརྟན་རྒྱལ་པོའི་བར་ལ་ས་རྩོད་བྱུང་ཚེ། ཟི་ཁྲོན་སྐོར་སྐྱོད་ཨམ་པཎ་གྱིས་དེ་ལ་ཁ་གཡར་ནས་དམག་ཆུ་ཆེན་སྟེང་དུ་ཕབ་ཀྱང་ཆུ་ཆེན་གྱིས་ཐལ་བའི་རྡུལ་དུ་བརླགས་པས་གོང་མ་ཆེན་ལུང་གིས་དམག་ཁྲི་3མངགས་པ་དང་། བཙན་ལྷ་རྒྱལ་པོས་ཀྱང་དཔུང་རོགས་བྱས་ཏེ་ཕྱོགས་གསུམ་ནས་ཆུ་ཆེན་བསྐོར་ནས་ལོ་ཕྱེད་ལ་ཆུ་ཆེན་ཆམ་ལ་ཕབ་འཆར་འཐེན་ནའང་། སྤྱི་ལོ་1748ལོའི་དཔྱིད་ཀར་མན་ཇུའི་དམག་དཔོན་ཀྲུང་ཞིན་དང་། མུན་ཁྲིན་ཞེས་པ་སོགས་དམག་མི་མང་པོ་གཡུལ་ནས་ཤི་བས་ཕམ་ཉེས་བྱུང་། སྤྱི་ལོ་1749ལོར་དམག་དཔོན་ཡོ་ཀྲུང་ཆི་ཡོང་ནས་བསླུ་ཐབས་ཀྱིས་རབ་བརྟན་དང་མཐུན་གཏམ་སྨྲས་པར་བརྟེན་མགོ་བསྒུར། དེ་ལ་ས་འབྲུག་(1748)ལོའི་འཁྲུག་ཆུང་ཟེར།

སྤྱི་ལོ་1766ལོར་གོང་མ་ཆེན་ལུང་གིས་ཟི་ཁྲོན་ཙུང་ཏི་ཨར་ཐེ་ལ་རྒྱལ་རོང་རྒྱལ་ཁག་དགུས་ཆུ་ཆེན་བསྐོར་ནས་གཏོར་དགོས་པའི་བཀའ་ཕབ་མོད། ཆུ་ཆེན་པ་རབ་བརྟན་རྒྱལ་པོས་འཕྲང་དོག་ས་དང་རི་བཙན་སར་དགྲ་རྫོང་འཛིང་རག་ཇེ་བརྟན་ཇེ་རྒྱས་སུ་བཏང་། ཟས་དང་མཚོན་ཆ་སྒྲིག་ཞོར་རྒྱལ་སྲིད་ཚ་བོ་མི་དབང་ནམ་མཁའ་ལ་སྤྲད། ཁྲོ་སྐྱབས་དང་གཉེན་བྱས། བཙན་ལྷ་དང་དཔུང་བསྒྲིགས།ཆུ་ཆེན་བསོད་ནམས་དབང་རྒྱལ་གྱིས་དགེ་བཤེས་ཙ་དང་། བཙན་ལྷ་བདག་ཆེན་སེང་གེ་བཟང་གིས་འོག་གཞི་དབང་དུ་བསྡུས་པས། འོག་གཞིའི་རྒྱལ་པོ་སྟག་ལྷ་བྲོས་བྱོལ་གྱིས་ཟི་ཁྲོན་ཅུང་ཏིས་ལ་དམག་རོགས་ཞུས་ཏེ་བཙན་ལྷ་བདག་ཆེན་སེང་གེ་བཟང་དང་འཐབ་ཚེ་རྒྱལ་ཕམ་མེད་པར་གནས་སྐབས། གོང་མས་དམག་མི་ཁྲི་2མངགས་དུས་ཆུ་ཆེན་བསོད་ནམས་རྒྱལ་པོས་བཙན་ལྷའི་དཔུང་རོགས་སུ་དམག་700ཕུད་ནས་མན་ཇུའི་དམག་དང་གཡུལ་ངོ་བཤམས། སྤྱི་ལོ་1774ལོར་མན་ཇུའི་དམག་ཁྲི་མང་པོས་བཙན་ལྷ།དམ་པ།དགེ་བཤེས་ཙ་ཕྱོགས་གསུམ་ནས་ཆུ་ཆེན་གྱི་གཡུང་དྲུང་ལྷ་སྟེང་དང་ཀྭ་ལེང་ཀ་ལ་གཡུལ་བཤམས་ཚེ།ཆུ་ཆེན་གྱི་མི་དབང་ནམ་མཁའ་དང་གྲགས་རྒྱལ་བསྟན་པ།བསོད་ནམས་དབང་རྒྱལ་གསུམ་གྱིས་མི་ལོ་20ཡི་རིང་ལ་རི་མཐོ་ལུང་ཟབ་ཀྱི་ས་སྒང་ལ་བཙན་རྫོང་མང་པོ་བརྩིགས་ཏེ་མི་བཅུ་ཡིས་སྟོང་འགོག་ནུས་པའི་གྲ་སྒྲིག་བྱས་སྟབས།དེར་རྒོལ་བ་ནི་བཙན་ལྷའི་བཅུ་སྐོར་གྱིས་དཀའ་བས།ཆར་ཞོད་དང་མཚན་མོའི་དུས་སུ་འཇབ་རྒོལ་བྱེད་པ་ལས་ཐབས་མེད་པར་འཕྲང་རེར་ཟླ་རེ་དང་རི་རེ་ལ་ལོ་རེ་བྱས་ནས་མི་ཤི་རྒྱུ་ཟད་ཀྱི་སྡུག་འཐབ་བྱེད་དགོས་པའི་དུས་སུ། འབྲུག་ཐར་ཞེས་པའི་བྱིས་པ་ཞིག་གི་ཕ་རྒན་དེ་བསོད་ནམས་དབང་རྒྱལ་གྱིས་བསད་པའི་རྐྱེན་བྱས་ཆུ་ཆེན་རྒྱལ་པོའི་གསང་ལམ་གྱི་ས་ཁྲ་ཞིག་མན་ཇུའི་དམག་དཔོན་ལ་ཕུལ་བས་ད་གཟོད་ཆུ་ཆེན་ཆམ་ལ་ཕམ་པའི་དཔུང་བཤར་ཏེ། སྤྱི་ལོ་1775ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་ནུབ་མོར་གཡུང་དྲུང་ལྷ་སྟེང་དགོན་གཏོར་ཞིང་། སྤྱི་ལོ་1776ལོར་ཟླ་བ་དང་པོར་ཆུ་ཆེན་བསོད་ནམས་དབང་རྒྱལ་གྱི་རྒྱལ་ས་གཏོར་ནས། རྒྱལ་པོ་བསོད་ནམས་དབང་རྒྱལ་དང་། གྲགས་རྒྱལ་བསྟན་པ། བློན་རྒན་བསྟན་པ་འོད་ཟེར། བླ་མ་བསྟན་འཛིན། ནམ་མཁའ་གཡུང་དྲུང་ཡེ་ཤེས་སོགས་སྐྱ་སེར་2000ལྷག་མགོ་བསྒུར་རོ།། དེ་ལ་ལྕགས་ཡོས་(1771)ལོའི་འཁྲུག་ཆེན་ཟེར་རོ།།

ལོ་རྒྱུས་སུ་མན་ཇུ་གོང་མ་ཆེན་ལུང་གི་སྐུ་རིང་ནི་སྟོབས་འབྱོར་མངའ་ཐང་དར་བའི་རྩེ་མོ་ལྟ་བུ་ཡིན་ཡང་། འདིའི་རིང་ལ་ཆུ་ཆེན་ཞེས་པའི་ཡུལ་གྲུ་ལག་མཐིལ་འདྲ་བ་ཞིག་འདུལ་ཆེད་མི་ལོ་29ཡི་རིང་ལ་དམག་ཁྲི་10(རྒྱ་ཡིག་གི་དཔྱད་རྩོམ་ཞིག་ཏུ་འཁྲུག་ཆེན་གཉིས་པ་གཅིག་པུ་ལ་དམག་མི་ཁྲི་12.55གཏོང་བར་བཤད།)དང་འགྲོ་སོང་དངུལ་སྲང་ཁྲི་9000ལྷག་བཏང་མཐར། དམག་ཁྲི་6ཙམ་ཤི་བ་དང་རྨས། དྲག་དཔོན་30ལྷག་ཤི་བས་གོང་མ་ཆེན་ལུང་གིས་ཀྱང་བདག་གི་རྒྱལ་སྲིད་ཀྱི་དམག་ལུས་སུ། འདི་འདྲའི་ཆག་ཉེས་ཤིག་བྱུང་མ་མྱོང་ཞེས་ཆུ་ཆེན་ཕམ་པའི་རྡོ་རིང་དུ་བཀོད་ཅིང་གཡུལ་འགྱེད་འདི་གཉིས་ནི་གོང་མ་འདིའི་དམག་ལས་ཀྱི་མཛད་པ་བཅུ་ལས་གཉིས་སུ་བགྲངས་པར་གྲགས།

ཨན་ཉིང་གྲོང་བརྡལ་ཏེ། བོད་སྐད་དུ་ཀ་ལ་ཡེ་ཟེར་ཞིང་རྡོ་རིང་གི་ཡི་གེ་ལ་གཞིགས་ན་ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐུ་རིང་ལ་བཀར་ངེས་ཞེས་འབོད་པར་སྙམ། གོང་མ་ཆེན་ལུང་གི་འོད་ལྡན་རྡོ་རིང་དེ་ནི་གྲོང་བརྡལ་འདིའི་མཐའ་རུ་རྒྱ་ནག་ལྕགས་རིས་བསྐོར་བའི་ལྡིང་ཁང་ཞིག་ཏུ་ལྷ་སའི་དབོན་ཞང་རྡོ་རིང་དང་སྐར་ཅུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གི་རྡོ་རིང་བཞིན་རྡོ་ཡི་རུས་སྦལ་གྱིས་བཏེགས་འདུག་ཅིང་། མདུན་ངོས་ལ་རྒྱ་ཡིག་དང་མན་ཇུའི་ཡི་གེ། རྒྱབ་ངོས་སུ་བོད་ཡིག་དང་སོག་ཡིག་བརྐོས་འདུག ། ཨ་ཁུ་གངས་དཀར་གྱིས་རྡོ་རིང་གི་བོད་ཡིག་ཀློག་པའི་ཚོར་བ་ལ་གྲོ་ཚང་རྡོ་རྗེ་འཆང་གི་རྡོ་རིང་བཞིན་ཚིག་སྦྱོར་བདེ་ཞིང་རྣ་བར་སྙན་པ། ཚིག་གི་གོ་རིམ་བབ་ཆགས་ཤིང་བརྗོད་དོན་ཐད་ཀར་བློ་ལ་ཟུག་འགྲོ་བ་ཞིག་མ་རེད་ཅེས་གསུངས་ལ། ཡང་ནས་བསྐྱར་དུ་མ་བཀླགས་ན་ཡི་གེ་འདིར་ཡང་སྙིང་ཅི་ཞིག་བརྗོད་ཀྱིན་ཡོད་དམ་སྙམ་པའི་ཚོར་བ་རབ་རིབ་ཅིག་སྤྲད་འོང་། ཕྲན་གྱིས་རྡོ་རིང་གི་བོད་ཡིག་ལ་པར་གསལ་བོ་ཞིག་བརྒྱབ་རྗེས་རང་མལ་དུ་ལོག་ནས་ཆ་ཚང་གཏགས་པ་རྩོམ་འདིའི་མཇུག་ཏུ་བཀོད་པ་དེའོ། ། ཆུ་ཆེན་རྒྱལ་པོ་ནི་ཡུལ་ལུང་ཆུང་ངུ་ཞིག་གི་ཡུལ་དཔོན་ཞིག་རེད། གོང་མ་ཆེན་ལུང་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་མངའ་བདག་རེད། དེ་གཉིས་ཀྱིས་གཡུལ་ས་ནས་གཤིབ་ན་བྲག་ལ་སྒོ་ང་བརྡབས་པ་བཞིན་ཡིན་ཡང་མི་ལོ་ཉེར་དགུའི་རིང་ལ་དཔའ་མ་ཞུམ་པའི་སྙིང་སྟོབས་དེས་རྒྱལ་རོང་དཔའ་བོའི་ལུང་པ་འདིའི་མཚན་སྙན་གླིང་ལ་བཞག་ཅིང་གོང་མ་ཆེན་པོའི་སྙིང་རླུང་ཡང་སྟོད་ལ་འཚང་ཡོད་པ་གོར་མ་ཆག ། དམར་པོ་ཁྲག་གིས་བྲིས་པའི་འདས་སོང་འདིས་ང་ལ་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་པའི་ལེགས་བཤད་དེ་ཡང་ཡང་དྲན་དུ་བཅུག ། 

ཆུ་ཆེན་རྒྱལ་པོས་ཕྱི་དགྲ་འགོག་དུས་སྡེ་བ་གཞུང་གི་རྒྱབ་སྐྱོར་མེད་ལ། སྲིད་སྐྱོང་དེ་མོས་མཛུབ་སྟོན་ཡང་མེད་ཀྱང་། ཇུན་གར་ཟེར་བའི་སོག་པོ་ཚོ་བ་ཞིག་དང་གོར་ཁ་ཞེས་པའི་བལ་པོ་ཚོ་བ་གཉིས་ཀྱིས་སྡེ་བ་གཞུང་ལ་འཇིགས་སྐུལ་དུས་སྔ་མ་ལ་ཆུ་ཆེན་དང་ཕྱི་མ་ལ་བཙན་ལྷ་ནས་དེ་དག་གི་གཉེན་པོ་ལ་དཔུང་རོགས་བསྐྱོད་མྱོང་བས། དེ་ལ་བསམས་ན་རྡོ་རིང་གི་ཡི་གེར་གསལ་བའི་“དམག་སྡེ་ཆེན་པོ་ངེས་པར་འོང་ཚེ། ངེད་ཅག་གི་ཅ་ལག་དྲལ། སྙིང་གི་གྲོགས་ཐམས་ཅད་མེ་ལ་བཏང་ནས་ཤི་ཆོག་”པའི་རྒྱལ་རོང་བའི་དམ་ཚིག་ནི་བསྔགས་འོས་བསྔགས་བསྟོད་ཀྱི་གཞི་གཅིག་ཅི་ལ་མིན་ཨང་། པེ་ཏུའུ་དྲ་བ་ལས་སྤྱི་ལོ་2014ལོར་ཆུ་ཆེན་རྫོང་ཡོངས་ལ་མི་གྲངས་ཁྲི7ཙམ་ལས་མེད་པར་བཤད་ཅིང་། གོང་མ་ཆེན་ལུང་གི་སྐབས་སུ་དེ་ལས་མང་མི་སྲིད་པས་ཡུལ་གྲུ་འདི་ཉིད་ཕབ་ཆེད་དམག་གྲངས་ཁྲི་ཕྲག་10ལྷག་བཏང་བ་ལས་ཀྱང་ཆུ་ཆེན་པའི་དཔའ་གདེང་དཔགས་ནུས་སོ། ། 

དེ་ནས་ངེད་ཅག་གཡུང་དྲུང་ལྷ་སྟེང་དགོན་པར་བསྐྱོད་ཅིང་། བོན་དགོན་འདི་ནི་སྤྱི་ལོ་108ལོར་ཕྱག་བཏབ་ཅེས་ངོ་སྤྲོད་ཡི་གེར་གསལ་བ་བདེན་མིན་ཆ་མ་འཚལ་མོད་གནའ་སྔ་མོར་བོན་གྱི་མཚན་ཉིད་དང་བོན་ཆོས་ཀྱི་བཀའ་བརྟེན་སོགས་ཀྱི་ཤིང་པར་ཡོད་པ་དང་། རྒྱལ་རོང་གི་བོན་ཐམས་ཅད་ཀྱི་ལྟེ་གནས་སུ་གྲགས་པས་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་གིས་“རྒྱལ་རོང་ཆུ་ཆེན་རབ་བརྟན་གྱི་ཡུལ་མཆོག་དེ་ནི། དེ་སྔོན་ཞང་ཞུང་བོན་གྱི་རིག་གནས་དར་ཡུལ་གྱི་ལྟེ་བ་ཡིན་པར་མ་ཟད། གནའ་ནས་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་ཐུབ་པའི་ཡུལ་ཞིག་ཀྱང་རེད།”ཅེས་གདེང་འཇོག་གནང་བ་ཡང་དངོས་ཡོད་གནས་ཚུལ་ཡིན་པ་འདྲ། འདི་ནས་ཐག་མི་རིང་བའི་ལུང་བ་ཞིག་ཏུ་བོན་གྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་པར་བཤད་པས་ཁོང་ཡང་དབུས་གཙང་ལ་མ་འགྲིམས་པའི་སྔ་རོལ་དུ་འདི་ནས་སློབ་གཉེར་གནང་ཡོད་སྲིད། སྤྱི་ལོ་1776ལོར་མན་ཇུ་དམག་གིས་ཆུ་ཆེན་མངའ་ཞབས་སུ་བསྡུས་རྗེས། གོང་མ་ཆེན་ལུང་གིས་དེང་ཕྱིན་ཆད་བོན་ལུགས་བྱེད་མི་ཆོག་པའི་བཀའ་ལུང་བསྒྲགས་ཤིང་། དགོན་འདི་ཡང་གཏོར་ནས་དགེ་ལུགས་སུ་བསྒྱུར་ནས་དགའ་ལྡན་གླིང་བྱ་བ་བཙུགས་ཞེས་《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་》དུ་གསལ་ཡང་དེང་སང་ཕྱིར་བོན་དགོན་དུ་བསྒྱུར་འདུག ། དགོན་པ་འདིའི་འདུ་ཁང་གི་མདུན་ཐད་དུ་ལྡིང་ཁང་རླུང་རྟས་གཅུད་པ་ཞིག་འདུག་པའི་རྨུ་ཐག་གི་བར་ནས་ནང་དུ་འཛུལ་ན་རྡོ་རིང་ཞིག་ཉལ་འདུག་ཅིང་། དཀོན་གཉེར་གྱིས་ངོ་སྤྲད་པ་བཞིན་རྡོ་རིང་གི་མདུན་རྒྱབ་གཉིས་སུ་བོན་དང་དགེ་ལུགས་ཀྱི་དུས་སྐབས་མི་འདྲ་བ་གཉིས་ལ་བརྐོས་པའི་ཡི་གེ་གོ་བཟློག་ནས་འདུག་ཅིང་། གལ་སྲིད་སྣེ་གཅིག་གང་རུང་ནས་ཡར་བརྩེངས་པ་ཡིན་ན་ངོས་གཅིག་གི་ཡི་གེ་མགོ་མཇུག་ལོག་པ་དེ་འདྲ་རེད། དེ་བས་རིག་པ་ཅན་སུ་ཞིག་གི་བློ་ཐབས་ཡིན་པ་མི་ཤེས་མོད། མར་བསྙལ་ནས་དྲང་ཐད་དུ་བཞག་སྟེ་གཉིས་ཀ་ཁྱད་མེད་དོ་མཉམ་བྱས་ནས་སྣང་། ཡི་གེ་ཀློག་དུས་གཡས་གཡོན་གང་རུང་ནས་འགྲེང་སྟེ་མགོ་བོ་གཡོམ་ནས་ལེབ་ཀྱིས་བལྟ་དགོས་པས་ཀློག་ཡུན་རིང་ན་སྐེ་ཚིགས་ལ་དཀའ་ལས་སྟེར་བ་དེ་འདྲ་རེད། ངེད་ཚོས“རྡོ་རིང་གཉིད་རྐྱལ”ཞེས་སོགས་ཚང་མས་གཅིག་ཁ་གཅིག་གིས་རྡོ་རིང་ལ་བཏགས་ས་མང་དུ་བྱས། ངོ་མ་ཁོའི་ཉལ་ལུགས་དེ་མཐོང་ན་དགོད་བྲོ་བ་ཞིག་ཀྱང་ངོ་།། དེ་ནས་ང་ཚོ་ཆུ་ཆེན་རྫོང་མཁར་བརྒྱུད་དེ་མཚན་མོའི་དུས་ཚོད་9ཙམ་ལ་འབར་ཁམས་ལ་འབྱོར། དགེ་རྒན་གུར་མགོན་གྱི་སློབ་མ་ལྔ་ཡིས་དྲངས་པའི་ནུབ་འཚལ་བཏུངས་རྗེས་ཕྱིར་མགྲོན་ཁང་དུ་ལོག་ཅིང་ངས་ནི་ཉིན་འདིར་འགྲིམས་པའི་ཡུལ་མིང་རྣམས་མི་བརྗེད་ཕྱིར་སྐད་འཕྲིན་དུ་པར་དང་བཅས་ཏེ་མིང་ཐོ་རྣམས་སྤེལ་ཞིང་། ཨ་ཁུ་གངས་དཀར་གྱིས་《ལྗིད་ཏིག་གེར་འབབ་པའི་རྒྱལ་མོ་རྔུལ་ཆུ་》ཞེས་པའི་སྙན་ངག་སྙན་མོ་ཞིག་ཀྱང་བྲིས་སོ། ། 

“རྒྱལ་མོ་རྔུལ་ཆུས།

ལྕགས་ཟམ་འཁུར་ཏེ།

དར་རྩེ་མདོ་འཁུར་ཏེ།

རོང་བྲག་འཁུར་ཏེ།

ཆན་ལུང་གི་རྡོ་རིང་འཁུར་ཏེ།

གཡུང་དྲུང་ལྷ་སྟེང་འཁུར་ཏེ།

ང་འཁུར་ཏེ།

ལྗིད་ཏིག་གེར།

མར་མར་བཞུར།” 

ཚེས་29ཉིན་གྱི་འགྲོ་སོང་། 

འགྲོ། 700RMB

འདུག། 220RMB

སྤྱོད། 140RMB

           ལྔ་པ། འབར་ཁམས་ནས་ཤོར་བའི་འཁྲེང་སེམས།

          “ལྕགས་རི་ནག་པོའི་ཕོ་སུལ། །

          ཕྱི་དགྲ་གཅོད་པའི་རྟེན་མཁར། །

          བཏབ་པའི་ཕོ་བྲང་བཅོ་བརྒྱད། །

          མ་བཏབ་རོང་མཐིལ་བཅུ་དགུ །

          བགྲོད་ན་སྙིམ་པའི་ཡོལ་གོ །

          བསམ་ན་མིག་གི་མཚོན་ཆ། །”

འབར་ཁམས་ལ་ཐོན་རྗེས་ད་གཟོད་ངེད་ཅག་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལམ་བར་ནས་བསྐྱུར་བ་ཤེས། ཉིན་དེར་ས་རྒྱུས་མེད་པའི་གྱོང་ཡང་འཕྲོ་རིམ་འཕྲོར་གྱིས་འཁུར་དགོས་བྱུང་། ཐོག་མར་ངེད་ཅག་ཆུ་ཆེན་རྫོང་གི་ཕྱོགས་སུ་སྤྱི་ལེ་70ལྷག་མཆིས་པའི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་མཇལ་བར་ཆས་པ་ཡིན། ལྷ་ཁང་དེ་ནི་རི་སྐེད་ལ་ཆགས་འདུག་ཅིང་མདུན་གྱི་ས་བཀྲ་ཤིན་ཏུ་ལེགས་པས་གླང་ཆེན་ཞིག་གི་སྣ་ཞགས་གཙང་བོའི་ནང་བརྐྱངས་ཡོད་པ་འདྲ་བའི་སྣང་བ་སྟེར་འོང་། འདི་གར་ལྷ་ཁང་གསུམ་མཆིས་པ་དབུས་སུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་ལྷ་ཁང་དང་། གཡས་སུ་འཇམ་དབྱངས་ལྷ་ཁང་། གཡོན་དུ་ལྷ་ཁང་ཉིས་ཐོག་ཅན་ཞིག་བཞེངས་འདུག་སྟེ། སྟེང་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང་། འོག་ཁང་དུ་གུ་རུ་མཚན་བརྒྱད་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་སྐུ་བརྙན་དང་། ལྡེབས་རིས་ལ་ཆེ་མཆོག་འདུས་པ་རྩལ་དང་རྡོ་རྗེ་ཕུར་བུ་སོགས་བཞེངས་འདུག ། བརླན་བཤེར་ཆེ་བས་སམ་ལྡེབས་རིས་ཀྱི་ཚོན་རྣམས་འཇིགས་བཞིན་འདུག ། 

ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྐུ་བརྙན་ལྷ་སའི་ཇོ་བོ་བཞིན་ཁང་བཟང་བྱོན་ལེགས་ཤིག་ཏུ་བཞུགས་སུ་གསོལ་ཞིང་། རྒྱབ་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་གཡས་གཡོན་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར། གཞན་ཕྱོགས་གསུམ་གྱི་ཀུན་དགའ་ར་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་མཐོ་གང་ཅན་གྱི་སྟོང་སྐུ་བཞེངས་འདུག ། བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་མཛེས་རྩལ་ཕྱོགས་ལ་སློབ་གཉེར་བྱེད་བཞིན་པའི་རྡོ་རྗེ་རིན་ཆེན་གྱིས་ཐུགས་རྗེ་ཆེན་པོའི་ན་བཟའ་སོགས་ལ་བརྟག་ནས་སྐུ་རྟེན་གསར་པ་ཡིན་པར་བཤད་ཅིང་། ཨ་ཁུ་གངས་དཀར་གྱིས་ཡུལ་འདིའི་བཀོད་པ་བརྙན་ལམ་ནས་སྐད་འཕྲིན་དུ་སྤེལ་བ་ན་ཁོང་གི་དྲ་གྲོགས་ཤིག་ནི་ཏག་ཏག་ཐུགས་ཆེན་གྱི་ལྡེར་སྐུའི་བཟོ་བོ་ཡིན་པས་འབག་བཟོ་ཁོང་ལ་བརྟེན་ནས་དེ་དང་འབྲེལ་བའི་གནས་ཚུལ་འགའ་ཤེས་པས་ཁོང་གིས་སྐད་འཕྲིན་དུ་བཟོ་བོའི་པར་དང་བཅས་པའི་ཟིན་ཐོ་ཞིག་ཀྱང་སྤེལ་བ་སྟེ། 

  “ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། ། སྔོན་མའི་སྐུ་དེ་རིག་གསར་སྐབས་རྨང་ནས་བརླགས་སྐད། རྗེས་སུ་བརླགས་པའི་ས་རྒྱུ་རྣམས་བསགས་ནས་བླ་རྒན་ཞིག་གིས་སྐུ་བརྙན་རྩེ་ཁྲུ་གང་བཞེངས་འདུག་ལ། དེ་ད་ལྟའི་སྐུ་བརྙན་གསར་བཞེངས་སྐབས་གཟུངས་གཞུག་ལ་ཕུལ་ཞིང་། བཟོ་བོ་ནི་རེབ་གོང་སེང་གཤོང་གི་ལུང་རིགས་དགེ་སློབ་དང་། སྦྱིན་བདག་ནི་དཔལ་ཡུལ་གྱི་སྤྲུལ་སྐུ་ཀར་དབང་ཉི་མ། སྐུ་རྒྱུ་ལ་གསེར་དངུལ་གཡུ་བྱུར་སོགས་རིན་ཆེན་མང་པོ་བཏུལ་ནས་བཞེངས་ཞེས་བཟོ་བོ་རང་གིས་སྐད་འཕྲིན་ནས་ང་ལ་བཤད་དོ། །”

དེ་རྣམས་ལ་ཉེ་བར་མཇལ་རྗེས་ཕྱིར་འབར་ཁམས་ལ་ལོག་པའི་ལམ་ལ་ཆས། ཆུ་ཆེན་རྫོང་ནས་འབར་ཁམས་བར་སྤྱི་ལེ་93འདུག་ལ། འབར་ཁམས་ནས་ཁྲོ་སྐྱབས་ཐུགས་ཆེན་བར་སྤྱི་ལེ་70ལྷག་འདུག་པས་ང་ཚོ་ཕྱིར་ཆུ་ཆེན་རྫོང་ལ་ལོག་པ་དང་འདྲ། ཁྲོ་སྐྱབས་ཐུགས་ཆེན་གྱི་རི་འདབས་སུ་གྲོང་བརྡལ་ཞིག་ཆགས་འདུག་ལ་དེར་མགྲོན་ཁང་ཡང་མང་པོ་ཡོད་པས་མདང་ནུབ་ང་ཚོ་ཐད་ཀར་དེར་ཐོན་ཡོད་ན་ཅི་མ་རུང་སྙམ། འབར་ཁམས་གྲོང་ཁྱེར་གྱི་བྱང་ངོས་སུ་རྗེ་ཙོང་ཁ་པའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ད་ཚང་དགོན་ཡང་མཆིས་མོད་ཐུགས་ཆེན་གཅིག་པུ་ལ་སྔ་དྲོའི་དུས་ཚོད་ཡོངས་སུ་བརླགས་པས། ད་ནི་དེ་ལ་མཇལ་ལོང་མེད་པས་དྲོས་ཇ་བཏུངས་རྗེས་གྲོང་ཁྱེར་འདི་གའི་བཤམས་སྟོན་ཁང་ལ་ལྟ་སྐོར་ཞིག་བྱས་ནས། ལོ་ཙཱ་བ་བཻ་རོ་ཙ་ནའི་སྒྲུབ་ཕུག་གི་ཕྱོགས་སུ་ཆས། གྲོང་ཁྱེར་གྱི་ཐག་མི་རིང་སར་རྫི་འགག་རྒྱལ་པོའི་རྡོ་མཁར་རྔམ་བརྗིད་ལྡན་པ་ཞིག་ཡོད་ཅེས་དགེ་རྒན་གྱིས་ཉིན་འགའི་སྔོན་ནས་ངེད་གསུམ་ལ་བཤད་མོད། ལམ་བར་དུ་དགེ་རྒན་གཉིད་ལ་ཤོར་བས་དེ་ཉིད་བསྐྱུར། བཻ་རོ་ཙ་ནའི་སྒྲུབ་ཕུག་གི་ལམ་འགྲམ་དུ་ཐོན་ཡང་རི་རྩེའི་སྒྲུབ་ཕུག་བར་སྤྱི་ལེ་བཅུ་ཙམ་བགྲོད་དགོས་པར་བཤད་པ་ན་རླངས་འཁོར་ཁ་ལོ་པ་མ་འཐད་པས་དེ་ཡང་བསྐྱུར་དགོས་བྱུང་སོང་། དེ་ནས་ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་དུ་འཛུལ་བ་ཡིན།

འདི་གའི་སྤ་སེ་སོགས་སུ་ཅོག་ཙེ་དང་མཆོག་རྩེ་གཉིས་རེས་མོས་སུ་བྲིས་འདུག ། དེ་ལ་ད་དུང་ལྕོག་རྩེ་ཞེས་ཀྱང་འབྲི་བ་ཡིག་ཚང་ལས་མཇལ་མྱོང་། གོང་གི་འབྲི་སྟངས་གསུམ་ལས་ཅོག་ཙེ་དང་ལྕོག་རྩེ་གཉིས་ནི་སྔ་བ་དང་མཆོག་རྩེ་ནི་ཕྱིས་ཕྱིས་ཀྱི་འབྲི་ལུགས་ཤིག་སྟེ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“འགའ་ཞིག་གིས་མཁས་ཉམས་སུ་བསྒོམས་ཏེ། མན་ལུང་ལ་སྨོན་ལུང་དང་། གཡའ་མ་ལུང་ལ་ཡིད་སྨོན་ལུང་སོགས་བཅོས་”ཞེས་གསུངས་པ་ལྟར་ར་ས་ལ་ལྷ་ས་དང་། མ་པང་མཚོ་ལ་མ་ཕམ་གཡུ་མཚོ། སྟག་བུ་སྙ་གཟིགས་ལ་སྟག་རི་གཉན་གཟིགས། རེབ་ཀོང་ལ་རེ་སྐོང་བཞིན་ཕྱིས་ཀྱི་མཁས་པ་དང་སྙན་ངག་པ་རྣམས་ཀྱིས་ཅོག་ཙེ་དེ་མཆོག་རྩེ་ཞེས་ལེགས་པར་བསྒྱུར་བ་དེ་འདྲ་ཞིག་རེད་སྙམ། ཅོག་ལ་ལྕོག་ཏུ་བྲིས་པ་ནི་གདམ་ང་སྟེ། ཀ་ལྕོག་ཞང་གསུམ་དང་སྐ་ཅོག་ཞང་གསུམ། རྨོག་ལྕོག་པ་དང་རྨོག་ཅོག་པ་གཉིས་རེས་མོས་ཀྱིས་བྲིས་པ་ལྟ་བུའོ། ། 

ངེད་རྣམས་རྡོ་རྐས་སོ་མ་གྱ་གྱུ་ཅན་ཞིག་དེད་དེ་ཅོག་ཙེ་རྒྱལ་ཁང་གི་སྒོར་སླེབས་པ་ན། སྒོ་སྲུང་སྐྱེས་ཕོ་གཉིས་ཀྱིས་ནང་དུ་འགྲོར་མ་བཏང་། སྤ་སེ་གཅིག་ལ་སྒོར་དྲུག་ཅུ་ཡིན་སུ་ལ་ཡང་གུ་ཡངས་མེད་ཅེས་ནན་མོས་བཤད་གིན་འདུག ། སྐབས་དེར་ངེད་ཅག་ཁ་རྩོད་འདྲ་ཞིག་ཤོར། རྒན་གུར་མགོན་གྱིས“ང་ཅོག་ཙེ་རྒྱལ་པོའི་རྒྱལ་སྲས་ཡིན། ཁྱོད་ཅག་མདུན་བསུར་མི་ཡོང་རུང་སྒོར་བཀག་སྟེ་ནང་ལ་འགྲོར་མི་སྟེར་བའི་ཉེས་པ་ཅི་བྱ་”ཞེས་ངོ་གནག་ནས་བཤད་པར། རྒྱ་མོ་དེས“ཅོག་ཙེ་རྒྱལ་པོའི་རྒྱལ་རྒྱུད་ཆད་སོང་། ཡོད་པ་མ་རེད་”ཅེས་ལབ་པར། རྒན་ལགས་ཀྱིས“སུས་ཆད་དུ་བཅུག་པ་རེད། དེ་འདྲའི་བཀྲ་མི་ཤིས་པའི་ཚིག་མ་ལབ་”ཟེར་ནས་དངོས་གནས་ཁྲོས་སམ་སྙམ་པ་ལྟ་བུའི་ཚུགས་ཀ་བསྟན་བྱུང་། དེ་ལྟར་ངེད་ཅག་འུར་འུར་གྱིས་ཕར་ལབ་ཚུར་ལབ་ཀྱི་སྒང་ལ་སྤ་སེའི་རིན་ཕྱེད་བཅག་སྟེ་ནང་དུ་བཏང་སོང་།

རྒྱལ་ཁང་འདིའི་པར་རྙིང་ལ་གཞིགས་ན་འདི་ནི་གསར་དུ་བསྐྲུན་པ་ཤ་སྟག་རེད་ཅེས་སྨྲ་ཆོག་པ་ཞིག་རེད། རྩེག་རིམ་བཞི་འདུག་ཅིང་། ནང་གི་ཁང་མིག་རེ་རེར་དམངས་སྲོལ་གྱི་རིག་དངོས་བཤམས་འདུག་ཀྱང་བོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད་ཅེས་སྨྲ་མི་ཕོད་པས། ཕྱི་སྟོབས་ནང་སྟོང་ཞེས་པའི་ཡིག་འབྲུ་བཞི་ཡིས་འདི་ཡི་ཕྱི་ནང་གསང་གསུམ་ཡོངས་སུ་མཚོན་ཐུབ་ཡོད་པར་སྙམ། ངེད་ཅག་ལ་འདི་ནས་ཡོང་སྒོ་ཆེན་པོ་ཞིག་ཡོད་པ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ས་ཁྲ་ཞིག་འདུག་པ་དེ་རེད། ཅོག་ཙེ་རྒྱལ་པོ་མཐའ་མའི་མཚན་ལ་བསོད་ནམས་ཚེ་རིང་ཞུ་བ་དང་། སྤྱི་ལོ་1967ལོར་ནད་ཀྱིས་གཤེགས་པ་སོགས་ཀྱང་དྲན་རྟེན་ཁང་གི་ངོ་སྤྲོད་བྱང་བུར་གསལ་བས་རིག་གསར་གྱི་རླུང་འཚུབ་ཆེན་པོས་ཁོང་ལ་ཡང་ཤོག་ཞྭ་དཀར་པོ་གྱོན་དུ་བཅུག་ནས་འཐབ་རྩོད་དཔྱིས་ཕྱིན་པ་ཞིག་བྱས་ཡོད་སྙམ། ཡ་མཚན་པ་ཞིག་ལ་ཁོང་གི་གཉེར་བ་ནི་རབ་བྱུང་བ་ཞིག་རེད། དེ་བས་ང་ཚོས་འདི་ནས་རྩེད་མོ་ཆུང་ཆུང་ཞིག་རྩེད་པ་ནི་དགེ་རྒན་ཅོག་ཙེ་རྒྱལ་པོ་དང་ཨ་ཁུ་གཉེར་བ། གྲོགས་རྡོ་རྗེ་སྐུ་སྲས་ཀྱི་ཚུལ་དུ་འདི་ག་ནས་པར་ཞིག་བརྒྱབ་པ་ཡིན། 

རླངས་འཁོར་ནང་ཁོ་བོས་སྟོང་བསམ་མང་པོ་བཅངས་ཏེ། གལ་ཏེ་མདང་ནུབ་ཁྲོ་སྐྱབས་ཐུགས་ཆེན་བསྐྱུར་མེད་ན་ང་ཚོ་ལ་དུས་ཚོད་འདང་ངེས་ཤིག་ཡོད་པས། ད་ཚང་དགོན་ལ་མཇལ་མེད་ཀྱང་ལོ་ཆེན་བཻ་རོ་ཙ་ནའི་སྒྲུབ་ཕུག་ནས་བྱིན་རླབས་ཞུས་ཡོད་ངེས། གལ་ཏེ་ལམ་བར་ནས་དགེ་རྒན་གཉིད་མེད་ན་ང་ཚོ་རྫི་འགག་གི་རྔམ་བརྗིད་ལྡན་པའི་རྡོ་མཁར་གྱི་ཉེ་སར་ཡང་ཆས་ཡོད་སྲིད། དེ་བཞིན་རྒྱལ་མོ་དམུ་རྡོ་གང་དུ་ཡོད་མིན་དྲིས་ཡོད་ཚེ་རོང་བྲག་ནས་དེ་ཉིད་ཀྱང་བསྐྱུར་མི་སྲིད་སྙམ་ནས་འབྲོག་ལམ་རིང་མོ་ཞིག་བརྒྱུད་ནས་བཙན་ལྷ་ལ་ཕྱོགས་སོ། ། 

ཚེས་30ཉིན་གྱི་འགྲོ་སོང་།

འགྲོ། 700RMB

འདུག། 390RMB

སྤྱོད། 496RMB

              དྲུག་པ།  སྐུ་བླ་དཀར་པོ་ལ་གྱེས་ཕྱག་ཕུལ་བ། 

སྤྱི་ཟླ་4པའི་ཚེས་30ཉིན་གྱི་ཕྱི་དྲོར་རླངས་འཁོར་ཁ་ལོ་བས་“ཁྱེད་ཚོ་ཅིའི་ཕྱིར་བཙན་ལྷ་ལ་འགྲོ་དགོས་སམ་”ཞེས་དྲིས་པ་ནི་“དེ་ལས་དོ་ནུབ་འབར་ཁམས་སུ་བསྡད་ནས་ཐད་ཀར་ཁྲིན་ཏུའུ་ལ་ལོག་ན་མི་ལེགས་སམ”་ཞེས་གྲོས་མགོ་བཏོན་པ་དང་འདྲ་བས། “བཙན་ལྷ་ནི་བོད་ཀྱི་ལོ་རྒྱུས་སུ་གྲགས་སྐད་ཡོད་པའི་ས་ཆ་ཞིག་ཡིན་པ་དང་། ང་ཚོ་དེར་འགྲོ་བ་ནི་ཡུལ་གྲུ་དེའི་ས་རྒྱུས་གནས་བབས་ལ་རྒྱུས་ལོན་བྱེད་ཆེད་ཡིན་”ཞེས་དགེ་རྒན་གྱིས་གླེང་། ཕྱི་དྲོའི་དུས་ཚོད་5ཙམ་ནས་སྤྱི་ལེ་145ལྷག་བསྐྱོད་མཐར་ནུབ་མོའི་དུས་ཚོད་8དང་ཕྱེད་ཀར་བཙན་ལྷ་རྫོང་དུ་འབྱོར།

ཕྱི་ཉིན་ནངས་མོར་ང་ཚོར་གྲོང་ཁྱེར་ཁྲིན་ཏུའུ་ལ་ལོག་པའི་ལམ་ལ་ཞུགས་པ་ཡིན།  《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་》ལས་རྒྱལ་རོང་གི་“ཡུལ་ཕྱོགས་རོང་ཤིན་ཏུ་དོག་ཅིང་རྩུབ་པ། ཆུ་བོ་རབ་མེད་ཀྱིས་འཁྱུད་པས་བགྲོད་ཤིན་ཏུ་དཀའ་བ་”ཞེས་གསུངས་པ་གནའ་བོའི་དུས་ཀྱི་དངོས་ཡོད་མཐོང་ཆོས་ཤིག་ཡིན་སྙམ་སྟེ། ང་ཚོ་ཉིན་བཞིའི་རིང་འགྲིམས་པའི་ལྕགས་ཟམ་ཁ་དང་། དར་རྩེ་མདོ། རོང་བྲག ། ཆུ་ཆེན། འབར་ཁམས། བཙན་ལྷ་བཅས་ལ་མཚོན་ནའང་ལུང་པ་དོག་མོར་ཆགས་འདུག་ཅིང་། དེ་དག་བར་ལ་བགྲོད་པའི་ལམ་ཡང་དོག་ཅིང་ཀྱག་ཀྱོག་མང་བ་དེ་འདྲ་ཞིག་རེད།  བཙན་ལྷར་འབྱོར་བའི་ནུབ་མོར་གྲོགས་རྡོ་རྗེའི་བསམ་སོ་ན་བས་གཉིད་སྐྱིད་པོ་ཞིག་མ་ཁུགས་པ་དང་། བཙན་ལྷ་དང་གྱེས་ནས་ཡུན་ཙམ་བསྐྱོད་མཐར་དྲག་སྐྱེད་ཅུང་བྱུང་བས་ཀུ་རེ་འདྲེས་མས་བཙན་ལྷ་ས་བཙན་པོ་ཞིག་ཡིན་ས་རེད་ཅེས་བརྗོད་པ་ན། དགེ་རྒན་གྱིས་ཀྱང་མདང་ནུབ་ངའི་རྨི་ལམ་ཡང་འཁྲུགས་པས་གནས་འདིའི་གཞི་བདག་བཙན་མོ་ཞིག་ཡིན་སྲིད་སོགས་ཀྱང་བརྗོད་པས་ང་ཚོ་རླངས་འཁོར་ནང་ཧབ་ཆ་དིར་རེ་བརྒྱབ། དེ་ནས་ཡུལ་གྲུ་འདི་གའི་འདས་སོང་དང་། མཛེས་པ་མཐའ་དག་སེམས་ཀྱིས་སྒོམ་བཞིན་བོད་ཤར་ཕྱོགས་ཀྱི་བཙན་རྫོང་དུ་གྲགས་པ་ཡང་དོན་མེད་དུ་འུར་བ་ཞིག་མིན་པ་ག་ལེར་རྟོགས་ཤིང་། སྔོན་དགེ་རྒན་གུར་མགོན་སྐྱབས་ཀྱི་འཆད་ཁྲིད་ཅིག་ཏུ་གུ་གེ་རྒྱལ་རབས་ཀྱིས་བོད་ནུབ་ཕྱོགས་ལ་མངའ་དབང་མཛད་དེ་ཏུ་རུ་ཀ་སོགས་བཀག་ནས་མངའ་རིས་སོགས་ཁ་ཆེ་བར་མ་བསྒྱུར་བ་ནི་གུ་གེ་བ་རྣམས་ཀྱི་མཛད་རྗེས་ཆེ་ཤོས་ཡིན་པར་གསུངས་པ་བཞིན། རྒྱལ་རོང་བ་ཚོས་ཀྱང་བོད་ཤར་ཕྱོགས་ཀྱི་སོ་སྲུང་བས་ཡུལ་གྲུ་འདི་གའི་བཅུད་མ་ཉམས་པར་གནས་པ་ཡང་ཁོང་ཅག་གི་སྐུ་དྲིན་ཅི་ལ་མིན། ཕ་ཡུལ་དུ་ལོ་སར་དང་གླུ་རོལ་སོགས་དུས་ཆེན་ཁྱད་པར་ཅན་མ་གཏོགས་བོད་ལྭ་གྱོན་སྲོལ་ཇེ་ཉུང་དུ་འགྲོ་བ་དང་བསྡུར་ན། རྒྱལ་རོང་བུ་མོ་ཚོས་ཕྱི་ནང་གི་ལས་ཀའི་སྐབས་སུའང་སྲོལ་རྒྱུན་གྱི་ལྭ་བ་གྱོན་པ་སོགས་ཀྱིས་ཀྱང་ང་ལ་སེམས་ཚོར་གཞན་ཞིག་སྤྲད་སོང་།

ལམ་བར་ནས་རྒྱ་སྐད་དུ་四姑娘山ཟེར་ཞིང་དེ་འབྲེལ་གྱི་ལྷ་སྒྲུང་བསྒྲིགས་ནས་ཡུལ་སྐོར་བ་འགུག་པའི་རི་བོ་སྐུ་བླ་ལ་གྱེས་ཕྱག་ཕུལ་ཞོར། སྙན་ངག་པ་དགའ་བདེ་ཚེ་རིང་གིས་ཚིག་བརྩམས་ཤིང་རྒྱལ་རོང་གླུ་མ་བསྟན་པ་དབང་མོ་ལགས་ཀྱིས་བླངས་པའི་གླུ་དབྱངས་དེ་ཡང་ཉན་ལམ་དུ་འཁོར་བྱུང་།

“ཕྱི་ཡི་ལྕགས་རི་བརྟོལ་མེད། ། 

ནང་གི་ནོར་བུ་རྙིང་མེད། །

མེས་པོའི་རྫོང་ཁག་བཅོ་བརྒྱད། །

སེམས་ཀྱི་རྟིང་ལ་བཞེངས་ཡོད། ། 

གསེར་གྱི་བུམ་པའི་ནང་ལ། །

ནས་ཆང་སྔོན་མོ་འཁྱིལ་ཡོད། །

ཆང་འདི་ལས་ཀྱི་གསོལ་ཆང་། །

གཞས་འདི་སེམས་ཀྱི་གཞས་ཆུང་། །

ཨོ། རྒྱལ་མོ་ཚ་པ་རོང་པ། །

སྨུག་པོ་བོད་པའི་རྒྱུད་རེད། །”

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྔོན་བཙན་པོའི་སྐབས་ཐང་གུར་གྱི་སེང་གེ་བཙན་པོ་ཐང་ཐེ་ཙུང་གིས་ལེ་བོ་ཡུལ་ལ་རུ་སྣ་དྲངས་ནས་ཕས་རྒོལ་བ་རྣམས་ཆམ་ལ་ཕབ་རྗེས། རྒྱལ་པོ་ཁྲི་སྲོང་བཙན་གྱིས་མགར་སྟོང་བཙན་མངགས་ནས་རིན་ཆེན་གསེར་ལས་གྲུབ་པའི་ངང་བ་མཐོ་ཚད་ལ་ཁྲུ་བདུན་ཡོད་པ་ཞིག་ཕུལ་སྐད། ཕྱིར་རང་མལ་དུ་ལོག་པའི་ནུབ་མོར་ཕྲན་གྱིས་ངེད་ཅག་རྒྱལ་རོང་འགྲིམས་པའི་ལམ་ཐིག་ཅིག་ས་ཁྲའི་ངོས་སུ་བྲིས་པ་ན་ངང་བའི་རི་མོ་ཞིག་མ་བཅོས་རང་བྱོན་དུ་སྣང་བས་དེ་ཡང་ང་ཚོ་ལམ་འགྲོ་བ་རྣམས་མི་མཐུན་འགལ་རྐྱེན་ཀུན་ལས་རྒྱལ་བའི་རྟགས་ཤིག་ཡིན་སྲིད་དམ་ཞེས་ཀྱང་ཞུས་ནས་གནས་སྐོར་ཟིན་ཐོ་འདི་ལ་རྫོགས་ཚིག་བྲིས་ཤིང་། མཐར་ད་ལན་གྱི་ལམ་གྲོགས་གསུམ་ལ་བཀའ་དྲིན་ཞུས་པ་དང་ལྷན་དེའི་དྲིན་ལན་ལ་བརྩམས་ཆོས་གསར་པ་འདི་སྐྱེས་སུ་ཕུལ་བའོ། །   ། །

སྤྱི་ཟླ་5པའི་ཚེས་1ཉིན་གྱི་འགྲོ་སོང་།

འགྲོ། 700RMB

འདུག། 0RMB

སྤྱོད། 36RMB

སྤྱི་ཟླ་4པའི་ཚེས་27ནས་སྤྱི་ཟླ་5པའི་ཚེས་1ཉིན་བར་ཟ་མ་དང་མགྲོན་ཁང་། ལྷ་ཁང་རྣམས་ལ་ཕུལ་བའི་མཇལ་དར། ལྗོངས་རྒྱུའི་པ་སེ་སོགས་ལ་སྒོར་2334དང་། རླངས་འཁོར་གྱི་གླ་ལ་3320ཤོར་འདུག ། དར་རྩེ་མདོ་ནས་བཟུང་རླངས་འཁོར་ཆུང་པ་ཞིག་གླས་པས་ཁ་ལོ་པའི་ཟས་མལ་གྱི་འགྲོ་སོང་ཡང་ང་ཚོའི་གཞུང་རྒྱུ་ནས་སྤྲད་པས་ཉིན་ལྔའི་རིང་གི་འགྲུལ་བཞུད་ལ་དམངས་སྒོར་5654བཏང་འདུག་གོ ། 

                         སྤྱི་ལོ་2019ལོའི་སྤྱི་ཟླ་5པའི་ཚེས་2ནས་4བར་བྲིས།

གསལ་བཤད། 

  1. རྩོམ་འདིའི་བར་བཅུག་གི་སྙན་ངག་སྟེ། འགྲུལ་བཞུད་སྐབས་དགེ་རྒན་གུར་མགོན་སྐྱབས་ཀྱིས་བརྩམས་པའི་ཚིགས་བཅད་སྙན་ངག་དང་། ཨ་ཁུ་གངས་དཀར་གྱི་རང་མོས་སྙན་ངག ། གཞན་ཁྲོ་སྐྱབས་ཐུགས་ཆེན་དང་གྲོགས་རྡོ་རྗེ་རིན་ཆེན་གྱི་རེག་ཟིག་རྣམས་འདི་གར་འགོད་ཆོག་པའི་གནང་བ་ཐོབ་ཡོད།
  2. རྒྱལ་རོང་སྐད་ཀྱི་རྒྱལ་སྤྱིའི་སྒྲ་རྟགས་ནི་ནུབ་བྱང་མི་རིགས་སློབ་ཆེན་དུ་སྐད་བརྡ་རིག་པར་སློབ་གཉེར་བྱེད་པའི་ཞིབ་འཇུག་སློབ་མ་སྙིང་མོ་ཚེ་རིང་གིས་གྲོགས་དན་གནང་ནས་བྲིས་པ་ཡིན་པས་འདིར་ཆེད་དུ་མོ་ལ་བཀའ་དྲིན་ཞུས་པ་ཡིན།
  3. ཆུ་ཆེན་ཕབ་པའི་ལོ་རྒྱུས་རྣམས་རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་བརྩམས་པའི་《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་》དུ་གསལ་བའི་ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐོར་ཏེ་ཤོག་གྲངས་53ནས་57བར་གསལ་བ་ལས་བཤུས་ཤིང་། དེར་ལོ་ཚིགས་རྣམས་རབ་བྱུང་ལྟར་འཁོད་པ་འདིར་《བསྟན་རྩིས་ཀུན་བཏུས་》ལ་གཞིགས་ནས་སྤྱི་ལོ་ལྟར་བྲིས་པ་དང་། རྩོམ་པ་པོས་དེབ་ཏུ་རབ་བྱུང་བཅུ་གཉིས་པ་དང་བཅུ་གསུམ་པ་ལ་རབ་བྱུང་གཉིས་པ་དང་གསུམ་པ་ཞེས་བྲིས་ནོར་བྱུང་བ་སོགས་ལ་ཐད་ཀར་བཅོས་ཡོད། གཞན་ཡང་རྒྱ་ཡིག་གི་དཔྱད་རྩོམ་འགའ་དང་བསྡུར་ན་མི་མཐུན་ས་ཡོད་ཀྱང་དེ་དག་ལ་བསྡུར་ནས་དཔྱད་ལོང་མ་བྱུང་བས་འདིར་ནོར་བ་མཆིས་ན་དགོངས་འགལ་མེད་པར་ཞུ།
  4. གཤམ་གསལ་བོད་རྒྱ་ཤན་སྦྱར་གྱི་ས་མིང་གི་རེའུ་མིག་ནི་གནས་སྐོར་བ་ཚོ་ལ་ཕན་པར་སྙམ་ནས་བཀོད་པ་སྟེ། ཁ་པར་གྱི་ས་ཁྲར་རྒྱ་ཡིག་གཏགས་ནས་འཚོལ་ཆོག་ཅིང་། རོང་བྲག་གི་རྦབ་ཆུ་ཡོད་སའི་བོད་མིང་ལ་ཅི་ཟེར་མིན་མ་ངེས་མོད་རྒྱ་མིང་ལ་柏松村ཟེར་བཞིན་འདུག ། 
 བོད་མིང་།རྒྱ་མིང་།
1ལྕགས་ཟམ།泸定
2དར་རྩེ་མདོ།康定
3ལྷ་མོ་རྩེ།南无寺
4རྡོ་རྗེ་བྲག།金刚寺
5ལྔ་མཆོད་དགོན།安觉寺
6རོང་བྲག丹巴
7སོག་ཕོ་སྟག་བཙན།梭坡藏寨
8གསང་སྔགས་དགོན།松安寺
9ཆུ་ཆེན།金川
10གཡུང་དྲུང་ལྷ་སྟེང་།雍仲拉顶
11ཀ་ལ་ཡེ།安宁
12འབར་ཁམས།马尔康
13ཁྲོ་སྐྱབས་ཐུགས་ཆེན།观音庙
14ད་ཚང་དགོན།达藏寺
15བཻ་རོ་ཙཱ་ནའི་སྒྲུབ་ཕུག།毗卢遮那圣窟
16ཅོག་ཙེ་རྒྱལ་པོའི་རྒྱལ་ཁང་།卓克基土司官寨
17བཙན་ལྷ།小金

ཟུར་བཀོད།   རྒྱལ་རོང་ཆུ་ཆེན་གྱི་ཆེན་ལུང་རྡོ་རིང་གི་བོད་ཡིག་ངོ་བཤུས། 

༄༅།  །ཀྱིན་ཁྱུའན་གྱི་ས་ལ་མགོ་བདག་བྱས་ནས་བཀར་ངེས་ཀྱི་ས་ཆར་ཚུགས་པའི་རྡོ་རིང་གི་ཡི་གེ ། སྔོན་དུ་མ་ལབ་དམག་མ་དྲོངས་པར་རང་བཞིན་མངའ་འབངས་སུ་རྗེས་འབྲང་བ་ལ་གུས་པས་རྗས་འབྲང་ཞེས་བྱ། ཐོག་མར་བཀའ་བློ་མི་བདེ་བ་མཐར་རྗེས་སུ་འབྲང་བ་དེ་ལ་སྐྲག་ནས་རྗེས་སུ་འབྲང་བ་ཞེས་བྱ། ད་ཆ་བསོད་ནམས་ཁ་འཐོར་བའི་རྐྱེན་གྱིས་རང་གི་སྤུན་ཟླ་དང་བཅས་གློ་བའི་ཁང་བརྩེགས་ནས་འཐོན་ཏེ་ཐམ་ཀ་ཕུལ་བ་འདི་ཡང་གུས་པས་རྗེས་འབྲང་ཞེས་པ་ལྟ་ཞོག་ཁ་མཉན་པས་རྗེས་འབྲང་ཞེས་པར་ཡང་རྩི་རྒྱུ་ཁག ། རྒྱུ་མཚན་ཅི་ཡིན་ཞེ་ན། བཀའ་དང་འགལ་ནས་། ལོ་ལྔའི་བར་དུ་མཐོ་འཚམ་བྱས་པ་ཡིན། ད་ལྟ་གཅིག་པོར་ཁོང་ཚོའི་ཚང་དང་མཐའ་སྐོར་གྱི་ལམ་བཀག ། མེ་མདའ་བཏང་སྟེ་དམག་གི་གཡུལ་སྤྲད་པའི་ཕྱིར། ཁོང་ཚོའི་བློ་སྙིང་ཚ་བའི་རིགས་ཅན་མཐའ་དག་གཤོག་པ་དང་བྲལ་བའི་བྱ་བཞིན་འཁྲུགས་ཏེ་སོ་སོ་ནས་ཁ་འཐོར་བར་བྱས་འདུག ། བློན་གྱི་དཔུང་ཆེན་རྣམས་དང་པོར་རྐུན་མའི་ཚང་རྡོལ་བའི་སྐབས། རྐུན་མ་མང་ཞིང་ཕོ་ཐེག་ལ་ཧམ་པ་ཆེ་ནས་འབྲན་བྱས། ངེད་ཚོའི་དམག་ཕྱོགས་བཞི་ནས་མེ་མདའ་ཆེན་པོ་བཏང་བར། རྐུན་མ་སྟོབས་ཀྱིས་མཇལ་མི་ཐུབ་སྙམ་ནས་རིམ་བཞིན་རིམ་གྱིས་བྲག་ཐུག་དུ་གོ ། དེ་ནས་ཕས་རྒོལ་གྱི་ཨ་མ།  ཨ་ཁུའི་ཆུང་མ། སྲིང་མོ། ཕུ་ནུ་མོ་རྣམས་སྡུག་བསྔལ་གྱིས་མནར་མི་བཟོད་བས་འོང་སྟེ་སྐྱབ་འོག་དུ་ཚུད་པར་བགྱི་ཞེས་མོལ་བ་ལ། ཁོང་ཚོའི་ཚང་ལ་མི་ཞིག་བཏང་ནས་མགོ་བདག་ཀྱིས་ཆོག་ཅེས་འཁྲིག་འཁྲིག་བྱས་པ་དང་། བསོད་ནམས་རང་གི་ཇོ་བོ་གང་དག་ཕུང་ན་ཆོག་བཅས་མ་འགྱང་པར་ངེད་ཚོའི་རྭ་བར་དཔུང་གཉེན་ཞུ་བར་མངགས་པ་ཡིན། དེ་རྣམས་ཐམས་ཅད་འཛིན་དེ་རྐང་ལག་བཅིང་། དེ་དང་ལྷན་ཅིག་ལོག་པར་སྤྱོད་པའི་བོ་ལོང་བུ་དང་ཨ་ནམ་སོགས་སྔ་ཕྱིའི་རིམ་བཞིན་རྗེས་འབྲང་བ་དང་། ཤན་ཐར་དང་བསམ་གཏན་ཚོ་རྗེས་ནས་བརྙེད་པ་ཡིན། སླར་ཡང་བཀག་པ་ནི་ཤིན་ཏུ་མྱུར་བར་རྐུན་མའི་སྟོབས་ཉམས་པར་གྱུར། དཔུང་ཆེན་རྣམས་ཡང་དེ་དང་ཉེ་སྐོར་གྱི་གློ་བའི་ཁང་རྩེགས་རྣམས་བཤིག་ནས། ཁོང་ཚོའི་ཆུ་ལམ་གཅོད་པར་བརྟེན། ཕན་ཀྱི་རིགས་ཐམས་ཅད་སྐྲག་ནས་ཕྱོགས་ཀུན་འབྱེར། བསོད་ནམས་ཀྱི་སྤུན་ཟླ། སློབ་དཔོན་རྒྱལ་བ་འོད་ཟེར། བསྟན་པ། ཡང་སྡེ་པའི་སྐྱེས་མ་གཉིས། ཡང་གཤེ་ངན་གྱིས་ཕན་ཐོགས་པའི་སྡེ་པ་མགོ་པ། གདན་པ་འོད་ཟེར་དང་། ཨ་འབྲུག ཁྲོ་སྐྱབ་། ཉི་མ་གྲགས་པ་རྣམས་བླ་མ་གཉིས་དང་བཅས། མི་སྟོང་ཕྲག་གཉིས་ལྷག་ཙམ་རང་རང་གི་འདུག་ས་ནས་འཐེན་ཏེ། ཕས་རྒོལ་གྱི་རྐུན་མའི་གཙོ་བོ་རྣམས་པུས་མོ་བཙུགས། ཐམ་ཀ་ཕུལ། གུས་ཕྱག་དང་བཅས་སྲོག་སྐྱོབ་མཛད་པར་གནང་ཞེས་ཞུས་འདུག་པར། ནག་ཅན་བསྙེད་པ་མིན་ཕྱིར་སྲིད་ལ་ཕན་བཏགས་ཆེན་པོ་བསྒྲུབས་སོང་བ་དེ་ཡིན། །ཁོང་ཚོའི་གློ་བའི་ཁང་པ་བཤིགས་སུ་བྱས་ནས་རྐུན་མའི་ཚང་རྡོལ་དགྲ་བོ་བསད་སྐབས་སུ་གསོན་པར་བཟུང་ན་ཤིན་ཏུ་སླ་བ་ཡིན་པས། དེ་ཚེ་ཞི་ནས་འདུད་ཅིང་སྲོག་སྐྱོབ་གནང་ཞེས་ཞུ་བ་ནི། ལྔར་གྱི་ཤན་པ་ལུག་རྣམས་འཁྲིད་ནས་རྗེས་སུ་འབྲང་བ་དང་མི་འདྲ་བ་ཡིན་ནོ། ། བཀར་ངེས་ཞེས་པ་ནི་ཁོང་ཚོའི་རྒྱུད་པ་རྣམས་ཀྱི་གདན་ས་ཡིན། དེ་བཞིན་རྒྱ་རོང་ནི་ཟབ་ཅིང་རྩིག་པ་མཐོ་བ། ང་རང་ཚོའི་དམག་དཀའ་ཚེག་ཁྲི་ཕྲག་ལས་བརྒལ་ནས། ལན་སྟོང་ཕྲག་གིས་འཐབ་པར། གཟི་མདངས་ཤིན་ཏུ་འབར་བ་ཡིན། དཔེར་ན་ལྗོན་ཤིང་ཆེན་པོ་དང་འདྲ་སྟེ། དེའི་ཡལ་ག་ལོ་མ་ཐམས་ཅད་བླང་ཚར་ན། སྡོང་བུ་རྩ་བ་ལེན་པ་ལ་འགུག་ཅི་དགོས། འོན་ཀྱང་ཕས་རྒོལ་བ་ཐམས་ཅད་ཀྱི་མནའ་ཚིག་ནི། དམག་སྡེ་ཆེན་པོ་ངེས་པར་འོང་ཚེ། ངེད་ཅག་གི་ཅ་ལག་དྲལ། སྙིང་གི་གྲོགས་ཐམས་ཅད་མེ་ལ་བཏང་ནས་ཤི་ཆོག་ཅེས་ཟེར་བའི་གཏམ་དང་མཐོན་པར་བྱུང་སོང་། མགོ་བོ་གཅོད་དེ་ཕུལ་བ་ཅན་གྱིས་དོན་ཐག་ཡང་ཚར་མོད། གསོན་པོར་བཟུང་བ་འདི་ཤིན་ཏུ་ནས་ལེགས་པས། མཐར་ཐུག་གི་དགའ་བ་མ་བསྟེར་བ་འདི། རྐུན་པའི་གཙོ་བོ་སྡིག་པ་ཆེ་བའི་རྟགས། རྒྱུ་དག་ངན། གསོན་པོར་བཏང་དུ་ག་ལ་རུང་། གསོན་པོ་ཨེ་དབྱུང་སྙམ་ནས་ལྷོ་སྒོ་ཆེན་པོའི་བ་གམ་འཐོན་པའི་དྲུང་དུ་འབུལ་ལམ་ཞུས་ཏེ། རྒྱལ་སྲིད་ཀྱི་བཅའ་ཁྲིམས་འདམ་པའི་རྣོ་ངར་གྱི་ཚོན་ཆས་དུས་ལས་འདས་པར་བྱས། དེང་ནས་བཟུང་སྟེ་ཁོང་ཚོའི་ས་ཆ་ལ་ས་མཐའ་བྱས་ནས་ང་ཚོའི་དམག་མི་རྣམས་འདུག་ཆོག་པར་བྱས། དེ་དག་གི་སྡེ་པ་སོ་སོའི་མི་མང་རྣམས་དུས་རྒྱུན་བདེ་བར་འགོད་ནུས་པས། ཀུན་ལ་ཕན་བཏག་བསྒྲུབ་ཟིན་པའི་མངོན་དགའི་འོད་ལྡན་རྡོ་རིང་གི་ཡི་གེ་ཚུགས་པའོ། ། ་་་་་ལོ་མེ་སྤྲེལ་(1776ལོ།)དཔྱིད་ཟླ་འབྲིང་པོའི་ཚེས་དགེ་བར་བྲིས། 

སྤྱི་ལོ་2019ལོའི་སྤྱི་ཟླ་5པའི་ཚེས་1ཉིན་གྱི་ནུབ་མོར་རྡོ་རིང་གི་པར་ལ་བལྟས་ནས་གཏགས་ཤིང་། ཚེས་5ཉིན་གྱི་ཕྱི་དྲོར་དགེ་རྒན་གུར་མགོན་སྐྱབས་དང་ལྷན་དུ་མ་ཡིག་ལ་བསྟུན་ནས་ཆད་ལྷག་ནོར་གསུམ་བྱུང་བ་རྣམས་བཅོས་སོ། །