‘‘དྲན་པའི་ཨུ་ཚུགས’’(The Persistence of Memory )ཞེས་པའི་རི་མོ་འདི་ནི་སི་པན་ནས་འཁྲུངས་པའི་རི་མོ་བ་གྲགས་ཅན་ས་བ་དྷོར དྷ་ལེས(Salvador Dali 1904-1989)ཀྱིས་བྲིས་ཤིང་། རི་མོ་འདི་ནི་ཧྥ་རན་སིའི་སྒྱུ་རྩལ་གྱི་གསར་བརྗེའི་རིང་ལུགས་ཤིག་སྟེ‘‘བག་ཉལ་རིང་ལུགས’’ཀྱི་ཚབ་མཚོན་རི་མོ་ཞིག་ཡིན་ཞེས་སྨྲ།

ཉིན་ཞིག ས་བ་དྷོར དྷ་ལེས་རང་གི་གྲོགས་པོ་སྐོར་ཞིག་དང་མཉམ་དུ་གློག་བརྙན་བལྟ་རུ་འགྲོ་བར་དུས་ཆད་བཟོས་ཡོད་ནའང་། དུས་ཚོད་བསླེབས་སྐབས་ས་བ་དྷོར དྷ་ལེས་ཐང་ཆད་པ་དང་མགོ་གཟེར་ཞིག་བྱུང་བས། གློག་བརྙན་བལྟ་རུ་འགྲོ་མ་ཐུབ་པར་རང་ཁྱིམ་དུ་ལུས། ཁོང་མ་ཉལ་སྔོན་ལ་ལས་ཀ་བྱེད་སའི་ཁང་ཆུང་དེར་འགྲོ་དགོས་བྱུང་ཞིང་། སྐབས་དེར་ཁྱིམ་གྱི་ཅོག་ཅེའི་སྟེང་ན་ཕྱུར་བ་རློན་པ་ཞིག་སྡེར་མ་ཞིག་གི་ཟུར་ཞིག་ན་ནར་ནར་ངང་འཛར་ཡོད་པ་མཐོང་། དེ་ནས་ཁོང་ལས་ཀ་བྱེད་སར་ཕྱིན་ཏེ་འབྲི་འཕྲོར་ལུས་པའི་རི་མོ་ཞིག་ཡོད་པ་དེར་བལྟས། རི་མོ་དེའི་ཡུལ་ལྗོངས་དེར་ཡུལ་ལྗོངས་གཞན་ཞིག་ཀྱང་དགོས་པར་འདུག་སྙམ་སྟེ་སྒོ་ཕྱི་ལ་བུད། དེ་མ་ཐག་ཁོང་གིས་ཅི་ཞིག་དྲན་པའི་ཚུལ་གྱིས་ཡང་སྐྱར་ལས་ཀ་ཡོད་སར་ཕྱིན་ཏེ་ནར་ནར་ངང་འཛར་ཡོད་པའི་ཕྱུར་བ་རློན་པ་དབྱིབས་ཅན་གྱི་དུས་ཚོད་འཁོར་ལོ་དང་། ཨོ་ལེབ་ཀྱི་ཡལ་ག(Olive Branch)སོགས་བྲིས་ཤིང་། དུས་ཚོད་གཉིས་ཀྱི་རྗེས་སུ་རི་མོ་དེ་བྲིས་ཚར་བར་བྱས། རི་མོ་དེ་ནི‘‘དྲན་པའི་ཨུ་ཚུགས’’ཞེས་པ་དེ་ཡིན་པ་རེད།

སྐབས་དེ་ནས་བཟུང་། ས་བ་དྷོར དྷ་ལེས་བག་ཉལ་རིང་ལུགས་ཀྱི་རི་མོ་འབྲི་འགོ་བརྩམས་པར་བཤད་ལ། གོང་གི་རི་མོ་དེ་དེང་སང་ཨ་རིའི་ཉིག་ཡོར་གྱི་དེང་རབས་རི་མོའི་འགྲེམས་སྟོང་ཁང་(Museum of Modern Art)དུ་ཡོད་པར་བཤད།

དུས་རབས་བཅུ་དགུ་བའི་ནང་འཁྲུངས་པའི་ནོར་ཝེའི་རི་མོ་བ་སྐད་གྲཊ་ཅན་ཨེ་ཊི་བར མན་ཆི (Edvard Munch 1863-1944) ལགས་ཀྱིས‘‘ངུ་འབོད’’(The Scream)ཅེས་པའི་རི་མོ་ལྔ་བྲིས་ཡོད་པ་དང་། གཞན་པ་དག་ནི་དེང་སྐབས་ནོར་ཝེའི་རྒྱལ་ཡོངས་འགྲེམས་སྟོན་ཁང་དུ་ཡོད་འདུག

ཁོང་གིས་རི་མོ་འདིའི་སྐོར་གླེང་དོན། ཉིན་ཞིག་བདག་གྲོགས་པོ་གཉིས་དང་ལྷན་དུ་གྲོང་རྡལ་ཞིག་ཏུ་འཆམ་འཆམ་དུ་འགྲོ་སྐབས། ང་ཐང་ཆད་པས་འགྲོ་མཚམས་བཞག་སྟེ་ཧྥིར་ཌིའི(Fjord)ཕྱོགས་སུ་བལྟས་པར། སྐབས་དེར་ཉི་མ་ནུབ་པར་བྱེད། སྤྲིན་པ་དག་ནི་དམར་པོ་ཁྲག་ལྟར་འགྱུར། སྣང་ངོར་ཞིག་ལ་ངུ་འབོད་ཅིག་རབ་བྱུང་ཁམས་སུ་རྒྱུ་ཞིང་། བདག་གིས་ངུ་འབོད་དེ་ཐོས་པའི་སྣང་བ་བྱུང་། དེ་བས་རི་མོ་འདི་བྲིས། སྤྲིན་པ་དག་ནི་དམར་པོ་ཁྲག་བཞིན་ཡོད་པ་བྲིས། ཚོན་མདངས་ཀྱིས་ངུ་འབོད་སྒྲོགས་ཤིང་། དེ་ནི‘‘ངུ་འབོད’’དུ་གྱུར་པ་རེད་ཟེར།

བར་སྐབས་ཤིག་ལ་གཞན་གྱིས་རི་མོ་འདི་བརྐུས་པའི་ལོ་རྒྱུས་ཀྱང་ཡོད་མོད། ཨ་རིའི་ཕྱུག་བདག་ཅིག་གིས་རི་མོ་དེར་ཨ་སྒོར་ས་ཡ་ ༡༢༠ བྱས་ཏེ་ཉོས་ཡོད་པ་དང་། དེ་ནི་འཛམ་གླིང་ནང་གི་རི་མོ་རིན་གོང་ཆེ་ཤོས་ཀྱི་གྲས་ཆགས་ཡོད་པ་རེད།

ནའེ་དྷིར་ལན་ཌི་ནས་འཁྲུངས་པའི་རི་མོ་བ་གྲགས་ཅན་བན་སང བང གྷོ་གྷུས(Vincent Van Gogh1853-1890) རི་མོ་སྣ་ཚོགས་ཤིག་བྲིས་ཡོད་མོད། ཁོང་སྐུ་འཚོ་བཞུགས་སྐབས་སུ་ཁོང་གི་རི་མོ་དག་ལ་སུས་ཀྱང་གདེང་འཇོག་བྱས་མེད་པས། ཁོང་གི་མི་ཚེ་དེ་ཁ་སྟབས་སྐྱོ་བོའི་ཐོག་ནས་ཕྱིན་ཡོད།

བར་སྐབས་ཤིག་ཁོང་ལ་ཚོན་དང་། པིར་སྨྱུག རས་སོགས་ཉོ་བར་དངུལ་མེད་སྟབས། ཁོང་གི་གཅུང་པོས་རོགས་རམ་བྱས་པའི་ལོ་རྒྱུས་ཡོད་མོད། དེང་སང་ཁོང་གི་རི་མོ་དག་ཨ་སྒོར་ས་ཡ་མང་པོ་བྱས་ཏེ་བཙོང་བཞིན་ཡོད་པ་རེད།

ཁོང་གིས‘‘མེ་ཏོག་ཉི་མ་འཁོར’’གྱི་རི་མོ་ཁ་ཤས་བྲིས་ཡོད་ཅིང་། མེ་ཏོག་ཉི་མ་འཁོར་གྱི་རི་མོ་དང་པོ་ནི་ཁོང་ཚང་གི་འགྲུལ་པ་ཉལ་སའི་ཉལ་ཁང་གི་རྩིག་ངོས་སུ་བྲིས་ཡོད། ཡིན་ནའང་། ཁོང་གིས་མེ་ཏོག་ཉི་མ་འཁོར་གྱི་རི་མོ་ཅིའི་ཕྱིར་འབྲི་དགོས་པའི་རྒྱུ་མཚན་ཤེས་མཁན་ཉུང་།

ཉེ་ཆར་ཆེད་ལས་རི་མོ་བ་ཞིག་གིས་བན་སང བང གྷོ་གྷུ་ལ་མཚོན་ན་མེ་ཏོག་ཉི་མ་འཁོར་ནི་གུས་ཞབས་མཚོན་བྱེད་ཀྱི་མཚོན་རྟགས་ཤིག་ཡིན་པ་རེད་ཅེས་འགྲེལ་བཤད་བྱས་པ་ཐོས་བྱུང་།

ཁོང་གི་སྐད་གྲགས་ཅན་གྱི་རི་མོ་གཞན་ནི‘‘སྐར་ཚོགས་བཀྲ་བའི་མཚན་མོ’’(The Starry Night) ཞེས་པ་དང་‘‘མཚན་མོའི་དུས་ཀྱི་འཚིག་ཇ་ཁང་གི་ཁྱམས་སྟེགས’’(Café Terrace at Night)ཞེས་པ་གཉིས་ཡིན་ཞིང་། རི་མོ་དང་པོ་ནི་དེང་སང་ཨ་རིའི་ཉིག་ཡོར་གྱི་དེང་རབས་རི་མོའི་འགྲེམས་སྟོན་ཁང་(Museum of Modern Art)དུ་ཡོད་ཅིང་། གཞན་པ་དེ་ནའེ་དྷིར་ལན་ཌིའི་ཁོ་ལེར མི་ལེར་འགྲེམས་སྟོན་ཁང་(Kröller-Müller Museum)དུ་ཡོད་སྐད་ལ། བན་སང བང གྷོ་གྷུས་ཀྱང་རི་མོ་འདི་གཉིས་ལ་མཐོང་ཆེན་བྱས་ཡོད།

དེ་རིང་ཉིན་གུང་གི་ཇ་བར་ནས་ཕིས་ཁ་ཟོ་ཡིས་བྲིས་པའི་རི་མོ་སྐོར་ཞིག་ལ་བལྟས། རི་མོ་འདིའི་མིང་ལ་གྷ་ནིས་ཁ (Guernica )ཞེས་ཟེར་ཞིང་། སི་པན་གྱི་གྲོང་རྡལ་ཞིག་གི་མིང་རེད། ༡༩༣༧ལོར་སི་པན་གྱི་དམག་འཁྲུག་ཁྲོད་དུ་གཏོར་བཅོམ་ཐེབས་འདུག སྐབས་དེར་ཕིས་ཁ་ཟོ་ཧྥ་རན་སིའི་རྒྱལ་ས་པེ་རེ་སི་ན་བཞུགས་ནའང་། ཁོང་གིས་དམག་འཁྲུག་གི་གཏོར་སྐྱོན་ཐེབས་པའི་གྲོང་རྡལ་འདིའི་གནས་བབ་རི་མོའི་ལམ་དུ་བཞེངས་པ་རེད།  ཁོང་གིས་བྲིས་པའི་དེང་རབས་རི་མོ་ཕལ་མོ་ཆེ་ནི་རབ་རིབ་སྙན་ངག་ཇི་བཞིན་ཧ་ཅང་གོ་དཀའ་བའི་སྣང་ཚུལ་མཆིས་མོད། འོན་ཀྱང་ཁོང་གི་སྲོལ་རྒྱུན་རི་མོ་ཁག་ལ་བལྟས་ན་ཕིས་ཁ་ཟོ་ནི་དོན་མེད་དུ་སྣང་བ་གང་དྲན་བྱས་ཏེ་རི་མོ་འབྲི་མཁན་ཞིག་མ་རེད་སྙམ།

ཁ་སང་དེ་རིང་གི་རབ་རིབ་སྙན་ངག་སྐོར་ཞིག་ནི་སྙན་ངག་འབྲི་མི་ཤེས་མཁན་སྐོར་ཞིག་གིས་རང་ཉིད་ཀྱི་ཚོར་བ་ཡིག་ཐོག་ཏུ་འབྲི་མ་ནུས་ཤིང་། མ་འཁྱོངས་པ་སྐོར་ཞིག་ཡིན་པར་འདོད་དོ།།

ཡུ་རོབ་གླིང་གི་སྒྱུ་རྩལ་པ་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་པའི་རི་མོ་མཁས་ཅན་ལེའོ་ན་སྒྲོ སྒྲ ཝེན་སི(Leonardo da Vinci 1452-1519)མཆོག་གིས་འབྲི་བཞེངས་བྱས་པའི་རི་མོ་དག་ནི་སྲོག་དབུགས་ཡོད་པའི་མི་གསོན་པོ་ལྟ་བུར་ཡོད་ཅེས་བཤད། དེའི་དཔེ་མཚོན་གཅིག་ནི་ཁོང་གིས་ལོ་ངོ་བཞིའི་རིང་འབྲི་བཞེངས་བྱས་པའི‘‘མོ་ན་ལིས་ས’’ཞེས་པའི་རི་མོ་དེ་རེད། རི་མོ་དེའི་སྟེང་གི་འཆོར་སྒེག་ལང་ཚོས་སྙེམས་པའི་བུ་མོ་གཞོན་ནུ་མ་དེ་ནི་ཧྥུ་རན་སི་སུ་ཁོ ངྷལ གྷེ་པོ་ཁན་ངྷ་ (Francesco del Gioconda) ཡི་ཆུང་མ་ཡིན་ཟེར། བུ་མོ་དེའི་ཡིད་དབང་འཕྲོག་པའི་འཛུམ་མདངས་དང་། ཁོ་མོའི་རྒྱབ་ཀྱི་ལྐོག་ཏུ་གྱུར་པའི་ཡུལ་ལྗོངས་སོགས་ཀྱིས་ལྟད་མོ་བ་ཚོར་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་སྟེར་བར་གྲགས། དེང་སང་རི་མོ་དེ་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ལཱོའི་བུར་ (Musee louvre) དུ་བཤམ་སྟོན་བྱེད་བཞིན་ཡོད།

དེང་སང་ལེའོ་ན་སྒྲོ་དང་ཁོང་གི་རི་མོ་སྐོར་ལ་ཞིབ་འཇུག་གནང་མཁན་སྐོར་ཞིག་གིས་ལེའོ་ན་སྒྲོ་ལགས་ཀྱིས་དུས་སྐབས་དེར‘‘མོ་ན་ལིས་ས’ཡི་རི་མོ་གཉིས་བྲིས་ཡོད་སྐོར་གླེང་སྟེ་རི་མོ་གཞན་པ་དེ་གང་དུ་ཡོད་མེད་བཙལ་འཚོལ་བྱེད་བཞིན་པའི་དངོས་བཤུས་གློག་བརྙན་ཞིག་མཐོང་བྱུང་། ཨུ་རུ་སུ་ན་རི་མོ་དེ་དང་ཆ་འདྲ་བ་ཞིག་ཡོད་པ་དེ་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་རྗེས་དེ་ནི་ལེའོ་ན་སྒྲོ་ཡི་རི་མོ་ཡིན་པའི་བདེན་དཔང་རྙེད་མ་སོང་། མཐར་ཧྥ་རན་སིའི་རི་མོ་ཆེད་མཁས་པ་ཞིག་གིས་ང་ཚོས་མཐོང་ཆོས་སུ་ཡོད་པའི་རི་མོ་དེའི་རྒྱབ་ཏུ་རི་མོ་གཞན་པ་དེ་ཡོད་སྐོར་བརྗོད་སོང་མོད། ཁོང་ལ་གདེང་ཚོད་ཏག་ཏག་ཅིག་མི་འདུག འོན་ཀྱང་། རི་མོ་འདི་ནི་འཛམ་གླིང་གི་ཆེས་རིན་གོང་མཐོ་ཤོས་ཀྱི་རི་མོ་དེ་རེད། རི་མོ་དེ་ལ་འདི་འདྲའི་འཐེན་ཤུགས་ཤིག་ཡོད་དོན་ཅི་ཡིན་ནམ་སྙམ། རི་མོ་དེ་ནི་ཁོ་བོས་གོང་དུ་སྤེལ་བའི་རི་མོ་དེ་རེད།

དེང་སང་རི་མོ་ཆེད་ལས་པ་སྐོར་ཞིག་གིས་རི་མོ་འདིའི་སྔོན་ལ། འཛུམ་མདངས་རྒྱས་ཡོད་པའི་བུད་མེད་ཀྱི་རི་མོ་ནུབ་ཕྱོགས་སུ་མཐོང་རྒྱུ་མེད་པས། རི་མོའི་ལམ་ནས་འཛུམ་མདངས་འབྲི་མཁན་ཐོག་མ་ནི་ལེའོ་ན་སྒྲོ་ཡིན་ཞེས་བཤད་དོ། །

རི་མོ་འདིའི་མིང་ལ་ཌེ་ཧེ་ཞན(Tahitian) གྱི་སྐད་དུ་ Nafea faa ipoipo ? ཞེས་འབོད་པར་གྲགས། བོད་སྐད་དུ‘‘ཁྱོད་ག་དུས་ཤིག་ལ་གཉེན་སྒྲིག་བྱེད་དམ།’’ཞེས་པ་དེ་རེད། རི་མོ་འདི་ནི་སྤྱི་ལོ་༡༨༩༢ལོར་ཧྥ་རན་སིའི་རི་མོ་མཁན་པོ གྷོ་གྷན(Paul Gauguin 1848-1903)ལགས་ཀྱིས་གླིང་ཕྲན་French Polynesia ཞེས་པའི་ཡུལ་དུ་བྲིས་པ་ཞིག་རེད། རི་མོའི་སྟེང་གི་བུད་མེད་གཉིས་ནི་ཌེ་ཧེ་ཞན་མི་རིགས་དེའི་ཤ་དར་ཁྲག་དར་གྱི་གཞོན་ནུ་མ་གཉིས་ཡིན་པ་རེད།

རི་མོ་འདི་སྤྱི་ལོ་༢༠༡༥ལོར་ཁ་ཊར(Qatar) ཡུལ་གྱི་རྒྱལ་སྲས་ཤིག་གིས་ཨ་སྒོར་ས་ཡ་༣༠༠སྤྲད་དེ་ཉོས་འདུག དེར་བརྟེན་འཛམ་གླིང་གི་ཆེས་རིན་གོང་མཐོ་ཤོས་ཀྱི་རི་མོ་གཉིས་པ་རེད། བདག་གིས་རི་མོ་འདིའི་རྒྱབ་ཏུ་མི་མངོན་པའི་གསང་བ་ཞིག་གམ་ཡང་ན་གསང་བ་དེར་འགྲེལ་བཤད་ཅིག་ཏན་ཏན་ཡོད་པར་སྙམ་སྟེ་དྲ་ལམ་ཉུལ་བར། འོན་ཀྱང་ཕངས་པ་ཞིག་ལ་རི་མོ་འདིར་མི་མངོན་པའི་གསང་བ་ཞིག་མེད་པ་འདྲ་ལ། ཕལ་ཆེར་རི་མོ་འདིའི་གསང་བ་ངོ་མ་ནི་རི་མོ་འདིའི་འཇམ་ཤ་དང་། འཇོ་སྒེག ད་དུང་ཚོན་མདངས་བཅས་ཡིན་པར་སྙམ།

རི་མོ་འདི་ཡང་ཕིས་ཁ་ཟོ་ཡིས་བྲིས་པའི་རི་མོ་ཞིག་ཡིན་པ་རེད། རི་མོ་འདིའི་མིང་ལ‘ ‘ཨེ་རྗར་གྱི་བུད་མེད’’ ཟེར། གཞེས་ནིང་ལོར་འབྱོར་ལྡན་པ་ཞིག་གིས་ཨ་སྒོར་ས་ཡ་ ༡༧༩ སྤྲད་དེ་ཉོས་འདུག

སྐབས་དེར་ངའི་སེམས་ལ་འདི་འདྲ་ཞིག་དྲན་བྱུང་། གལ་སྲིད་སྙན་ངག་འདི་ཡང་རི་མོ་བཞིན་བཙོང་རྒྱུ་ཞིག་ཡིན་ཚེ། བོད་ཀྱི་གཞོན་སྐྱེས་ཚོའང་ཕྱུག་པོར་འགྱུར་ངེས་རེད་ལ། བོད་ཀྱི་གཞོན་སྐྱེས་ཚོ་ལྟ་བུའི་ཕྱུག་པོ་ཞིག་འཛམ་གླིང་ན་ཡོད་མི་སྲིད་སྙམ་བྱུང་། ཡིད་སྐྱོ་བ་ཞིག་ལ་སྙན་ངག་འདི་བཙོང་རྒྱུ་ཞིག་མིན་པ་རེད། འོན་ཀྱང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གཏམ་རྒྱུད་གསེར་ཐང་དུ་རྒྱ་གར་ལ་དམག་འདྲེན་མཁན་གྱི་ཨ་རབ་ཏུ་རུ་ཀའི་རྒྱལ་པོ་སུལ་ཏན་ཞུ་བ་ཁོང་ཡོན་ཏན་ཅན་ལ་དགའ་ཞིང་། རྒྱ་གར་ནས་འཕྲོག་པའི་རྒྱུ་ནོར་རྣམས་རང་ཡུལ་གྱི་མཁས་པ་དག་ལ་ཆ་རྐྱེན་དུ་སྦྱར་བར་མ་ཟད། སྙན་དངགས་མཁན་འགའ་རེས་ཚིགས་བཅད་བྲིས་པ་ཤོ་ལོ་ཀ་རེ་རེ་ལ་གསེར་སྒོར་གནང་བའི་ལོ་རྒྱུས་འདུག་ཅེས་ཞུ་འདོད་དོ། །

རི་མོ་འདི་ནི་སྤྱི་ལོ་༡༨༦༣ལོར་ཧྥ་རན་སིའི་རི་མོ་བ་གྲགས་ཅན་ཨས་ངྷུ་བ མཱ་ནེས(Édouard Manet1832-1883)བྲིས་ཤིང་། རི་མོའི་མིང་ལ‘‘རྩྭ་ཐང་སྟེང་དུ་གུང་ཇར་རོལ་བ’’(LE DÉJEUNER SUR L’HERBE)ཞེས་ཟེར། དེང་སང་ཧྥ་རན་སིའི་རྒྱལ་ས་པེ་རེ་སིའི་ངྷོག་སེ་འགྲེམས་སྟོན་ཁང་(Musée D’orsay)དུ་ཡོད།

རི་མོ་འདི་ལ་དབྱེ་ཞིབ་བྱེད་མཁན་གྱི་མི་སྣ་མང་པོ་བྱུང་ཡོད་མོད། རི་མོ་སྟེང་གི་བུད་མེད་གཅེར་བུ་མ་འདི་སུ་ཞིག་ཡིན་པ་དང་། རི་མོ་མཁན་གྱིས་ཅིའི་ཕྱིར་གཅེར་བུ་མ་ཞིག་འབྲི་དགོས་པའི་རྒྱུ་མཚན་ཤེས་མཁན་བྱུང་མེད། བུད་མེད་གཅེར་བུ་མ་འདི་ལ་བརྟེན་ནས་དུས་རབས་བཅུ་དགུ་པའི་ནང་རི་མོ་འདི་ལ་ལམ་ལྷོངས་བྱུང་མེད།

དེང་སང་ཆེད་ལས་པ་རེ་ཟུང་གིས་བུད་མེད་གཅེར་བུ་མ་འདིས་སྐབས་དེར་བུད་མེད་ནི་སྤྱི་ཚོགས་ནང་ཆེ་མཐོང་མེད་པའི་གནས་སྟངས་མཚོན་གྱི་ཡོད་ཅེས་སྨྲ།

ཨུ་རུ་སུའི་རི་མོ་གསོག་ཉར་བྱེད་མཁན་གྱི་ཕྱུག་བདག་ཟུར་གྷེ ཞོལ་ཁན(Sergueï Chtchoukine 1854-1936)གྱིས་ཧྥ་རན་སིའི་རི་མོ་གྲགས་ཅན་ཨང་ཝས མ་ཌུས་སི(Henri Matisse 1869-1954)ལགས་ལ་ཨུ་རུ་སུའི་རྒྱལ་སར་ཡོད་པའི་ཁོང་གི་ཁང་པར་རི་མོ་གསུམ་དགོས་གལ་ཆེ་ཚུལ་ཞུས་འདུག་པས། སྤྱི་ལོ་༡༩༠༩ལོར་ཨང་ཝས མ་ཌུས་སིས་‘‘གར་འཁྲབ་པ’’(Dance) ཞེས་པའི་སྣུམ་མཚོན་རི་མོ་གཅིག་བྲིས་ཤིང་། སྤྱི་ལོ་༡༩༡༠ལོར་གོང་གི་རི་མོ་དང་ཆ་འདྲ་བའི་བུད་མེད་ལྔས་གར་འཁྲབ་བཞིན་ཡོད་པའི་རི་མོ་གཞན་ཞིག་ཀྱང་བྲིས་འདུག

གོང་གི་རི་མོ་དེ་གཉིས་ལས་སྐད་གྲགས་ཆེ་ཤོས་ནི་སྤྱི་ལོ༡༩༠༩ལོར་བྲིས་པའི་རི་མོ་དེ་ཡིན་ཞིང་། དེང་སང་རི་མོ་དེ་ཨུ་རུ་སུའི་གྲོང་ཁྱེར་སན ཕིས་ཁྲི་སི་བྷུ་གྷུ(Saint Petersburg)ཞེས་པའི་ Hermitage Museum འགྲེམས་སྟོན་ཁང་དུ་ཡོད་ཅིང་། ཅིག་ཤོས་དེ་ཨ་རིའི་ཉིག་ཡོར་གྱི་དེང་རབས་རི་མོའི་འགྲེམས་སྟོང་ཁང་(Museum of Modern Art)དུ་ཡོད་པ་རེད།

‘‘གྷ་ལུ་ཌིའི་ཆུ་འཁོར་དུ་ཞབས་བྲོ་འཁྲབ་པ’’(Le Bal du moulin de la Galette)ཞེས་པའི་རི་མོ་འདི་ནི་སྤྱི་ལོ་༡༨༩༤ལོར་ཧྥ་རན་སིའི་རི་མོ་མཁན་ཨོ་གྷོལ་སི་ཌི ལུ་ནོའུ་ཝ(Auguste Renoir 1841-1919)ལགས་ཀྱིས་བྲིས་ཤིང་། ཁོང་གི་རི་མོ་དག་ལས་ཆེས་སྐད་གྲགས་ཆེ་ཤོས་ནང་གི་གཅིག་ཡིན་པ་རེད། ཨོ་གྷོལ་སི་ཌི ལུ་ནོའུ་ཝས་རི་མོ་འདི་འབྲི་སྐབས། ཁོང་གྷ་ལུ་ཌིའི་ཆུ་འཁོར་དུ་ཁང་པ་ཆུང་ཆུང་ཞིག་གླས་ནས་བསྡད་ཡོད་ཅིང་། ཁོང་གི་ཁང་པའི་ཕར་ཕྱོགས་ན་ར་སྐོར་ཡོད་པའི་ཟ་ཁང་ཞིག་ཀྱང་ཡོད་འདུག

ཉིན་ཞིག་གི་གཟའ་ཉི་མར་ཁོང་རང་གི་གྲོགས་པོ་དང་གྲོགས་མོ་སྐོར་ཞིག་དང་མཉམ་དུ་ཟ་ཁང་དེར་ཕྱིན་ཅིང་། ཁོང་གིས་དགའ་སྤྲོས་ཁེངས་པའི་གྲོགས་པོ་དང་གྲོགས་མོ་ཚོའི་རྣམ་པ་རི་མོའི་ལམ་དུ་བྲིས་འདུག རི་མོ་ཆེད་ལས་པ་ཚོས་བཤད་རྒྱུར། ཁོང་གིས་རི་མོ་འདི་འབྲི་སྐབས་ཕར་ཕྱོགས་ཀྱི་མི་རྣམས་འགུལ་བཞིན་ཡོད་པས་ཚེགས་དཀའ་ཞིང་། རི་མོ་འདིའི་རིན་ཐང་ཐུན་མོང་མ་ཡིན་པ་གཅིག་ནི་རི་མོ་བས་རི་མོ་འདི་འབྲི་འགོ་བཙུགས་ནས་བྲིས་ཚར་བའི་བརྒྱུད་རིམ་དེ་ཡིན་ཟེར།

གལ་སྲིད་ཁྱེད་རང་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཕེབས་ཐུབ་པའི་གོ་སྐབས་ཡོད་ཚེ། ངྷོག་སེ་འགྲེམས་སྟོན་ཁང་(Musée D’orsay)དུ་ཕེབས་དང་། རི་མོ་དེ་གནས་དེ་ན་སྨྲ་བ་མེད་པར་ཡོད་པ་རེད།

ད་ལྟ་ང་འཚིག་ཇ་ཁང་ཞིག་ན་ཡོད། འཚིག་ཇ་ཞིམ་པོ་ཞིག་འཐུང་བཞིན་གསར་འགྱུར་ཁག་ལ་བལྟས་པར། སྤྱི་ཟླ་༥ པའི་ནང་ཕིས་ཁ་ཟོ་ཡིས་བྲིས་པའི་རི་མོ་ཞིག་ཨ་རིའི་ཉིག་ཡོར་ནས་རིན་སྤར་ཚོང་སྒྱུར་ཚོགས་པ་ཞིག་གིས་འགྲེམ་སྟོན་བྱས་ཏེ་བཙོང་རྒྱུ་ཡིན་པ་དང་། རིན་སྤར་ཚོང་འགྲེམ་སྟེང་ཨ་སྒོར་ས་ཡ་༡༠༠ནས་མགོ་འཛུགས་བྱ་རྒྱུ་ཡིན་ཚུལ། ད་དུང་རི་མོ་འདི་ནི་ཕལ་ཆེར་ཕིས་ཁ་ཟོ་ཡི་རི་མོ་དག་ལས་ཆེས་རིན་གོང་མཐོ་ཤོས་དེ་ཆགས་རྒྱུ་ཡིན་སྐོར་སོགས་བྲིས་འདུག

རི་མོ་དེ་ནི་གཅེར་བུར་བུད་པའི་གཞོན་ནུ་མ་ཞིག་གི་ལག་ཏུ་མེ་ཏོག་བཟུང་ཡོད་པ་འདི་རེད། ལོ་གཉིས་ཀྱི་སྔོན་ཁོང་གིས་བྲིས་པའི‘‘ཨེ་རྗར་གྱི་བུད་མེད’’ཅེས་པ་དེ་ཨ་སྒོར་ས་ཡ་༡༧༩བྱས་ཏེ་བཙོངས་ཤིང་། དེའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་ངས་ཕྱོགས་གཞན་ནས་གླེང་ཟིན་ཏོ། །

སྤྱི་ལོ་༡༩༠༤ལོར་རི་མོ་ཉར་ཚགས་བྱེད་མཁན་ལའོ(Leo)དང་རྗར་ཁྲོལ་ཌི སི་ཏན(Gertrude Stein)ཞུ་བ་གཉིས་ཀྱིས་ཕིས་ཁ་ཟོ་ཡི་ལག་ནས་རི་མོ་གཅེར་བུ་མ་འདི་ལ་ཧྥ་སྒོར་༢༥༠བྱིན་ཏེ་ཉོས་འདུག་མོད། སྤྱི་ལོ་༡༩༦༨ལོར་རི་མོ་འདི་ཨ་རིའི་ཕྱུག་བདག་དཱ་བིད རོའོ་ཀ་ཧྥེ་ལར(David Rochefeller )གྱི་ལག་ལ་ཐོབ་ཡོད་སྐད། མི་ལོ་བཅུ་ལྷག་ལ་ཁོང་གིས་རི་མོ་འདི་རང་ཁྱིམ་གྱི་གྱང་ངོས་སུ་བཀལ་བ་དང་། གཅེར་བུ་མ་འདིས་ཀྱང་མི་ལོ་དེ་དག་གི་རིང་ཕྱོགས་ངོས་གཅིག་ཁོ་ནར་བལྟས་ནས་བསྡད་པ་རེད།

གསལ་བཤད། གོང་གི་རི་མོའི་སྐོར་གྱི་ཟིན་བྲིས་འདི་དག་ནི་སྐབས་སྐབས་སུ་ཕྲན་གྱི་ངོ་དེབ་དང་སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྤེལ་བ་ཁག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཙམ་ཡིན། འདི་དག་ངོ་སྤྲོད་ཀྱི་ཚུལ་དུ་ཧ་ཅང་མདོར་བསྡུས་ཀྱིས་བྲིས་ཡོད། དོན་གཉེར་ཅན་ཡོད་ཚེ་རི་མོ་འདི་དག་གི་གནས་ཚུལ་རྒྱས་པ་ཕྱོགས་གཞན་ལས་ཤེས་པར་བྱའོ། ། ཁ་བྲོ། བཀྲ་ཤིས་དང་བཅས། ༢༠༡༩/༠༥/༠༥ཉིན།
སྙན་བཟང་གཡུང་དྲུང་ཚེ་རིང་གིས་བྲིས་པ་དགེའོ། །