______ཞུས་ཤིས་ལེང་(许锡良)གིས་བརྩམས།

སཱོ་ཁི་ར་ཐིས་(Socrates 苏格拉底)ནི་ནམ་ཡང་འཛད་པ་མེད་པར་འདྲི་ཞིང་རྩད་པར་བྱེད་ལ། ཁུང་ཙིས་ནི་རྟོག་དཔྱོད་དང་བྲལ་བའི་སྡོམ་ཚིག་འབོགས་པར་བྱེད། དེ་བས་སྔ་མས་སློབ་མར་བློ་སྒོ་འབྱེད་ཅིང་། ཕྱི་མས་སློབ་མ་མགོ་མཁྲེགས་སུ་བསྒྱུར་བའོ།།

སཱོ་ཁི་ར་ཐི་ནི་སློབ་མ་ཚོ་བསམ་གཞིག་གི་ཟབ་སར་སྙེག་པའི་བྱུང་རིམ་ཁྲོད་ཀྱི་“སྐྱེ་གཡོག་མ”ཙམ་ཞིག་ཡིན་ཞིང་། དེ་བས་ཁོང་གི་རྗེས་འཇུག་ལ་ཕོ་ལཱ་ཐུ་(Plato 柏拉图) ལྟ་བུའི་རང་ལས་མཁས་པའི་སློབ་མ་བྱུང་བ་ཡིན།(བརྒྱུད་ནས་ཨ་རིས་སི་ཐོ་ཐེལ་Aristotle 亚里士多德ལྟ་བུ་ཡང་བྱུང་།) འོན་ཏེ་ཁུང་ཙིའི་རྗེས་འཇུག་པ་དག་ནི་དུས་གཏན་དུ་“འཕགས་པ”ཁུང་ཙིའི་འཐིབ་སྨུག་གི་ཁྲོད་དུ་རྣམ་པར་འཁྱམས་ཤིང་མཆིས་སོ།།

ནུབ་ཕྱོགས་ཀྱི་སློབ་གསོའི་སྲོལ་རྒྱུན་དང་ཀྲུང་གོའི་སློབ་གསོའི་སྲོལ་རྒྱུན་གྱི་ཁྱད་པར་ནི། དོན་དངོས་སྟེང་སྔར་ནས་ཕོ་ལཱ་ཐུའི་ཟིན་བཏུས་ནང་གི་སཱོ་ཁི་ར་ཐི་དང་། «མཆིད་ཟིན»❶དུ་བསྟན་པའི་ཁུང་ཙིའི་ས་ནས་གདན་གཞི་བཏིང་གྲུབ་ནས་ཡོད་པས། སཱོ་ཁི་ར་ཐིའི་གསུང་ཟིན་དང་ཁུང་ཙིའི་གསུང་ཟིན་ནི་འདི་གཉིས་ཀྱི་ཁྱད་པར་མཚོན་པའི་མཚན་གཞི་ཆེས་ལེགས་ཤོས་དེ་ཡིན།

སཱོ་ཁི་ར་ཐིས་གྲགས་ཅན་བསྟན་བཅོས་གང་ཞིག་བཀླགས་རབས་མ་ཐོས་མོད། འོན་ཏེ་སློབ་མ་རྣམས་ཁོང་ལ་བསྟེན་པ་ཙམ་ནས། ཁོང་གི་འཛད་དུ་མེད་པའི་དྲི་བས་བསམ་གཞིག་གི་སྒོ་མོ་ངང་གིས་འབྱེད་དེ་ཡོང་ལ། མཉམ་གཅིག་ཏུ་གནད་དོན་གྱི་རྩ་བར་འཚོལ་རྩད་བྱེད་པའི་ཀླད་པ་ཡང་རང་བཞིན་གྱིས་སྒུལ་ཏེ་ཡོང་བ་ནི་འཛད་མེད་ལུ་གུ་བརྒྱུད་ཀྱི་ཚུལ་དུ་འབྱུང་བའོ།།

འདི་ལྟའི་ཁ་བརྡའི་ཐབས་ཚུལ་གྱིས་རྗེས་རབས་པར་སྔོན་གྱི་སྐྱེས་བུ་དག་གིས་བསམ་གཞིག་གནང་སའི་གནད་དོན་ལ་ཤེས་འདུན་གྱི་མོས་སྤྲོ་སློང་བར་བྱེད་ཅིང་། དེ་དག་གིས་མཇུག་མ་གྲུབ་པའི་བསམ་གཞིག་དག་མི་རབས་རིམ་པར་བརྒྱུད་སྤྲོད་དང་ཟབ་འཇུག དེ་བཞིན་དུ་ཁ་སྐོང་དང་གོང་བརྒལ་བྱེད་པའི་བར་སྟོང་ཡང་སྩོལ་བར་བྱེད།

བརྒྱུད་རིམ་འདིའི་ཁྲོད་ནས་མི་ཚང་མའི་ཉམས་མྱོང་དང་ཤེས་རབ་ལ་གསར་གཏོད་རང་བཞིན་གྱི་བློ་སྐྱེད་འཐོབ་ཅིང་། མི་ཚང་མར་བསམ་གཞིག་དང་སྨྲ་བརྗོད་ཀྱི་ཐོབ་དབང་ཡང་རེག་པར་བྱེད།

ཡིན་ཡང་«མཆིད་ཟིན»གྱི་ཁྲོད་དུ། མང་ཤོས་ནི་ཁུང་ཙིས་བཀའ་བསྩལ་བའི་རྣམ་པས་སྒྲིག་ལམ་ཞིག་དྲིལ་སྒྲོག་དང་། མཐའ་གཅོད་ཁྲིམས་དཔོན་❷གྱི་ངག་སྒྲོས་ཁྱེར་ཏེ་སྡོམ་ཚིག་ཅིག་ཁྱབ་སྒྲོག་བྱེད་པ་ཙམ་ལས། བསམ་གཞིག་གི་བརྒྱུད་རིམ་ཞིག་མངོན་དུ་མེད་ལ་སློབ་མར་དོགས་དཔྱོད་ཀྱི་བར་སྟོང་ནི་དེ་བས་ཀྱང་སྟེར་མེད། དེ་བཞིན་རྗེས་རབས་པར་མུ་མཐུད་དེ་རྟོག་མྱུལ་བྱ་ཆོག་པའི་གོ་སྐབས་ཤིག་ཁྱོན་ནས་བཞག་མེད་མོད། འོན་ཏེ་སྐལ་བ་གཅིག་རང་བསྩལ་ཡོད་པ་ནི་ཕྱི་རབས་པ་དག་གིས་ཅིས་ཀྱང་བསྐྱར་ཟློས་ཀྱིས་བློར་ངེས་དགོས་པའི་གདམས་ངག་ཙམ་མོ།།

སཱོ་ཁི་ར་ཐིའི་ངོར་སློབ་གསོ་ནི་གླེང་མོལ་དང་དཔྱད་བསྡུར་ཙམ་ཞིག་ཡིན་ལ། མ་ཟད་བརྒྱུད་རིམ་འདིའི་ཁྲོད་དུ་སློབ་མའི་དོགས་སློང་འདུ་ཤེས་དང་ཤེས་འདོད་ཀྱི་མོས་སྤྲོ་སྐྱེད་ཅིང་སྲིང་བར་བྱེད། སྤྱིར་བསྟན་བཅོས་ཀློག་པར་ནན་སྐུལ་ཡང་བྱེད་མོད། དེ་ཡང་དོགས་གནད་སློང་བའམ་དོགས་གནད་ཐག་གཅོད་ཀྱི་ཆེད་དུ་ཡིན་པ་ལས། ཞིང་པའི་མཛོད་ཁང་གི་འབྲུ་རིགས་ནང་བཞིན་གསོག་འཇོག་བྱ་བ་ཁོ་ནའི་དོན་དུ་མིན།

འདི་ལྟའི་སློབ་གསོས་སློབ་མའི་འཚར་འཛིན་གྱི་རང་གཤིས་❸ལ་ཚད་མཐོ་བའི་སྲུང་སྐྱོབ་བྱེད་ཅིང་། སློབ་སྦྱོང་ཁྲོད་ཀྱི་གསར་གཏོད་རང་བཞིན་གྱི་སྤྲོ་སྣང་ཡང་སྟེར་བར་བྱེད། ཐབས་ཚུལ་འདི་ལྟ་བུའི་མཛུབ་སྟོན་གྱི་འོག་ནས་སློབ་མས་གསར་རྟོགས་དང་བསམ་གཞིག དོགས་དཔྱོད་བཅས་ཀྱི་ཐབས་ལམ་རྙེད་ནུས། མ་ཟད་འདི་ལྟའི་ཐབས་ཚུལ་ལ་རིགས་པ་འཁྱེར་སྤོའི་❹ནུས་པའང་ཤུགས་ཆེར་ལྡན་པས་ཤེས་བྱའི་ཁྱབ་ཁོངས་གང་ཡིན་གྱི་ཕྱོགས་སུའང་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པར་བྱེད་དོ།།

སློབ་མའི་རྒྱུད་ལ་དོགས་སློང་འདུ་ཤེས་དང་ཞིབ་དཔྱོད་འདུ་ཤེས་སྐྱེད་སྲིང་མི་ནུས་པའི་སློབ་གསོར་གསར་གཏོད་གྱི་ནུས་པ་གང་ཡང་ཡོད་མི་སྲིད་ལ། གོ་རྟོགས་ཀྱིས་མ་ཟིན་པའི་ཤེས་བྱ་དེས་ནི་རྒྱུན་ལྡན་གྱི་བསམ་གཞིག་ལ་འགོག་རྐྱེན་རྩོམ་པར་བྱེད།

འདི་ལྟར་བྱིས་པའི་ལྟ་ཚུལ་ནི་ནམ་ཡང་དར་མ་དག་དང་མི་མཐུན་པའང་ཁོ་ཚོའི་ཀླད་པར་ཤེས་བྱ་མང་པོ་ཞིག་གིས་ཁ་སྐོང་བྱས་མེད་པའི་རྐྱེན་གྱིས་ཡིན། དེ་བས་དཔྱད་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ཐབས་ཚུལ། བློས་བསླངས་ཀྱི་ནུས་པ་❺དང་གསར་གཏོད་ཀྱི་ནུས་པ་བཅས་ནི་ངེས་ཆ་དེ་ཙམ་མང་པོ་མེད་པའི་གཞིར་ད་གཟོད་མངོན་དུ་འགྱུར་ཐུབ་པ་ཞིག་གོ།

དཔེ་ཆ་ཀློག་པ་ནི་བསམ་གཞིག་སྐུལ་སྤེལ་གྱི་ཆེད་དུ་ཡིན་པ་ལས། ངེས་གསལ་གྱི་ཆེད་དུ་ངེས་གསལ་གཏོང་བ་མིན། དེས་ན་ང་ཚོས་ནམ་ཡང་ཨེན་སི་ཐན་གྱི་ཉེན་བརྡ་འདི་ཁྱོན་ནས་བརྗེད་མི་རུང་སྟེ། “སློབ་ཁང་ནས་བསླབས་པའི་ཤེས་བྱ་ཡོད་ཚད་བརྗེད་ཟིན་པའི་རྗེས་སུ་ལྷག་པ་དེ་ནི་དངོས་གནས་ཀྱི་སློབ་གསོ་དེའོ”ཞེས་སོ།།

ང་ཚོའི་སྲོལ་རྒྱུན་གྱི་ཁྲོད་དུ་འདི་ལྟའི་སློབ་གསོར། “ཁྱོད་ཀྱིས་ཡང་སྙིང་བྱིས་པར་ཅི་ཞིག་བྱེད་དུ་འཇུག་གི་ཡོད། འདི་སློབ་མར་གནོད་སྐྱེལ་བ་མ་རེད་དམ། མ་ཟད་ཉིན་ཕྱེད་ཅིག་ལ་འབད་དེ་ཚད་ལྡན་གྱི་དྲིས་ལན་ཞིག་ཀྱང་མི་འདུག”ཅེས་ནན་འདྲི་བྱེད་སྲིད།

དེ་ལ་འུ་ཅག་ནི་ནམ་ཡང་“དངོས་ཡོད”ཀྱི་ཅ་ལག་ཅིག་རེག་མི་ཐུབ་པར་འཇིགས་ནས་ཡོད་པས། རྒྱུན་པར་གལ་ཏེ་སློབ་མས་ཤེས་བྱ་འགའ་ཞིག་ངེས་མེད་པའམ་བློར་འཛིན་ནུས་མེད་ན། སློབ་གསོ་དེ་ལ་སྙིང་པོ་མེད་པར་ངོས་འཛིན་བྱེད།

ཀྲུང་གོའི་གནའ་བོའི་སྒེར་བཙུགས་སློབ་གྲྭར་སྤྱིའི་ཆ་ནས་སློབ་གསོའི་ཐབས་ཚུལ་གཅིག་ཁོ་ན་ཞིག་བདོག་པ་སྟེ། དེ་ཡང་སློབ་མ་ཚོར་གོ་རྟོགས་གང་ཡང་མེད་པར་“གཞུང་བཞི”དང་“བསྟན་བཅོས་ལྔ”བསྐྱར་ཟློས་ཀྱིས་བློར་འཛིན་དང་། ཐ་ན་ངག་སྐྱོར་ཆུ་བཞུར་མའི་བར་དུ་འདོན་དུ་བཅུག་པའོ།།

འདི་ལྟའི་སློབ་གསོར་ད་གཟོད་གྲུབ་འབྲས་ལྡན་པར་རློམ་ཞིང་ཀུན་ཀྱང་ཡིད་ཡོངས་སུ་ཚིམ་པར་འགྱུར། ལར་བློར་འཛིན་དང་ངེས་གསལ་གྱིས་ལས་སླ་མོར་“གྲུབ་འབྲས”མངོན་དུ་བཅུག་པ་བདེན་མོད། འོན་ཏེ་དེས་སློབ་མའི་དགའ་ཕྱོགས་དང་མོས་སྤྲོ་གཞན་པར་རྨས་སྐྱོན་གཏོང་ངེས་ལ། དེ་བས་ཁོང་ཚོའི་འཚར་འཛིན་གྱི་གཤིས་ཀ་དང་བསམ་གཞིག་གི་ནུས་པ། བློས་བསླངས་ཀྱི་ནུས་པ་བཅས་འབུར་འཇོམས་བྱེད་སྲིད།

ཡིན་ཡང་། ད་ལྟའང་སྔར་བཞིན་གནའ་བོའི་གཞུང་དང་བསྟན་བཅོས་❻བློར་འཛིན་དང་ངེས་གསལ་གཏོང་བའི་ཚད་རིམ་སྤར་བཞིན་ཡོད། དེ་ཡང་ཁོང་ཚོས་གང་མགྱོགས་སྒོས་བྱིས་པའི་ཀླད་པ་གད་སྙིགས་ཀྱིས་བཀང་བ་དང་། བྱིས་པའི་ཚེ་སྲོག་ལ་དབུགས་འབྱིན་རྔུབ་ཀྱི་གོ་སྐབས་ཤིག་ཁྱོན་ནས་མི་སྟེར་བའི་དམིགས་འདུན་ཞིག་ཧ་ལམ་གཏན་ཁེལ་བྱས་ཟིན་ནས་འདུག་གོ།

སྙིང་རྗེ་བའི་ཡུལ་ཏེ། ང་ཚོའི་སློབ་མ་དག་ནི་སྐྱེས་ཙམ་ནས་ཡིག་ཆའི་ཆེད་དུ་འཚོ་བ་ཡིན་ལ། ང་ཚོའི་སློབ་གསོའང་སློབ་མ་ཚོ་ཡིག་ཆའི་ནང་དུ་འདྲུད་པའི་ཆེད་དུ་ཡིན་མོད། དངོས་གནས་བྱས་ན་རྣལ་མའི་སློབ་གསོ་ནི་ཡིག་ཆ་སློབ་མའི་ཚེ་སྲོག་གི་ཁྲོད་དུ་ཚུར་འདྲེན་བྱེད་ཅིག་ཡིན་འོས།

དེ་བས་དངོས་གནས་ཀྱི་བསམ་བློའི་ཤེས་རབ་ནི། ནམ་ཡང་གཟུགས་ལྡན་གྱི་གྲུབ་འབྲས་ཤིག་མིན་པར་གཟུགས་མེད་ཀྱི་བརྒྱུད་རིམ་ཞིག་ཡིན། འཛིན་ཆོག་ཆོག་གི་སྡོམ་ཚིག་ཅིག་མིན་པར་དོགས་སློང་གི་འདུ་ཤེས་ཤིག་དང་རྟོག་མྱུལ་གྱི་ནུས་པ་ཞིག་ཡིན། དེ་བཞིན་དུ་ཡི་གེའི་ངོས་ཀྱི་དངོས་བསྟན་ཙམ་མ་ཡིན་པར། ཡིག་འབྲུའི་བར་གསེང་དུ་ཉར་བའི་འགྱུ་ཞིང་འཕྲིག་པའི་དཔྱོད་ཤེས་དེ་ཡིན་ནོ།།

དེང་ཆར་ཡང་འུ་ཅག་སྔར་བཞིན་ཁུང་ཙིས་བསྩལ་བའི་སློབ་གསོའི་ཐབས་ཚུལ་ལས་བརྒལ་ཐུབ་མེད་དེ། འདི་ལྟར་ཁུང་དང་མུང་ལ་དད་ཅིང་གུས་པ་དང་། གཞུང་དང་བསྟན་བཅོས་དག་སྐྱོར་ཞིང་འཛིན་པ་ནས་བཟུང་སྟེ། རིགས་དང་ཁ་དོག་མི་གཅིག་པའི་“སློབ་གསོའི་སྐྱེས་ཆེན”དུ་འབོད་པ་ཚོར་དད་ཅིང་འདུད་པ། དེ་བཞིན་དུ་སློབ་སྦྱོང་ནི་བློར་འཛིན་དང་ངེས་གསལ་ཙམ་དུ་རློམ་ལ། རྟོག་མྱུལ་ནི་སྟབས་བདེའི་ལད་མོ་ཙམ་དུ་འཛིན། དོགས་དཔྱོད་དང་སུན་འབྱིན་ནི་“བསྙད་འདོགས”དང་“འཛིང་རྩོད”ཀྱི་མཛའ་མཐུན་མིན་པའི་སྐད་ཆར་བལྟས། བློས་བསླངས་ནི་དྲན་དགུ་འཕྲུལ་བཅུའི་དཀུ་གཡོ་ཙམ་དུ་བརྩིས་ཤིང་། གསར་གཏོད་ཀྱང་ཕུང་དཀྲུག་དང་གཏོར་གཤིག་ཅིག་ཏུ་བགྲངས་ནས་འདུག་པས་སོ།།

སྐྱེས་ཐོབ་ཤེས་རབ་ཅན་གྱི་མི་བུ་རྔན་གསོད་བྱེད་པ་ནི་དེ་རིང་གཞི་ནས་དར་བ་ཞིག་མིན་མོད། འོན་ཀྱང་དེ་རིང་ལྷག་པར་དུ་མི་རྣམས་ལ་སེམས་ངལ་གཟོད་མེད་དུ་སྟེར་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། དེ་རིང་ང་ཚོས་གནད་དོན་གྱི་ནད་སྐྲན་གསལ་པོར་མཐོང་ཐུབ་ཅིང་མཇུག་འབྲས་ཀྱི་ཚབ་ཆེའི་རང་བཞིན་ཡང་ཤེས་རྟོགས་ཐུབ་མོད། འོན་ཏེ་སྔར་བཞིན་གེགས་ཀྱི་རྒྱ་རིམ་འདི་དག་ཇི་ལྟར་བརྟོལ་བའི་ཐབས་ཚུལ་མི་རྙེད་པས་སོ།།

ང་ཚོས་དཔེ་ཆ་ཀློག་པ་ནི་ཕལ་ཆེར་རྒྱུགས་སྤྲོད་རྣལ་མ་ཙམ་གྱི་ཆེད་དུ་ཡིན་ལ། འཁྲབ་སྟོན་དང་མིའི་སྔུན་གཤོམ་སྟོན་བྱ་བའི་ཆེད་དུ་ཡིན། དེ་བཞིན་ལམ་སེང་མངོན་དུ་ཡོད་པའི་སྐབས་འཕྲལ་གྱི་ཕན་ནུས་ཙམ་ཞིག་འཐོབ་པའི་ཆེད་དུ་ཡིན།

ཡང་དག་པའི་སློབ་གསོ་ནི་དེ་ལས་ལྡོག་པར་བརྒྱུད་རིམ་ཙམ་ཞིག་སྟེ། བརྒྱུད་རིམ་དེའི་ཁྲོད་དུ་ཁྱོད་ཀྱི་ཚེ་སྲོག་གིས་ཉམས་ལེན་དང་ཚོར་རྟོགས། བཙོ་སྦྱང་བྱ་བ་བཅས་ནི་ད་གཟོད་ཅི་བས་ཀྱང་གལ་ཆེ་བ་དེའོ།། གཞུང་ལུགས་དང་བསླབ་བྱའང་དེ་དང་གཅིག་མཚུངས་ཏེ། ཁྱོད་ཀྱིས་གནད་དོན་མཐོང་བ་དང་བསམ་གཞིག་བྱ་བར་སྐུལ་འདེད་ཀྱི་ཕན་ནུས་ཐོན་སྐབས། གཞུང་ལུགས་དང་བསླབ་བྱ་འདི་དག་ལ་ད་གཟོད་ཁྱོད་ལ་ལྟོས་པའི་རིན་ཐང་དང་དོན་སྙིང་ལྡན་པ་ཡིན།

སཱོ་ཁི་ར་ཐི་འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་སྐབས་ནས་ཀྱང་ཁོའི་སློབ་མ་ཕོ་ལཱ་ཐུས་ཕུལ་དུ་བྱུང་བའི་གསར་གཏོད་ཀྱི་ནུས་པ་མངོན་པར་བྱས་ཤིང་། མ་ཟད་ནུབ་ཕྱོགས་རིག་གནས་ཀྱི་གལ་ཆེའི་འབྱུང་ཁུངས་ཤིག་ཏུའང་གྱུར།

ང་ཚོའི་སློབ་གསོ་རྣལ་མས་ནམ་ཡང་“སྐུ་ཡོན་ཆེ་བ”འབའ་ཞིག་གསོ་སྐྱོང་བྱེད་པ་ཡིན་པས། སྔོན་གྱི་སྐྱེས་བུའི་དཔེ་ཆར་རྣམ་འགྲེལ་རྩོམ་པ་གཙོ་བོར་རློམ་པ་ལས་དོགས་སློང་དང་དོགས་དཔྱོད་བྱ་བ་གལ་ཆུང་དུ་འཛིན། དེ་ལས་ཀྱང་གནད་དོན་དཔྱོད་རྟོག་གི་ཁྲོད་ནས་གོང་བརྒལ་གྱི་ནུས་པ་ནི་སྣང་མེད་དུ་བསྐྱུར་བར་བྱེད།

འོན་ཏེ་ཅུང་ཟད་དོགས་མི་བདེ་ས་གཅིག་པུ་ཞིག་མཆིས་པ་ནི་རྟག་པར་“གནའ་རྙིང་བསྐྱར་དར”གྱི་དར་ཆ་འཕྱར་ཏེ། གནའ་མི་དག་གི་རུ་བསྟར་ལ་བལྟས་ཏེ་ཚད་གཞི་བཅའ་བ་འདི་ཙམ་ཡིན། དེ་བས་དེང་ཆར་ཡང་ཡང་བསྐྱར་ཞིང་ཟློས་ཏེ་རང་བསྟོད་བྱེད་ཀྱིན་པའི་“གསར་གཏོད་ཆེན་མོ་བཞི”❼ནི་སློབ་གསོ་རྣལ་མ་དང་ཧ་ལམ་འབྲེལ་བ་གང་ཡང་མེད།

མདོར་དྲིལ་ན། ང་ཚོའི་སྲོལ་རྒྱུན་སློབ་གསོས་ནི་སྒེར་ཚུགས་ཀྱི་འཚར་འཛིན་སེམས་དང་། བློས་བསླངས་ཀྱི་ནུས་པ། དེ་བཞིན་གསར་གཏོད་ཀྱི་ནུས་པ་དང་རིགས་དཔོག་བཀོད་སྐྲུན་གྱི་ནུས་པ་❽བཅས་ལ་འཕེལ་རྒྱས་ཀྱི་བར་སྟོང་ཞིག་ཁྱོན་ནས་སྤྲད་མེད་དོ།།

མཆན།

❶ «མཆིད་ཟིན» «论语» ཁུང་ཙིའི་སློབ་བརྒྱུད་དག་གིས་ཁུང་ཙིའི་གསུང་མཆིད་དག་ཟིན་བཏུས་སུ་བཀོད་པའི་རྒྱ་གཞུང་ཞིག།

❷ མཐའ་གཅོད་ཁྲིམས་དཔོན། 终审法官  ཁྲིམས་ཁང་གིས་གྱོད་གཞི་ལ་མཇུག་མཐའི་ཐག་གཅོད་བྱེད་མཁན་གྱི་ཁྲིམས་དཔོན་ནོ།།

❸ མཚར་འཛིན་གྱི་རང་གཤིས། 好奇的天性 བྱ་དངོས་གང་ཞིག་ལ་ངོ་མཚར་དུ་འཛིན་ཞིང་ཤེས་ན་འདོད་པའི་ལྷན་སྐྱེས་ཀྱི་གཤིས་ཀའོ།།

❹ འཁྱེར་སྤོ། 迁移 སྤྱིར་མིང་མཛོད་ལས།  “ས་སྤོར། move; migrate སྔ་མའི་སྡོད་གནས་ལས་བྲལ་ཏེ་ས་ཆ་གཞན་ལ་སྤོར་བའོ།།”ཞེས་གཏན་ལ་ཕབ་མོད། སྐབས་ཐོབ་ཀྱི་གོ་བ་ནི་རིགས་ལམ་ཁ་སྤོ་བའམ་རིགས་པ་དེ་དོན་མཚུངས་གཞན་ལའང་བཀོལ་བའི་ནང་དོན་ཡིན་པས། “རིགས་པ་འཁྱེར་སྤོ”ཞེས་བསྒྱུར་བར་བྱས་སོ།།

❺ བློས་བསླངས་ཀྱི་ནུས་པ། 想象力 ཤེས་རྟོགས་གང་ཞིག་གི་རྨང་གཞིའི་སྟེང་དུ་རྟོག་འཆར་བརྒྱུད་དེ་བློས་བསླངས་བྱེད་པའི་ནུས་པའོ།།

❻ འདིར་བསྟན་གྱི་གཞུང་དང་བསྟན་བཅོས་ནི་ཀྲུང་གོའི་གནའ་བོའི་གཞུང་བཞི་དང་བསྟན་བཅོས་ལྔ་དག་ལ་སྤྱི་མིང་བྱེ་བྲག་ལ་བཏགས་པའོ།།

❼ གསར་གཏོད་ཆེན་མོ་བཞི། 四大发明 ཀྲུང་གོའི་གནའ་བོའི་གསར་གཏོད་ཆེན་མོ་བཞི་སྟེ། ཤོག་བུ་དང་། པར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ། འབར་རྫས་བཅས་སོ།། 

❽ རིགས་དཔོག་བཀོད་སྐྲུན་གྱི་ནུས་པ། 理性建构力 རིགས་ལམ་གྱི་རྗེས་དཔོག་འཆར་བཀོད་དང་སྐྲུན་འཛུགས་བྱེད་པའི་ནུས་པའོ།།