གཅིག

བོད་མི་སྐོར་ཞིག་གིས་ཤོག་ཁ་དང་སྡེ་ཚན་བྱས་ནས་གློག་བརྙན་ལག་དམར་གླེང་སོང་། སྤྱིར་ན་དེ་ནི་དགའ་འོས་པ་ཞིག་རེད། འཁྲབ་ཁྲིད་པ་བོད་ཡིན་ལ། འཁྲབ་མཁན་དག་བོད་ཡིན་པ་མ་ཟད། གློག་བརྙན་ནང་གི་འཇིག་རྟེན་དེ་བོད་ཀྱི་འཚོ་བ་གཞི་བྱས་ཡོད་པ་ཞིག་ཡིན་པས། རྒྱ་མི་དང་ཕྱི་གླིང་བ་ཚོ་དང་མི་འདྲ་བར་བོད་མི་ཚོར་མྱོང་ཚོར་གསར་པ་ཞིག་དང་གཞན་དག་གི་སྐད་ཆ་དང་མི་འདྲ་བའི་གདེང་འཇོག་གསར་པ་ཞིག་ལོས་ཡོད་འདོད། འོན་ཀྱང་ཕལ་མོ་ཆེས་གློག་བརྙན་གྱི་ཁྱད་ཆོས་མི་གླེང་བར་འབྲེལ་མེད་ཀྱི་སྐད་ཆ་མང་པོ་ཞིག་གིས་ངོ་བསྟོད་འདྲ་བྱས་སོང་། དེས་ལག་དམར་གྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལ་སུན་གཙེར་དང་བློ་ཕམ་སྟེར་ཡོད་ཀྱང་སྲིད།

མི་ལ་ལས་གློག་བརྙན་འདིས་སྟོང་པ་ཉིད་དང་མི་རྟག་པ་སོགས་རིག་གནས་ཀྱི་ལྟ་བ་ཆེན་པོ་ཞིག་མཚོན་འདུག་ཟེར། ཞིབ་ཏུ་བསམ་ན། གློག་བརྙན་གྱི་ནང་དོན་དང་འབྲེལ་མེད་ཀྱི་སྐད་ཆ་དེ་དག་བསྟོད་པའི་ཚུལ་གྱིས་སྨད་པ་ཞིག་ཏུ་གྱུར་འདུག

ཡང་ཁ་ཤས་ཀྱིས་གློག་བརྙན་ལག་དམར་ནི་པད་མ་ཚེ་བརྟན་གྱི་གློག་བརྙན་སྔོན་མ་དག་དང་སྡུར་ན་ཧ་ཅང་ཡག་ཟེར། གློག་བརྙན་ཁང་ནས་བལྟས་ཚར་མ་ཐག་ང་ལ་ཡང་ཡག་སྣང་ཆེན་པོ་སྐྱེས་སོང་། གློག་བརྙན་ལ་ལྟ་བའི་གོ་རིམ་ཁྲོད་བརྙན་མིག་རེ་རེ་དང་མི་སྣའི་སྐད་ཆ་རེ་རེ། སྒྲ་དབྱངས་རེ་རེ་དབང་བོའི་ལོངས་སྤྱོད་མཆོག་ཏུ་གྱུར་བ་ཞིག་ཏུ་གྱུར། ཡག་སྣང་སྟེར་བའི་རྒྱུ་མཚན་བཤད་དུས་རྒྱུན་གློག་བརྙན་ཁང་ན་བོད་སྐད་གློག་བརྙན་མེད་པ་དང་། འཁྲབ་མཁན་ལ་ལ་རང་དང་ཕ་ཡུལ་གཅིག་པ་ཡིན་པར་མ་ཟད་ངོ་ཤེས་ཡིན་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་འདུག ཕྱིར་སོང་ནས་ཞིབ་ཏུ་བསམ་བློ་བཏང་ཚེ། རིམ་གྱིས་གློག་བརྙན་དེའི་མི་ཡག་པའི་ཆ་དག་ཡིད་ལ་ཤར་ཡོང་། 

གློག་བརྙན་ལག་དམར་ནི་ཁོང་གི་ཡར་སྔོན་གྱི་གློག་བརྙན་དག་དང་སྡུར་ན་མཚོན་ཐབས་ཀྱི་ཆ་ནས་འདྲ་ས་མང་པོ་འདུག ཁོང་གི་གློག་བརྙན་གང་ཡིན་ཡང་མི་རབས་གསར་རྙིང་གི་ཁྱད་པར་(代沟)ཞིག་བསྟན་ཡོད། དཔེར་ན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ནང་གི་གྲྭ་པ་རྒན་གཞོན་གཉིས་དང་། ཁྱི་རྒན་ནང་གི་ཕ་བུ་གཉིས། ཐར་ལོའི་ནང་གི་ལུག་རྫི་དང་སྐྲ་བཞར་བུ་མོ། ལག་དམར་ནང་གི་ལག་དམར་སྦྱིན་པ་དང་ཁ་ལོ་བ་སྦྱིན་པ། ཚང་མའི་ནང་གི་ཡས་ཀྱི་མི་སྣ་དག་གི་བྱ་སྤྱོད་དང་ཆ་ལུགས། བསམ་པའི་འཁྱེར་སོ་གང་གི་ཐད་ནས་མི་རབས་སྔོན་མའམ་རྒན་པའམ་རྙིང་པའི་སྣང་བརྙན་ཞིག་མཚོན་ཡོད། མས་ཀྱི་མི་སྣ་དག་གིས་གཞོན་རབས་དང་གསར་པའམ་དེང་སང་གི་མི་རབས་གསར་པའི་བསམ་པའི་འཁྱེར་སོ་ཞིག་མཚོན་ཡོད། གློག་བརྙན་ལག་དམར་ནང་གི་ཇ་ཁང་བདག་མོ་ནི་གསར་རྙིང་གཉིས་ཀྱི་བར་ན་གནས་ཤིང་གདམ་ང་ཞིག་གི་མཚོན་རྟགས་སུ་གྱུར་ཡོད། རླངས་འཁོར་ནང་ནས་ཡོང་བའི་སྦྱིན་པ་ལ་དགའ་བོ་འདྲ་བྱེད་པ་དང། རྐང་ཐང་དུ་ཡོང་བའི་ལག་དམར་སྦྱིན་པ་ལ་རྣམ་འགྱུར་འཁྱག་པོ་འདྲ་འཛིན་པ་ཡིས་རིག་གནས་གསར་རྙིང་གཉིས་ཀྱི་གདོང་ཐུག་བར་ནས་བྱུང་བའི་རིན་ཐང་ལྟ་ཚུལ་ཞིག་དང་བསམ་པའི་འཁྱེར་སོ་ཞིག་གི་འདྲ་དཔེ་མཐོང་ཐུབ། གང་ལྟར་འདི་དག་ཚང་མ་གློག་བརྙན་ལག་དམར་ལ་མཚོན་ན་གསར་པ་ཞིག་དང་བརྩམས་ཆོས་སྔ་མ་དག་ཏུ་བྱུང་མ་མྱོང་བ་ཞིག་མ་རེད། དེས་པདྨ་ཚེ་བརྟན་གྱི་བརྩམས་ཆོས་ཀྱི་ཁ་གཏད་ས་ཞིག་གམ་སྒེར་གྱི་ཁྱད་ཆོས་ཤིག་གམ་སྔར་སྲོལ་ཞིག་རྒྱུན་འཛིན་བྱས་པ་ལྟ་བུར་སྣང་།

གཉིས།

གལ་ཏེ་གློག་བརྙན་ལག་དམར་གྱི་བསམ་བློའམ་སྒྱུ་རྩལ་གྱི་ཆ་ནས་མི་འདྲ་ས་ཞིག་ཡོད་ཟེར་ན། ཕལ་ཆེར་ཚེ་སྲོག་ལ་བལྟས་པའི་མཐོང་སྣེ་ནས་དཔྱད་ན་ལེགས་སྙམ། ཟླ་བཞི་བའི་ཚེས26ཉིན་གློག་བརྙན་གཟིགས་འབུལ་གྱི་ཡུལ་དངོས་ནས་པདྨ་ཚེ་བརྟན་གྱིས་ལྟ་མཁན་ཞིག་གི་དྲི་བར་ལན་འདེབས་སྐབས། ལུག་ཅིག་ལྔ་ལམ་དུ་སོང་བའི་བྱུང་རིམ་དེ་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མཚོན་པའི་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན་ཟེར། སྤྱིར་ན་མི་རིགས་ཤིག་གི་རིག་གནས་ཀྱི་རིན་ཐང་ནི་མི་རིགས་དེས་ཚེ་སྲོག་ལ་བཟུང་བའི་རྣམ་འགྱུར་ལས་ཤེས་ཐུབ་པ་ཞིག་ཡིན་ལ། སྒྱུ་རྩལ་པ་ཞིག་གི་བསམ་བློའི་ཆུ་ཚད་ཀྱང་དེ་ལས་རྟོགས་ཐུབ། འོན་ཀྱང་ཁོང་གི་སྐད་ཆ་དེས་གློག་བརྙན་གྱི་ནང་དོན་ཁ་ཇེ་གསལ་དུ་གཏོང་བར་རམ་འདེགས་མི་ཐུབ་པར། དེ་ལས་ལྡོག་ཏེ་གློག་བརྙན་ནང་གི་གཏམ་རྒྱུད་གཉིས་ཀྱི་གཏན་ཚུགས་ཀྱི་འབྲེལ་བ་འཐོར་ཞིག་ཏུ་བཏང་སོང་བའི་ཚོར་བ་ཞིག་སྟེར་སོང་།

གློག་བརྙན་ཁྲོད་ཀྱི་ལུག་བསད་པའི་བྱུང་རིམ་དངོས་ལ་བལྟས་ན་ཚེ་སྲོག་འདྲ་མཉམ་གྱི་ལྟ་ཚུལ་ནི་ཕལ་བ་རུ་གྱུར་ཡོད། རྒྱུ་མཚན་སྦྱིན་པས་ལུག་དེ་མ་བསམ་ས་ནས་བསད་པ་ལ་སྙིང་རྗེ་དང་འགྱོད་བཤགས་བྱེད་པ་ཞིག་མིན་པར། རང་ལ་ལྟས་ངན་པ་ཅི་ཞིག་འབྱུང་བར་སེམས་ཁྲལ་བྱེད་པ་དང་རྐྱེན་ངན་བར་ཆད་གང་ཞིག་བཟློག་ཕྱིར་ལུག་རོ་དགོན་ནང་དུ་ཁྱེར་ནས་དགེ་བསྔོ་བྱས་ཡོད། ཁ་ལོ་པའི་བྱ་སྤྱོད་དེ་རང་གི་བྱ་བ་ལམ་འགྲོའི་ཆེད་དུ་བྱས་པ་ཞིག་ལས་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ། ལུག་བསད་པ་ལ་འགྱོད་པ་གཏིང་ནས་སྐྱེས་ཏེ་དེའི་ཚེ་སྲོག་ལ་བརྩི་བཀུར་བྱེད་པའི་རྣམ་པ་གསལ་པོ་ཞིག་ཐོན་མེད། དེའི་ཕྱིར་ཚེ་སྲོག་འདྲ་མཉམ་གྱི་བསམ་བློ་ནི་རྩོམ་མཁན་གྱི་བསམ་པའི་ནང་ཡོད་པའི་དབང་དུ་བྱས་ཀྱང་བརྩམས་ཆོས་ཀྱིས་ཁ་འཕྲོད་པ་ཞིག་མཚོན་ཐུབ་མི་འདུག ལུག་རོ་དགོན་ནང་དུ་ཁྱེར་བ་ནི་རང་གི་སྡིག་པའི་ཉེས་དམིགས་བཤགས་པ་དང་། ཕྱིན་ཆད་རང་ལ་བར་ཆད་མི་འབྱུང་བའི་ཆེད་དུ་བསྔོ་སྨོན་བྱས་པ་ཞིག་ཡིན་པས། གལ་ཏེ་ཚེ་སྲོག་འདྲ་མཉམ་གྱི་ལྟ་ཚུལ་ཞིག་ཏུ་མ་སྦྱར་ན། ལག་དམར་གྱི་ཕ་གསོད་མཁན་རྒན་པོ་དམར་ཙས་མི་བསད་རྗེས་ནས་ས་མཐར་བྲོས་བྱོལ་གྱིས་མཇལ་སྐོར་སྒྲུབ་སྦྱོང་བྱེད་པའི་བྱ་སྤྱོད་ཀྱི་བར་དུ་གཏན་ཚིགས་ཀྱིས་འབྲེལ་བ་ཞིག་ཡོད་པས་གློག་བརྙན་སྒྱུ་རྩལ་གྱི་ནང་གི་འབྲེལ་བ་ཆིག་སྒྲིལ་ཐུབ་ཡོད་ལ། གཞན་གྱིས་རྩོམ་པ་པོ་མི་འདྲ་བའི་སྒྲུང་གཉིས་འཁྲབ་གཞུང་ཏུ་བཅོས་པའི་རྒྱུ་མཚན་ཀྱང་ཚོར་ཐུབ།

གློག་བརྙན་ལག་དམར་དུ་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ཉིད་དགེ་ཐོན་པ་ཞིག་དང་བདེན་པར་སྣང་བ་ཞིག་ཐོན་མེད་པ་ལ་རྒྱུ་རྐྱེན་གཞན་ཞིག་ཡོད་པར་འདོད་དེ། པདྨ་ཚེ་བརྟན་གྱི་བསམ་བློའི་རྨང་གཞིའི་ནང་ན་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མི་འདུག་ཅེས་བཤད་ན་འགལ་བ་མི་འདུག་སྙམ། རྒྱུ་མཚན་ཁོང་གི་གློག་བརྙན་སྔ་མ་ཁྱི་རྒན་གཅིག་པུར་དཔྱད་ན་ཤེས་ཐུབ། གློག་བརྙན་དེ་རུ་ཁྱི་རྒན་ཞིག་གི་སྟེང་ནས་ཕ་བུ་གཉིས་ཀྱི་བསམ་པའི་བར་ཁྱད་མཚོན་ཡོད། ཁྱིའི་རིན་གོང་མཐོ་ཞིང་ཁྱི་རྐུན་མ་མང་བའི་དུས་ཤིག་ལ། བུ་ནི་ཁྱི་རྒན་རྐུན་མས་འཁྱེར་བ་ལས་ཁྱི་ཉོ་ལ་བཙོང་ཏེ་སྒོར་རྡོག་འགའི་ཡོང་འབབ་བསམ་མཁན་ཞིག་ཡིན། ཕའི་བསམ་པ་དེ་ལས་ལྡོག་ཏེ་སྒོ་ཁྱི་བཙོང་བ་ནི་དཔེ་ངན་ཞིག་གམ་ལ་རྒྱ་མེད་པའི་བྱ་སྤྱོད་ཅིག་ཏུ་འདོད། མཐར་རྒན་པོས་ཁྱི་རྒན་རྒྱ་ལ་མི་བཙོང་བ་དང་རྐུན་མའི་ལག་ཏུ་མི་ཚུད་པའི་ཆེད་དུ། ལྕགས་ཚེར་སྒང་ལ་བཏགས་ཤིང་ཨག་བསྒགས་ནས་བསད་དེ་རྒན་པོའི་སྔར་སྲོལ་མི་འདོར་བའི་ཨུ་ཚུགས་དང་རང་གཤིས་སྲ་མོ་དེ་མངོན་པར་མཚོན་ཡོད། གློག་བརྙན་གྱི་མཇུག་སྡུད་སྟངས་དེས་གློག་བརྙན་ལྟད་མོ་བ་རྣམས།བློ་ཡུལ་ལས་འགོངས་ཤིང་།ཧང་སངས་སར་བྱེད་པའི་ངོ་མཚར་ཞིག་སྟོན་འདོད་པ་ཡིན་སྲིད། འོན་ཀྱང་རྒན་པོས་མཐར་ཁྱི་རྒན་བསད་པས་གློག་བརྙན་ལ་སྒྱུ་རྩལ་གྱི་རིན་ཐང་གང་ཡང་མེད་པར་གྱུར། བོད་ཀྱི་རིག་གནས་ཀྱིས་ཚེ་སྲོག་ཐམས་ཅད་འདྲ་མཉམ་དུ་འདོད་པས་ལུག་གི་ཚེ་སྲོག་དང་ཁྱིའི་ཚེ་སྲོག་ལ་ཁྱད་པར་ཡོད་མི་སྲིད། འོན་ཀྱང་པད་མ་ཚེ་བརྟན་གྱི་གློག་བརྙན་ཁྲོད་ཀྱི་ཚེ་སྲོག་གི་ལྟ་བ་ནི་འགལ་བས་ཁེངས་ཡོད་པ་སོགས་ལ་གཞིགས་ན། ཁོང་གི་གློག་བརྙན་གྱིས་བོད་མི་རིགས་འཛམ་གླིང་ལ་ངོ་སྤྲོད་བྱས་ཡོད་ཚུལ་གྱི་གླེང་ཕྱོགས་དེ་དག་ཧ་ཅང་བཤད་སྔ་བའི་སྡོམ་ཚིག་ཅིག་ཏུ་གྱུར་ཡོད།

གསུམ།

གློག་བརྙན་ལག་དམར་དུ་བརྗོད་དོན་ཆེན་པོ་གཉིས་སྐྱ་འཐབ་པའི་ཚུལ་དུ་མངོན་ཡོད། གཅིག་ནི་མ་བསམ་ས་ནས་ལུག་བསད་པ་དང་། ཅིག་ཤོས་ནི་ཕ་བསད་ལག་དམར་འཚོལ་བ་ལས་བྱུང་ཡོད། ལུག་བསད་པ་ནི་པད་མ་ཚེ་བརྟན་གྱི་སྒྲུང་ཐུང་《ལུག་གཅིག་ལྔ་ལམ་དུ་བརྫངས》ལས་བྱུང་བ་དང་། ཕ་གསོད་ལག་དམར་འཚོལ་བ་ནི་ཚེ་རིང་ནོར་བུའི་སྒྲུང་ཐུང་《ལག་དམར》གྱི་ནང་དོན་རེད། གློག་བརྙན་འདིའི་གཏམ་རྒྱུད་ནི་སྒྲུང་ཐུང་དེ་གཉིས་བསྡེབས་པ་ཡིན་ཟེར། འོན་ཀྱང་གློག་བརྙན་འདི་སྒྲུང་དེ་གཉིས་ཁོ་ནས་གྲུབ་པ་ཞིག་མིན་པར་གློག་བརྙན་ནང་གི་ཇ་ཁང་དང་། ཇ་ཁང་བདག་མོ། ཤོ་རྒྱག་རྒན་པོ་དག་གི་ཕུར་བུ་ཞིག་གི་སྐོར་གྱི་ཁ་བརྡ་སོགས་ཚང་མ་ཚེ་རིང་ནོར་བུའི་སྒྲུང་ཐུང་《ངག་རྒྱུན》ལས་བླངས་པ་ཞིག་རེད། དེ་ནི་གློག་བརྙན་གྱི་གྲུབ་ཆའི་ཆ་ཤས་ཤིག་ལས་བརྗོད་དོན་དང་འབྲེལ་བ་ཆེན་པོ་མེད་པས་གསལ་ཁ་མ་བཏོན་པ་ཡིན་སྲིད། གང་ལྟར་སྒྲུང་འདི་དག་བཀླགས་མྱོང་མཁན་ཞིག་ཡིན་ན་གློག་བརྙན་འདིའི་སྒྲིག་གཞི་དང་གཏམ་རྒྱུད་ཀྱི་བྱུང་རིམ། ཕུགས་ཀྱི་བསམ་བློ་སོགས་གོ་སླ་བ་ཞིག་རེད། བོད་པ་ཞིག་ཡིན་ཕྱིན་སྒྲུང་དེ་དག་བཀླགས་མྱོང་མེད་ནའང་གློག་བརྙན་གྱི་ནང་གི་བསམ་བློ་སྟེ། དགེ་སྒྲུབ་སྡིག་སྤོང་དང་། སྡིག་པའི་ཉེས་དམིགས་བཤགས་པ་སོགས་ནི་བོད་ཀྱི་རིག་གནས་ཀྱི་རྒྱུན་ལས་བྱུང་ཞིང་། ང་ཚོ་ཐུན་མོང་གི་བག་ཆགས་སུ་གྱུར་བ་ཞིག་ལས་གོ་མ་མྱོང་བའི་གསར་པ་གསར་རྐྱང་གང་ཡང་མ་རེད། འོན་ཀྱང་ཁ་ཤས་ཀྱིས་གློག་བརྙན་འདི་ལ་ལྟ་བར་སྒྱུ་རྩལ་གྱི་བློ་སྦྱོང་ངེས་ཅན་ཞིག་དགོས་ཟེར་བ་དང་། དེང་རབས་ཕྱི་མ་དང་དངོས་ཡོད་སྒྱུ་འཕྲུལ་སོགས་ནུབ་ཕྱོགས་ཀྱི་གཞུང་ལུགས་དེ་དག་གི་སྤྱན་དང་གོ་རྟོགས་མེད་ན་དོན་མི་གོ་ཟེར་བ་ཚང་མ་བསམ་བློ་ཞིབ་མོ་མ་བཏང་བའི་སྐད་ཆ་ཞིག་ཨེ་ཡིན་ནམ་བསམ་སོང་།

བཞི།

གློག་བརྙན་ལག་དམར་གྱི་མཇུག་ཏུ། དྲན་པ་དང་མངོན་སུམ་དང་རྨི་ལམ་བཅས་བརྙན་རིས་ཀྱི་ཚོན་མདངས་མི་འདྲ་བ་གསུམ་ལ་བརྟེན་ནས་བསྲེས་ཏེ་གསང་བ་དང་ཚུལ་འཆལ་(荒诞)གྱི་ཁམས་ཤིག་སྐྲུན་པ་དང་། ལུག་རོ་དུར་ཁྲོད་ནས་བྱ་གཏོར་བྱེད་པ་སོགས་བོད་ཀྱི་རིག་གནས་འཚོ་བ་ལ་རྒྱུས་ལོན་མེད་པར། བོད་ཡུལ་སྒྱུ་མའི་གྲོང་དུ་འདོད་མཁན་རྒྱ་མི་དང་ཕྱི་གླིང་བ་དག་ལ་ཆེད་དུ་འཁྲབ་སྟོན་བྱས་པ་ལྟ་བུ་ཞིག་འདུག 

བོད་མི་ཞིག་གིས་བལྟས་ན། བྱིས་པའི་རྩེད་མོ་ལྟ་བུའི་ལུག་རོ་བྱ་གཏོར་གྱི་འཁྲབ་ཚན་དེས་གློག་བརྙན་ནང་གི་འཇིག་རྟེན་དེ་ར་མགོ་ལུག་སྦྱར་བྱས་ཤིང་། གློག་བརྙན་གྱི་སྒྱུ་རྩལ་གྱི་བདེན་སྣང་ཡོངས་སུ་བཅོམས་འདུག ཡང་ན། ལུག་རོ་བྱ་གཏོར་གྱིས་གློག་བརྙན་འདིར་ལྟ་མཁན་གྱི་བོད་པ་ཚོར་མཐོང་ཆུང་བྱས་པ་ལྟ་བུ་ཞིག་ཏུ་གྱུར་འདུག ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། བོད་ཀྱི་རིག་གནས་འཚོ་བ་དང་འབྲེལ་མེད་ཀྱི་སྣང་ཚུལ་དེའི་རིགས་ཀྱིས་ཕྱི་གླིང་བ་དང་རྒྱ་མི་ཚོས་རྟོགས་བཏགས་བྱས་པའི་བོད་ཅེས་པ་དེ་ཅི་ཐུབ་གང་ཐུབ་ཀྱིས་མཚོན་ཡོད། འོན་ཀྱང་པདྨ་ཚེ་བརྟན་ལ་མཚོན་ན་འདི་ནི་བསམ་པས་མ་ཟིན་པའི་དོན་དག་ཅིག་ཡིན་ཀྱང་སྲིད། སྤྱིར་སྣང་ཚུལ་དེ་གློག་བརྙན་འདི་ཁོ་ནར་ཡོད་པ་ཞིག་མིན་པར། བོད་མིའི་མིང་ཐོག་ནས་རྒྱ་ཡིག་གི་རྩོམ་འབྲི་མཁན་མང་པོ་ཞིག་དཔེ་འདིའི་ཁུངས་སུ་འདུ། ཚེ་རིང་ནོར་བུ་ཡང་དེ་དག་གི་གྲས་སུ་བཞག་ཆོག (ཁོའི་བརྩམས་སྒྲུང་ལ་ལས་ར་སྤྲོད་བྱེད་ཐུབ།)ཁོ་ཚོས་དུས་རྒྱུན་དུ། བྱ་གཏོར་སོགས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་ཀྱི་ངོ་རྟགས་གསལ་བོ་འགའ་འཕྱོར་འབྲི་བྱེད། དེ་དག་གཞན་ལ་ངོམ་པར་ཧ་ཅང་དགའ་ཞིང་གོམས་གཤིས་ཤིག་ཏུ་གྱུར་ཡོད། དེས་བོད་ཟེར་བ་ཧ་ཅང་ལྐོག་གྱུར་ཞིག་དང་དེང་རབས་ཀྱི་འཚོ་བ་ལས་ལོགས་སུ་བུད་པའི་བག་ཆགས་སྐྲུན་ཏེ་གཞན་གྱི་རྟོག་བཟོ་ལ་རྨང་གཞི་བཏང་ཡོད། དུས་ཀྱི་འགྱུར་ལྡོག་ཁྲོད་བོད་ནི་བྱ་གཏོར་སོགས་ཀྱིས་མཚོན་པའི་ཐེར་ཟུག་དང་ཨ་འཐས་ཀྱི་སྣང་བརྙན་དེ་མིན་ལ། གཞན་གྱིས་རྟོག་བཏགས་བྱས་པ་དེ་ཡང་མིན་པས། ཁོ་ཚོས་ཅིའི་ཕྱིར་བོད་ལ་ངོས་འཛིན་གསར་པ་ཞིག་མ་བྱས་པ་ཡིན་ནམ།

ལྔ།

ཁྱོད་ཀྱིས་གོང་གི་ཡི་གེ་དག་བཀླགས་ཏེ་མཚམས་འདིར་བསླེབས་དུས། ངའི་རྩོམ་ཐུང་འདིས་གློག་བརྙན་ལག་དམར་གྱི་ཞན་ཆ་ཁོ་ན་གླེང་བ་ཡོད་པ་ཚོར་སྲིད། ངས་ངོ་བསྟོད་ཀྱི་ཚིག་འགའ་འབྲི་མ་ཤེས་པ་མིན་ལ། གློག་བརྙན་འདིའི་དགེ་མཚན་ནམ་མཛེས་པའི་ཆ་ཟུར་དུ་བཏོན་ནས་བཤད་མ་ཤེས་པའང་མིན། མཛེས་པའི་ཆ་ལ་འུད་ཆེན་པོས་མཐེ་བོང་བསྒྲེངས་མཁན་གྲངས་ལས་འདས།ང་ལ་གཞན་ལས་ལྷག་པའི་དྲན་ཚུལ་གསར་བ་མེད་པས་ཚིག་རྐང་ལྷག་མ་འགའ་ཁ་སྣོན་མ་བྱས། གློག་བརྙན་འདི་ལ་མི་འདང་བའི་ཆ་མེད་པ་མིན་མོད། འོན་ཀྱང་དེ་གླེང་མཁན་མེད་པ་ནི་ཤེས་ཡོན་པའི་གདན་སྟེང་དུ་བཞུགས་པའི་བོད་པ་རྣམས་ཧ་ཅང་མགོ་བདེ་དང་།ཕན་ཚུན་བར་ངོ་བསྟོད་ཁོ་ན་བྱེད་པར་གོམས་པ་ལས། དྲང་གཏམ་བཤད་པའི་སྤོབས་པ་རྩ་བ་ནས་མེད་པ་ལ་མ་རངས་པ་དང་ཆབས་གཅིག་རང་ལ་གློག་བརྙན་འདིའི་ཞན་ཆའི་སྐོར་ནས་བསམ་ཚུལ་འགའ་ཡོད་པ་ལས། རེ་གཉིས་ཤིག་ཁོག་པའི་ནང་བཅུག་ནས་མ་བསྡད་པར་ཟུར་དུ་ཕྱུང་ཏེ་དྲང་བོ་དྲང་གཏམ་གྱིས་བཤད་པ་ཡིན། དེ་མ་གཏོགས་དམིགས་ཡུལ་གཞན་མེད་པས་མི་སྒེར་སུ་ལ་ཕོག་ཐུག་མི་བཟོ་བ་དང་བློ་ཁོག་ཡངས་པོ་བྱེད་པའི་རེ་བ་བཅངས་ཡོད།

ད་ཐེངས་གློག་བརྙན་གཟིགས་འབུལ་གྱི་ཡུལ་དངོས་ནས་པདྨ་ཚེ་བརྟན་ལགས་དངོས་སུ་མཐོང་དུས། ཁོང་གི་སྐད་ངག་དང་རྣམ་རིག་ལས་དེ་འདྲ་ཐང་པོ་མིན་པའི་ཚོར་བ་ཞིག་སྟེར་སོང་། མཐར་ཁོང་གི་ལུས་ཁམས་བདེ་ཞིང་སེམས་པ་སྐྱིད་པོ་ཡོང་བར་སྨོན། 

May.10.2019