དེའང་ཞང་ཞུང་ཆོས་དབང་གྲགས་པའི་ཞལ་ནས།“ཟློས་གར་སྙན་ཚིག་རོ་འཛིན་དང་། །བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ། །”ཞེས་གསུངས་པ་ནང་བཞིན་ཟློས་གར་ཞེས་པ་ནི་མི་རིགས་གང་ཞིག་གི་རིག་གནས་ཕྱོགས་སྒོ་མོ་ནས་དར་རྒྱས་ངེས་ཅན་བྱུང་ན་ད་གཟོད་འབྱུང་ཐུབ་པའི་རིག་གནས་ཤིག་ཡིན་ཞིང་། དེ་ལ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་ཧཱེ་ཀར(黑格尔)ལགས་ཀྱིས་ཀྱང“མི་རིགས་གང་ཞིག་ལ་ཟློས་གར་ཡོད་པ་དེས་མི་རིགས་དེ་ཉིད་སྨིན་ལེགས་དར་རྒྱས་སུ་སོང་བ་མཚོན”ཞེས་གསུངས།  དེར་བརྟེན་རང་རེའི་མེས་པོ་གོང་མ་དག་གིས་ཀྱང་ཟློས་གར་འདི་ཉིད་རིག་གནས་ཆུང་བ་ལྔའི་ཡ་གྱལ་བགྲངས་པ་ཡིན་ངེས། རང་རེར་རིག་གནས་འདི་ཉིད་དར་ནས་ཉུང་མཐའང་ལོ་ངོ་དྲུག་བརྒྱ་ལྷག་ཕྱིན་ཡོད་ཅིང་། ལོ་ངོ་དྲུག་བརྒྱ་ལྷག་གི་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིག་གནས་ཀྱི་ཆུ་བོ་ཆེན་པོ་འདི་ལ་དབུས་གཙང་གི་ཨ་ཅེ་ལྷ་མོའི་ཟློས་གར་དང་ཁམས་པའི་ཟློས་གར། རྒྱལ་རོང་ཟློས་གར། ཨ་མདོའི་ཟློས་གར། ལུ་གུ་ལྷ་མོ་སོགས་ཡུལ་ལུང་སོ་སོའི་ཁྱད་ཆོས་དང་མཐུན་པའི་ཆུ་ལག་མང་དུ་བྱུང་།

ཁོ་བོ་ནི་ཟློས་གར་གྱི་བྱ་བ་གཉེར་མཁན་ཞིག་ཡིན་པས་ལུགས་སྡེ་མང་དག་ཅིག་གི་བརྩམས་ཆོས་ལ་རོལ་མྱོང་བྱ་བའི་སྐལ་བ་ལྡན་ཞིང་། བོད་ལྗོངས་ཟློས་གར་ཚོགས་པར་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཤིག་ཀྱང་རེག་པས་དབུས་གཙང་གི་ལྷ་མོའི་ཟློས་གར་ལའང་རྒྱུས་ལོན་ཅུང་ཟད་བྱུང་། ད་རེབ་བོད་ལྗོངས་ཟློས་གར་ཚོགས་པས་བརྩམས་ཆོས་གསར་པ《སྣང་ས་འོད་འབུམ》བསྣམས་ནས་ཨ་མདོའི་ཡུལ་ལུང་མང་པོ་ཞིག་ལ་སྐོར་སྐྱོད་འཁྲབ་སྟོན་དུ་ཕེབས་པས་ཁོ་བོའི་སེམས་ནི་སྨྲ་མི་ཤེས་པའི་དགའ་ཚོར་ཞིག་གིས་ཡོངས་སུ་ཁྱབ། རང་རེའི་བོད་ཀྱི་ཟློས་གར་ལོ་རྒྱུས་སྟེང་འདི་ནི་བོད་ལྗོངས་ཟློས་གར་ཚོགས་པས་ཟློས་གར་གྱི་བརྩམས་ཆོས་ཧྲིལ་བོ་ཞིག་བསྣམས་ནས་ཨ་མདོའི་ཡུལ་དུ་ཕེབས་ཐེངས་གཉིས་པ་དེ་ཡིན་ཞིང་། ངེད་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའང་དབུས་གཙང་ལ་འཁྲབ་སྟོན་བྱེད་དུ་ཐེངས་གཉིས་སོང་མྱོང་། འདི་ནི་རིག་གནས་སྤེལ་རེས་ཀྱི་དོན་སྙིང་ལྡན་ཞིང་། ཕ་ངོ་མ་ངོ་འཕྲོད་པའི་བྱ་གཞག་རླབས་ཆེན་ཞིག་ཏུ་འཁུམས་མོད། འདིར་རེ་ཞིག་སྦྱོར་བ་རླབས་ཆེན་འདིའི་དོན་སྙིང་སོགས་བཏང་སྙོམས་སུ་བཞག་སྟེ་བརྩམས་ཆོས་རང་སྟེང་གི་ཁྱད་ཆོས་སོགས་ལ་རང་གི་མྱོང་བ་ཙམ་བརྗོད་པར་བྱའོ། །

སྤྱིར《སྣང་ས་འོད་འབུམ》ནི་ང་ཚོ་རྒྱུས་མངའ་ཆེ་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། བོད་ཀྱི་སྲོལ་རྒྱུན་ཟློས་གར་དག་གི་ཁྲོད་བོད་དམངས་ཁྲོད་ཀྱི་དོན་དངོས་སམ་ཡང་ན་གཏམ་རྒྱུད་གཞིར་བཟུང་ནས་བསྒྲིགས་པའི་འཁྲབ་གཞུང་ཞིག་རེད། དོན་གྱི་བྱུང་བ་དང་ཚིག་གི་སྒྱུ་རྩལ་ཆུ་ཚད་མཐོན་པོར་སོན་ཡོད་པས་(སྲོལ་རྒྱུན་གྱི་སྣང་ས་འོད་འབུམ་དེ་ནི་གཏམ་རྒྱུད་ཀྱི་རྣམ་པར་བྲིས་པ་ཞིག་ཡིན་མོད། དེ་ལ་ཟློས་གར་འཁྲབ་གཞུང་གི་རང་བཞིན་ཤས་ཆེ་བས་འདིར་འཁྲབ་གཞུང་ཞེས་བྲིས་པ་ལགས)དེའི་ཁྲོད་ཀྱི་ཚིག་འགའ་རེ་སྐྱེས་བུ་མང་པོས་བློ་ལ་བཟུང་ཞིང་ངག་ཏུའང་བཟློ་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་རེབ་ཀྱི་བརྩམས་ཆོས་འདི་ལ་མ་བལྟས་པའི་སྔོན་ལ་ཁོ་བོ་ཆེས་སྤྲོ་བ་དང་རེ་སྒུག་ཆེ་ས་ནི་འཁྲབ་གཞུང་གི་བཅོས་སྒྲིག་དང་གར་སྟེགས་འཁྲབ་ཁྲིད་ཀྱི་ཐབས་རྩལ་སོགས་ཏེ། འདི་ལྟ་བུའི་ཀུན་ལ་རྒྱུས་མངའ་ཆེ་བའི་གཏམ་རྒྱུད་འདི་ཉིད་བོད་ལྗོངས་ཟློས་གར་ཚོགས་པས་དེང་རབས་ཀྱི་གར་སྟེགས་སུ་ཇི་ལྟར་དྲངས་པ་དང་འཁྲབ་གཞུང་སྒྲིག་རྩོམ་པ་དང་འཁྲབ་ཁྲིད་པས་ཐབས་རྩལ་གང་དག་ལ་བརྟེན་ནས་གསར་རྩོམ་བྱས་པ་དེ་རེད། འཁྲབ་སྟོན་ཆ་ཚང་ལ་ཐེངས་གཉིས་བལྟས་རྗེས་གཏམ་རྒྱུད་རྙིང་བ་ཡིན་ཡང་རྣམ་པ་གསར་བའི་ཚོར་བ་ཞིག་ངང་གིས་བྱིན་སོང་། འདིར་ཚོར་བ་དེ་དག་མདོར་བསྡུས་སྒོས་བརྗོད་པར་བྱ་སྟེ། 

དང་པོ། འཁྲབ་གཞུང་བཅོས་སྒྲིག་གི་ཕྱོགས། 

སྒྲུང་གཏམ་གྱི་རྣམ་པའི《སྣང་ས་འོད་འབུམ》གྱི་ཁྲོད་དུ་ཚིག་གི་སྤྲོས་པ་དང་ཞིབ་འབྲི་མང་པོ་ཡོད་ཅིང་། དེ་དག་སྒྲུང་བཤད་པའི་རྣམ་པས་ངག་ནས་བརྗོད་པ་དང་སྒྲ་རུ་འབེབས་པ་ནི་ལྟོས་བཅོས་ཀྱིས་བཤད་ན་ལས་སླ་མོ་ཞིག་ཡིན་མོད། གར་སྟེགས་སུ་དྲངས་ཏེ་འཁྲབ་སྟོན་བྱེད་རྒྱུ་ནི་འཁྲབ་གཞུང་བཅོས་སྒྲིག་གི་གནད་འགག་ཅིག་ཏུ་ངེས། སྒྲུང་གཏམ་ཁྲོད་མི་སྣ་ཞིག་གི་སེམས་ཁམས་ཞིབ་འབྲི་གཅིག་པུའང་ཤོག་བུ་མང་པོ་ལོངས་པ་བྲིས་ཆོག་མོད། འཁྲབ་གཞུང་ཁྲོད་གཙོ་བོ་མི་སྣའི་སྐད་ཆ་དང་བྱ་བྱེད། རོལ་མོ་སོགས་ལ་བརྟེན་ནས་ཕྱིར་མཚོན་དགོས་པས། དེ་ནི་ཐབས་རྩལ་ཞིག་ཡིན། དེ་ལས་གཞན་གར་སྟེགས་ཟློས་གར་ནི་ཡུལ་དུས་ངེས་ཅན་ཏེ། ཡུལ་གར་སྟེགས་ཆུང་ངུ་དེ་དང་དུས་ཆུ་ཚོད་གཉིས་དང་ཕྱེད་ཀའི་ནང་ལ་གཏམ་རྒྱུད་ཁ་ཚང་འཁྲབ་ཚར་དགོས། དེར་བརྟེན་དེ་དང་འཚམས་པའི་འཁྲབ་གཞུང་ཞིག་བཅོས་སྒྲིག་བྱེད་རྒྱུ་ནི་ཟློས་གར་ཧྲིལ་བོའི་ཆེས་རྨང་གཞིའི་ལས་ཀ་ཡིན།

བོད་ལྗོངས་ཟློས་གར་ཚོགས་པའི《སྣང་ས་འོད་འབུམ》ཁྲོད་འཁྲབ་གཞུང་སྒྲིག་རྩོམ་པས་སྣང་ས་འོད་འབུམ་འཁྲུངས་པ་ནས་བཟུང་སྟེ་མགོ་མ་བརྩམས་པར། ཐད་ཀར་གནས་སྙིང་གཟུངས་སྒྲུབ་ཀྱི་ཆོ་གར་གྲ་སྒྲིག་བྱེད་པ་ནས་མགོ་བརྩམས་ཤིང་། མཇུག་ཀྱང་སྣང་ས་འདས་ལོག་བྱུང་རྗེས་ཕྱིར་རང་ཡུལ་དུ་ལོག་པ་དང་། དེ་ནས་སེ་ར་གཡའ་ལུང་དུ་ཆོས་ཀྱི་ལས་ལ་ཞུགས་པ། དཔོན་པོ་སྒྲ་ཆེན་དང་ཨ་ནེ་སྙིད་མོ་ནེ་ཙོ་སོགས་ཀྱིས་སེ་ར་གཡའ་ལུང་དུ་དམག་དྲངས་པ། བླ་མ་ཤཀྱཱ་རྒྱལ་མཚན་དང་སྣང་ས་འོད་འབུམ་གཉིས་ཀྱིས་གྲུབ་རྟགས་བརྟན་ཞིང་གནས་ལུགས་གསུངས་ཏེ་དཔོན་པོ་སྒྲ་ཆེན་དང་ཨ་ནེ་སྙིད་མོ་སོགས་ཆོས་འོག་ཏུ་བཀུག་པ་སོགས་དོར་ཏེ་སྣང་ས་འདས་ལོག་བྱུང་སྟེ་བདེན་པ་ངོ་སྤྲད་དེ་མཇུག་བསྡུས་པ་སོགས་ཤིན་ཏུ་ལེགས་ཤིང་། མི་སྣའི་གཤིས་ཀ་བཞེངས་བསྐྲུན་ཐད་ནས་ཀྱང་ཨ་ནེ་སྙིད་མོ་ནེ་ཙོ་ནི་གཙོ་བོ་རང་གི་ཁེ་དབང་གིས་ཀུན་ནས་བསླངས་པས་སྣང་ས་ལ་སྡང་བར་བྱས་ཤིང་། དཔོན་པོ་སྒྲ་ཆེན་དང་གྲགས་པ་བསམ་འགྲུབ་གཉིས་སྙིད་མོའི་ཁ་ལ་རྒྱུག་སྟེ་སྣང་ས་བསད་པར་བྱས་པ། སྣང་ས་ནི་བྱམས་དང་སྙིང་རྗེ་ཆེ་ཞིང་འབངས་འཁོར་བརྩེ་བས་སྐྱོང་བ། ལས་ལ་བརྩོན་ཞིང་དད་སེམས་ཆེ་བར་བྱས་ཤིང་། གཟུམ་དཔོན་བསོད་ནམས་དཔལ་སྐྱིད་ནི་དོན་གྱི་ངོ་བོ་མཐོང་ཡང་རང་དབང་མེད་པར་བྱས་པ་སོགས་མདོར་ན་སྔར་གྱི《སྣང་ས་འོད་འབུམ》གྱི་སྙིང་བོ་མ་དོར་ཞིང་གར་སྟེགས་དང་ཤིན་ཏུ་འཚམ་པར་བྱས་འདུག དེ་ལས་གཞན《སྣང་ས་འོད་འབུམ》ཁྲོད་ཀྱི་ཚིག་བཟང་བོ་དག་ཀྱང་འཁྲབ་ཚིག་དང་གླུ་ཚིག་གི་རྣམ་པས་འཁྲབ་གཞུང་དུ་སྤྱད་པ་སོགས་ཤིན་ཏུ་ལེགས་སོ། །


གཉིས་པ། འཁྲབ་ཁྲིད་པའི་ཐབས་རྩལ་སྐོར། 

འཁྲབ་ཁྲིད་པ་ནི་འཁྲབ་གཞུང་དེ་ཉིད་གར་སྟེགས་སུ་འདྲེན་པའི་གསར་རྩོམ་པ་དང་འཁྲབ་གཞུང་དེ་ཉིད་གསོན་དུ་འཇུག་མཁན་ལྟ་བུར་ངེས། ད་རེབ་ཀྱི་བརྩམས་ཆོས་འདི་རུ་འཁྲབ་ཁྲིད་པའི་ཆུ་ཚད་ཀྱང་ཧ་ཅང་མཐོ་བར་འདོད་དེ། དཔེར་ན། ཟློས་གར་མགོ་བརྩམས་མ་ཐག་བསོད་ནམས་དཔལ་སྐྱིད་ཀྱིས་ཁོའི་ཞབས་ཞུ་བར་གནས་སྙིང་གཟུངས་སྒྲུབ་ཀྱི་བྱ་བ་བཀོད་སྒྲིག་བྱེད་པ་དེ་ནི་འཁྲབ་གཞུང་གི་ངོས་ནས་བལྟས་ན་ཆེས་སྤྱིང་བཏང་གི་དོན་དག་ཅིག་ཡིན་མོད། འཁྲབ་ཁྲིད་པས་བོད་ཀྱི་ཟློས་གར་གྱི་མཚོན་ཐབས་སྣ་ཚོགས་སྤྱད་ནས་དགོད་བྲོ་ཞིང་བལྟ་འདོད་ཆེ་བར་བྱས་འདུག་པ་གཅིག་པའི་སྟེང་ནས་ཀྱང་རྟོགས་ཐུབ། སྤྱིར་སྒྱུ་རྩལ་གྱི་ལུགས་སྡེ་གང་ཡིན་ཡང་དེ་ལ་སོ་སོའི་མཚོན་ཐབས་ཁྱད་པར་བ་རེ་ཡོད་ཅིང་། བོད་ཀྱི་ཟློས་གར་ལ་གཏན་ཁེལ་གྱི་ལེན་རྟ་དང་འཁྲབ་འཁྱེར་ཕུན་སོགས་ཚོགས་པ་ཆགས་ཡོད། འཁྲབ་ཁྲིད་པས་གཏན་ཁེལ་གྱི་མཚོན་ཐབས་དེ་དག་འཁྲབ་གཞུང་གི་དགོས་མཁོ་ལྟར་བཀོད་སྒྲིག་བྱས་པ་འོས་ཤིང་འཚམ་ལ་ཤིན་ཏུ་འབྱོར། དེ་ལས་གཞན་གློག་འོད་དང་གར་སྟེགས་ཀྱི་བཀོད་སྒྲིག་སོགས་ཀྱང་ཤིན་ཏུ་ལེགས་སོ། །


གསུམ་པ། རོལ་མོ་དང་འཁྲབ་སྟོན་པ་སོགས་ཀྱི་སྐོར། 

ད་རེབ་ཀྱི་བརྩམས་ཆོས་འདིར་རོལ་ཆའི་ངོས་ནས་གཙོ་བོ་མི་རིགས་རོལ་ཆས་བཀོལ་ཡོད་ཅིང་། རོལ་མོའི་འགྱུར་ཁུགས་དང་རོལ་མོ་སྤྱད་པའི་གནས་སོགས་འོས་ཤིང་འཚམ་ལ་གང་དེས་ཁོར་ཡུག་དང་མི་སྣའི་གཤིས་ཀ་བཞེངས་བསྐྲུན། མི་སྣའི་སེམས་ཁམས་དང་གཏམ་རྒྱུད་བྱུང་བ་ངོ་སྤྲོད་པར་བླ་ལྷག་གི་ནུས་པ་ཐོན་འདུག 

འཁྲབ་གཞུང་དང་འཁྲབ་ཁྲིད། རོལ་མོ་དང་གར་སྟེགས་མཛེས་རིས། གློག་འོད་སོགས་ཀྱི་རམ་འདེགས་ལ་བརྟེན་ནས་མཇུག་མཐར་འཁྲབ་སྟོན་འདི་ཉིད་ལྟད་མོ་བར་ཐད་ཀར་ངོ་ཐུག་མཁན་ནི་འཁྲབ་སྟོན་པ་ཡིན་པས། འཁྲབ་སྟོན་པ་ནི་ཆེས་གནད་འགག་གི་གྲུབ་ཆ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་རེབ་ཀྱི་བརྩམས་ཆོས་འདིའི་ཁྲོད་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པའང་མི་ཉུང་བ་ཞིག་ཡོད་ཅིང་། ན་གཞོན་འཁྲབ་སྟོན་པའང་འདུག འཁྲབ་སྟོན་པ་སོ་སོའི་འཁྲབ་འཁྱེར་དང་སྐད་ངག་སོགས་རྨང་གཞིའི་ཐབས་རྩལ་སྦྱངས་པ་ལེགས་ཤིང་མི་སྣའི་གཤིས་ཀ་དང་སེམས་ཁམས་སོགས་ལ་གོ་བ་བླངས་ཏེ་ཕྱིར་མཚོན་བྱས་པའང་བཟང་བར་འདོད་དོ། །

ད་རེབ་ང་ཚོའི་ཟློས་གར་ཁང་ཆུང་དྲགས་པས་གར་སྟེགས་མཛེས་རིས་ཀྱི་ཡོ་བྱད་མང་པོ་ཞིག་བེད་སྤྱོད་བྱེད་མ་ཐུབ་པས་འདིའི་ཐད་ཅིའང་སྨྲ་བར་མི་བྱ་ཞིང་། མདོར་ན་བརྩམས་ཆོས་འདི་ཉིད་འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད། རོལ་མོ་དང་གློག་འོད། འཁྲབ་སྟོན་པ་སོགས་ཕྱོགས་སོ་སོ་ནས་རྒྱལ་ཁ་མི་དམན་པ་བླངས་ཡོད་པའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་ཁོ་བོས་འདོད་ལ། མཐར་བོད་ཀྱི་ཟློས་གར་འཕྲིན་ལས་མུ་རུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུའོ། ། 

སྤྱི་ལོ༢༠༡༩ལོའི་ཟླ༥བའི་ཚེས༡༧ཉིན་རེབ་གོང་དུ།