འུ་བུ་ཅག་ཉིན་འདི་ཚོར་སོང་ཟིན་པའི་རྨ་ནུབ་ཁྱམས་རིང་ངམ། རྒྱ་ཡིས་དར་གོས་ཚོང་ལམ་འབོད་པར་འཚོ་ཞིང་བཞུགས་པའི་བོད་སྡེ་ཚོའི་འདས་དོན་བློ་ཡུལ་དུ་ཡང་ཡང་དྲན་ཞོར་ལ་ཉེ་འགྲམ་གྱི་དགེ་རྒན་ཤེས་རབ་ཡེ་ཤེས་ལ་འབྲོང་ཡུལ་ནས་གཙོ་བོ་བྷ་ཏ་ཧོར་གྱི་སྒོམ་གྲྭ་དང་མ་ཐཱིས་དགོན་སོགས་ཞིབ་མཇལ་ཞིག་དགོས་ཀྱིན་འདུག་ཅེས་ཞུས་པ་ཡིན། སྐབས་དེར་རང་སེམས་ནང་དུ་འཁོར་ནས་དེའི་སྐོར་གྱི་རིག་གནས་ལྗོངས་རྒྱུར་བསྒྲིགས་པའི་ཟིན་དེབ་ཀློག་ཚེ། མདོ་སྨད་ཆོས་འབྱུང་ལས་ཚན་པ་གཅིག་བཤུས། ཡུ་གུར་དུ་བྷ་ཏ་རུ་བ་ཟེར་བའི་ཕ་ཚོ་གཅིག་དང་། སྒོམ་གྲྭའི་ཤུལ་གྱི་གྱང་རོ་འགའ་ད་ལྟ་ཡང་ཡོད་པས་བསམ་ཡས་སྲུང་མར་བཀུག་པའི་གནས་བྷ་ཏ་ཧོར་གྱི་སྒོམ་གྲྭར་ངོས་འཛིན། ཞེས་པའི་བརྗོད་སྙིང་དེར་ཡང་བསྐྱར་བསམ་བློ་བཏང་ནས་འཆར་ཡན་རང་ལུགས་སུ་གྱུར་སོང་བས་འབྲོང་ཡུལ་གྱི་མི་ཉག་ལྷ་ཁང་སྔོན་མ་མཇལ་འདོད་ཡོད་ཀྱང་། རེ་ཞིག་ལུས་པར་གྱུར་འདུག་པས་ཕངས་སེམས་བྱུང་སོང་།

བྷན་ཏ་ཧོར་གྱི་སྒོམ་གྲྭའི་ཤུལ་ནི་དེང་གི་ཀན་སུའུ་ཞིང་ཆེན་གྲང་ཡེ་གྲོང་ཁྱེར་རམ་འབྲོང་ཡུལ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མཱ་ཐིས་བོད་རིགས་ཤང་གི་རྒྱབ་རྩེ་སྡེ་བ་ན་ཡོད་ལ། བོད་རྒྱལ་བཙད་པོ་ཁྲི་སྲོང་སྡེ་བཙན་སྐབས་སུ་དམག་དཔུང་གིས་ཟིལ་ཤུགས་ཐེངས་གཅིག་གིས་བོད་འབངས་ཀྱི་ལྷ་སྡེ་གཉུག་མར་གནས་སུ་བཅུག་པ་ཡིན་པར་གོར་མ་ཆག་གོ། 

བྷན་ད་ཧོར་གྱི་སྒོམ་གྲྭ་བོད་དམག་གིས་བཅོམ་པའི་ཚུལ་ནི་ཆོས་འབྱུང་མཁའ་པའི་དགའ་སྟོན་ལས། དེ་ཚེ་གནམ་ཐེ་དཀར་པོའི་སྤྲུལ་པ་ཡི།།ཧོར་གྱིས་བོད་ཁམས་དབང་བྱེད་སྡུག་བསྔལ་འགོད།། དེ་བས་ཧོར་གྱི་ཕོ་ལྷ་ཤིང་བྱ་ཅན།།གནམ་ལྷ་བྱང་ཆུབ་སྲུང་མར་བསྐོས་པ་ན།།འཇིག་མི་ནུས་པས་དེ་ཉིད་དགུག་གོ་གསུངས།།བི་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་ཏེ།།ཏ་ར་ཀློང་གོང་ལ་སོགས་དམག་དཔུང་གིས།།ཧོར་གྱི་སྒོམ་གྲྭ་བཅོམ་ནས་རྟེན་རྣམས་ཁྱེར།།ཞེས་གསུངས་པ་ནང་བཞིན་དུ་ཕྱི་ལོ་དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲུང་ལྡེ་བཙན་གྱི་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་པ་ལ་ནག་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཁྲོས་ནས་ལྷ་ཁང་ཉིན་མོ་བཞེངས་པ་ཐམས་ཅད་མཚན་མོ་བསྒྱེལ། རི་རྡོ་ཀླུངས་ལ་ཕབ། ཀླུངས་རྡོ་རི་ལ་བསྐྱལ། རྩི་ཤིང་མེ་ལ་བསྲེགས། ནད་དང་གནོད་པ་སོགས་བྱུང་བས་སློབ་དཔོན་པདྨ་འབྱུང་ནས་གྱིས་ལྷ་ཀླུ་གཉན་གསུམ་དམ་ལ་བཏགས་ནས་བསམ་ཡས་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་པ་ལེགས་པར་བཞེངས་ནས་སྲུང་མ་ཇི་ལྟར་བསྐོ་བའི་སྐོར་རྒྱལ་བློན་ཐམས་ཅད་ཀྱིས་བཀའ་བགྲོས་པ་ན། མཁན་པོའི་ཞལ་ནས་བདུད་ནི་སྲོག་གཅོད་ལ་དགའ་བས་མི་རུང་། གཟའ་ནི་གཏུམ། ཀླུ་ནི་གདུག བཙན་ནི་གནོད་པ་ཚ། དམུ་ནི་འཇམ་དྲགས། མ་མོ་ནི་འཇིགས་པས་དེ་མ་ཡིན་པ་སུ་འཐད་གསུངས་པས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འོང་།།བོད་ཁམས་ཐམས་ཅད་ཧོར་གྱི་མངའ་འོག་འཇུག།ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན།།རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནས།།དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིག།།བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པ་ན།།པེ་ཧར་ཀ་ཅའི་ཕྱི་ལ་འབྲངས་ནས་འོང་།།ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུངས།།དེ་ནས་བྷ་ཏར་དམག་བརྒྱབས། སྒོམ་གྲྭ་བཅོམ།།ཟས་ནོར་མང་པོ་དྲངས་ནས་འོངས་པ་ལས།། ལ་ལ་སྨྱོར་བཅུག་ལ་ལ་འབིག་ཏུ་བཅུག། ཅེས་པ་ལྟར་སྤྱི་ལོ༧༩༠ཡས་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲས་མུ་ནེ་བཙན་པོ་དམག་སྤྱི་དང་དམག་དཔོན་སྟག་སྒྲ་ཀླུ་གོང་སོགས་ཀྱིས་བྷན་ད་ཧོར་གྱི་སྒོམ་གྲྭ་བཅོམ་པ་དང་། བསེ་འགག་སྨུག་པོ། གཡུ་ཡི་ཐུབ་པ། ཟ་ཧོར་རྒྱལ་རྒྱུད་དྷརྨ་པ་ལ། དུང་གི་སེང་གེ གསེར་གྱི་འཁར་རྔ་སོགས་ནོར་རྩ་ཆེན་འཕྲོག་ནས་སོང་བ་ན་པེ་ཧར་རྗེས་སུ་འབྲངས་ནས་བསམ་ཡས་སུ་ཐོན། དེར་མི་ལོ་ལྔ་བརྒྱའི་བར་དུ་བསམ་ཡས་པེ་ཀར་གླིང་བསྲུང་བར་ཁས་ལེན་དང་དམ་བཞག་མཛད་དེ་བསྐྱངས། ལྷ་སྲས་མུ་ནེ་བཙན་པོས་པེ་ཧར་ལ་གཡུ་ལོ་བཀོད་པའི་གླིང་ཞེས་པ་ཞིག་ཕྱག་བཏབ་གནང་བར་ཡང་བཤད། དེའི་དུས་སུ་དམངས་ཁྲོད་དུ་བསམ་ཡས་བསམ་ནས་མ་ཡོང་། །ཆོས་སྐྱོང་བསམ་ནས་ཡོང་ཡོད། །བསམ་ཡས་ཆོས་སྐྱོང་ཆེན་མོས། །ང་ལ་ལུང་བསྟན་གནང་རོགས། །ཞེས་གཞས་ཚིག་སོགས་ཀྱང་ཡོད་པར་བཤད།

རྗེས་སུ་བོད་སིལ་བུའི་དུས་སུ་སྤྱི་ལོ༡༡༧༥ཡས་མས་ལ་ལྷ་སའི་ཤར་དངོས་སུ་ཚལ་བ་ཁྲི་དཔོན་དང་གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པ་གཉིས་ཀྱིས་དགོན་པ་བཏབ་པས་ཚལ་བ་བཀའ་བརྒྱུད་པའི་གདན་ས་ཆེན་མོའི་བྱེ་བྲག་ཏུ་གྱུར། ཡོངས་གྲགས་སུ་ཚལ་དང་གུང་ཐང་གཉིས་ཀྱི་མིང་བསྡེབས་ནས་འབོད་པས་ཚལ་གུང་ཐང་དགོན་པ་ཟེར། དང་ཐོག་དགོན་ས་བལྟ་བར་ཆོས་སྐྱོང་པེ་ཧར་ལ་བཅར་འདྲི་བྱས་ཚེ་ཆོས་སྐྱོང་གིས་རི་སྒང་ལ་བཏབ་ན་ལེགས་གསུང་ཡང་། ཁྲི་དཔོན་དང་བླ་མས་རི་ཀླུང་ལ་བཏབ་པས་ཆོས་སྐྱོང་ཁྲོས་ནས་མིའི་གཟུགས་སུ་སྤྲུལ་ནས་ལྷ་ཁང་གི་ལྷ་བཟོ་ཚོར་ཚོན་ལས་ཞབས་ཞུར་སྒྲུབ། ཉིན་ཞིག་ལ་ལྷ་ཁང་གི་ཚོན་ལས་འགྲུབ་ལ་ཉེ་བའི་སྐབས་རང་རང་གི་དགེ་བའི་ལས་སྒྲུབ་པ་ལ་སྨོན་ལམ་ཡག་པོ་ཐོབ་གསུང་བར། ཞབས་ཞུ་པ་ན་རེ། ང་ལ་གཞན་གང་ཡང་མི་དགོས་ལྷོ་ངོས་སུ་སྒོ་འཆོར་འོག་ཏུ་ཁ་བྱང་ལ་གཏད་ནས་ལག་ལ་སྤོས་བཟུང་བའི་སྤྲེའུ་ཞིག་འབྲི་དགོས་ཞུས་པས་དེ་ལྟར་བྲིས། ཞང་བླ་མ་དང་ཚལ་བ་ཁྲི་དཔོན་སོགས་གཟིགས་སྐོར་ལ་ཕེབས་སྐབས་སྤོས་བཟུང་བའི་སྤྲེའུ་དེ་ཅུང་མི་ལེགས་གསུངས། 

ཕྱིས་སུ་སྤྱི་ལོ༡༧༠༧ལོར་ཚལ་གུང་ཐང་དགོན་པར་མེ་སྐྱོན་ཤོར་བ་ཡང་སྤྲེའུ་སྤོས་འཛིན་དེར་བྲིས་པ་མ་འགྲིག་པར་བཤད། ཚལ་གུང་ཐང་དགོན་པ་མེས་འཇིག་རྗེས་སུ་མཁན་པོ་ཁྲོས་ནས་པེ་ཧར་ཕུག་རོན་གྱི་རོ་ཞིག་ལ་བསྟིམས་ནས་རྟེན་སྒམ་དུ་བཅུག་སྟེ་སྐྱིད་ཆུར་གཡུགས། དེར་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་རབས་དང་པོ་ལྕོག་པོ་བྱང་ཆུབ་དཔལ་ལྡན་གྱི་མཁྱེན་ནས་ཉེ་གནས་ལ་གཙང་ཆུའི་ཁ་ན་དངོས་པོ་བླུགས་པའི་སྒམ་ཆུང་ཞིག་ཡོད་པའི་ཁ་མ་ཕྱེ་བར་འདིར་ཁྱེར་ཤོག་གསུངས། ཉེ་གནས་ཀྱི་སྒམ་ཁྱེར་ནས་འབྲས་སྤུངས་དགོན་པའི་མདུན་གཤམ་ལ་ཐོན་དུས་བསམས་པར་སྒམ་ནང་ན་རིན་པོ་ཆེ་ཅི་ཡོད་པ་བལྟ་དགོས་སྙམ་ནས་ཁ་ཕྱེས་པའི་ཕུག་རོན་ཞིག་འཕུར་ནས་འོག་གི་སྦྱར་སྡོང་སྟེང་ལ་བབས། བླ་མ་ལ་ཞུས་པས་བླ་མས་ཁྱོད་ཀྱི་གོ་མ་ཆོད། སྒམ་ཁ་མ་ཕྱེ་བར་འདིར་འོངས་ན་སྲུང་མ་འདི་ཉིད་དགོན་པའི་ནང་དུ་གནས་རྒྱུ་ཡིན་པ་ལ་ཞེས་གསུངས།  དེ་ནས་སྦྱར་སྡོང་དེའི་འགྲམ་ནས་རྟེན་མཁར་ཆུང་ཆུང་ཞིག་བརྩིགས། དེར་པེ་ཧར་གནས་ཆུང་ཆུང་འདི་ལ་གནས་དགོས་པས་གནས་ཆུང་ཆོས་སྐྱོང་ཞེས་མིང་ཆགས་ནས་འབྲས་སྤུངས་དགོན་པའི་སྲུང་མར་གྱུར། 

རྒྱལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མཆོག་འབྲས་སྤུངས་དགོན་པའི་གདན་ཁྲིར་བཞུགས་སྐབས་གནས་ཆུང་ཆོས་སྐྱོང་མ་བོས་མ་གསོལ་བར་རང་བཞིན་གྱི་རྟ་མགོའི་རྣམ་པ་ཅན་དུ་ཡང་ཡང་ཕེབས་ནས་ཁོང་གི་མཛད་འཕྲིན་ཆོས་བཞིན་བསྐྱངས། གསོལ་མཆོད་དང་འཕྲིན་བཅོལ་སོགས་གནང་བས་ཐམས་ཅད་མཁྱེན་པའི་ཐུགས་དགོང་ཐོགས་མེད་དུ་འགྲུབ། དེར་འབྲས་སྤུངས་དགོན་པའི་སྲུང་མར་དངོས་སུ་བསྐོས་པ་མ་ཟད་སྒྲོ་སྡོང་ལྷ་ཁང་ཞེས་པ་གནས་ཆུང་ཆོས་སྐྱོང་གི་རྟེན་ཁང་དུ་བཞེངས། ཡིག་ཚང་ལ་ལར་ཚལ་གུང་ཐང་དགོན་པ་མེ་སྐྱོན་ཤོར་རྗེས་པེ་ཧར་གྱིས་ཁྲི་དཔོན་དོན་ཡོད་རྡོ་རྗེ་ལ་གུང་ཐང་མེ་ཡིས་འཇིག་དུས་འདིར། །དོན་ཡོད་རྡོ་རྗེ་དག་པའི་ཞིང་དུ་གཤེགས། །པེ་ཧར་ང་ནི་ཨོ་རྒྱན་གླིང་དུ་འགྲོ། །ཞེས་སོགས་ལུང་བསྟན་སྨྲས། མཁན་པོ་ཁྲོས་ནས་པེ་ཧར་བསྐོར་རྫས་ལུས་དང་བཅས་པ་ཆུ་ལ་བསྐྱུར་གསུངས། དེར་ཁ་ཅིག་གིས། ཕ་མས་སྲུང་མ་ཡིན་པས་མི་རུང་། འབངས་འཁོར་ལ་གནོད་པ་ཡོང་ངེས་ཆེ་ཞུས་པས། མཁན་པོས། ང་ནི་མི་འཆི་གུང་ཐང་མེས་མི་འཇིག །ཁོ་བོ་ཨོ་རྒྱན་ཡུལ་དུ་འགྲོ་ན་བདག་གིས་ལས་སྦྱོར་རོ་གསུང་ནས་ཀྲོངས་སྟོད་གླང་དམར་བསད་པ་དང་པེ་ཧར་སྐྱིད་ཆུར་བསྐྱུར་བར་བཤད། 

ཉིན་ཞིག་ལ་ཐམས་ཅད་མཁྱེན་པ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་རྣལ་ལམ་དུ་གནམ་ཐེ་དཀར་པོ་ཡིན་ཟེར་བ་ཞིག་གིས་ཁྱེད་ཀྱིས་འདི་ནས་ཆོས་སྡེ་ཞིག་ཐོབ། བདག་གིས་ཁྱེད་ལ་དགེ་འདུན་པ་ལྔ་སྟོང་འབུལ་ཟེར་བ་བྱུང་། ཡང་དར་འབག་ནང་ལ་བྱོན་པའི་ལམ་ན་རྫིང་བུ་མང་པོ་ཡོད་པས་ཅི་ཡིན་དྲིས་པས་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར། གླང་ཆེན་རིའི་གདོང་ན་རྫིང་བུ་ལེགས་པོ་འབབ་པ་འདུག་པའི་རྫིང་བུའི་ཁ་ན་རྗེ་བདག་ཉིད་ཆེན་པོ་བཞུགས་པས་ཁྱེད་ཀྱིས་འདིར་ཆོས་སྡེ་གཅིག་ཐོབ། ངས་ཀྱང་ཉན་བཤད་བྱས་ནས་འདི་འདྲ་བྱུང་བ་ཡིན་གསུངས་ནས་རྫིང་བུ་ལ་ཕྱག་མཛུབ་བཙུགས་བྱུང་བ་རྨིས། འདིར་བྱུང་བའི་གནམ་ཐེ་དཀར་པོ་ནི་པེ་ཧར་ཡིན་པར་གསུངས། སྤྱི་ལོ༡༦༦༠ལོར་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་དུས་སུ་གནས་ཆུང་དགོན་པའི་རྨང་བཏིང་ཡང་ཆོས་སྐྱོང་གིས་ལུང་བསྟན་གནང་བར་ཐོགས་མར་སྔགས་ཁང་རྒྱག་དགོས་ཚུལ་སོགས་གསུངས་པས་མ་བཞེངས། སྤྱི་ལོ༡༦༨༡ལོར་རྒྱལ་དབང་ལྔ་བ་ཆེན་མོ་བཀའ་ལུང་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཤོག་ཁྲ་དང་ཐུགས་བཀོད་གནང་ནས་སྐྱིད་སྟོད་པ་བསྟན་པ་རྒྱལ་མཚན་དང་ཕུ་ལུང་བ་ཕུན་ཚོགས་སྐལ་བཟང་གཉིས་ཀྱིས་ལག་བསྟར་བྱས་ནས་རྟེན་དང་བརྟེན་པ་བཟོ་དབྱིབས་སྣ་ཚོགས་སྤྱི་ལོ༡༦༨༣ལོར་ལེགས་འགྲུབ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཡུ་ལོ་བཀོད་དགོན་དང་སྒྲོ་སྡོང་ལྷ་ཁང་གཉིས་གཅིག་ཏུ་བསྒྲིལ་ནས་རྒྱས་བཞེངས་མཛད་པས་དགོན་མིང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ཞེས་གསོལ་བ་བཞིན་ནོ།།

དེང་སྐབས་སུ་བྷ་ད་ཧོར་གྱི་སྒོམ་གྲྭྭའི་ཤུལ་ཙམ་ལས་མཐོང་རྒྱུ་མེད་ལ། གནས་ཆུང་རྒྱལ་པོའི་བླ་རི་རྩེར་ལྷ་ཁང་ཆུང་ཞིག་དང་ལབ་རྩེ་སོགས་ཡོད་ཅིང་། ལྷ་སྡེ་ཚོས་ལོ་རེར་ཧོར་ཟླ་ལྔ་བའི་ཚེས་ལྔ་ཉིན་རྒྱབ་རྩེ་ཚོ་བས་བླ་རི་བསྟོད་པ་དང་། དྲུག་པའི་ཚེས་གཅིག་ཉིན་ཚོ་བ་གཞན་པ་ཚོ་དང་མཱ་ཐིས་དགོན་པའི་བླ་གྲྭ་ཡོངས་ཀྱིས་གནས་ཆུང་རྒྱལ་པོའི་བླ་རི་བསྟོད་ཀྱིན་འདུག། གཞན་ཡང་བླ་རིའི་ལ་རྩ་དེར་རྒྱབ་རྩེ་ཚོ་བས་མཆོད་རྟེན་ཞིག་བཞེངས་ཡོད། 

ཕྱི་ལོ༡༩༧༩ལོར་ཡས་མས་ལ་བྷ་ད་ཧོར་གྱི་སྒོམ་གྲྭའི་ཤུལ་དུ་རྒྱུ་ཟངས་དང་གསེར་ལས་གྲུབ་པའི་ཁྲབ་དང་མཆོད་ཆ་ལ་སོགས་པ་དངོས་པོ་བརྒྱ་དང་བཞི་བཅུ་ལྷག་རྙེད་པའི་ལོ་རྒྱུས་ཀྱི་གསང་ལམ་གསར་པ་ཞིག་ཡོད་དོ།། ལོ་རྒྱུས་བརྟག་དཔྱད་པ་ཚོས་དཔྱད་ཚོར་ལྟར་ན། དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་རུ་དཔོན་ཞིག་གི་དུར་ས་ཡིན་པ་ར་སྤྲོད་བྱས་འདུག་པ་ལས། བོད་ཀྱི་དམག་དཔོན་གང་ཞིག་སུ་ཞིག་ཡིན་པར་ལོ་རྒྱུས་སྨྲ་བ་ཚོས་གསུངས་གནང་བྱས་ཡོད་པ་ཉེ་སྔོན་མཐོང་མ་སོང་། དེའང་བོད་ཀྱི་ལོ་རྒྱུས་དྲང་མོར་སྨྲ་བ་དག་གིས་དཔྱད་པར་འཚལ་ལོ།།

བྷ་ཏ་ཧོར་ཞེས་པ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་ཆེན་མགར་སྐུ་འཁོར་གྱིས་རྒྱ་བཟའ་ཀོང་ཇོ་གཉེན་སློང་ཕེབས་ཚེ། ཕྱོགས་བཞིའི་རྒྱལ་ཁབ་དག་ཀྱང་སླེབས་ཡོད་པའི་གྲས་ཀྱི་བྷ་ཏ་ཧོར་ཞེས་པ་དེ་ཡིན་ཞིང་། གནའ་དུས་སུ་བོད་ཀྱི་འ་ཞར་འབོད་ལ། ཕྱིས་སུ་རྒྱ་སྐད་དུ་ཐུའུ་ཡུས་ཧུན(吐谷浑)ཡིན་པ་ལི་ཡུལ་ནས་རྙེད་པའི་རྒྱལ་རབས་དང་ཐང་ཡིག་གསར་རྙིང་ལས་གོ་བར་གྱུར།

དེ་བཞིན་དུ་གྲུབ་ཐོབ་དགེ་ཆོས་ཀྱིས་ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན་ཞིང་། ཞེས་གསུངས་པ་ལྟར་བྷ་ཏ་ཧོར་གྱི་སྒོམ་གྲྭའི་ཤུལ་གྱི་རུ་བ་ཚོའང་ཆོས་སྐྱོང་སྤྱན་དྲངས་པ་དང་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཤུལ་དུ་ཐུ་བྷོད་ལ་མགོ་འབུལ་བྱས་པའི་ཧོར་དང་བཙན་པོའི་དཔུང་ཚོགས་སྐྱེན་པོ་མི་དགུ་ཁྱུང་རིགས་འཁོར་དང་བཅས་པ་ས་བསྲུང་དུ་བཞག་པ་ལ་བཙན་པོས་བཀའ་མ་འབྱོར་བར་བྷོ་ཊའི་ཡུལ་དུ་ཕེབས་མི་ཆོག་པར་བཤད་པ་ལ་བྷན་དའི་ཡུལ་དུ་ཧོར་རིགས་ཀྱང་ཡོད་པར་གོ་ཐུབ་ལ། ཆོས་སྐྱོང་ཕེབས་ཤུལ་དུ་བྷན་ད་ཧོར་གྱི་སྒོམ་གྲྭ་ཡང་མེད་བརླག་ཏུ་སོང་བས་རྗེས་སུ་ཁྱུང་ནག་དཔོན་པོས་པེ་ཧར་རྒྱལ་པོའི་བླ་རིའི་རྩེར་དཔལ་མཁར་བརྩིགས་ནས་ལྷ་བསྟོད་བཅས་པ་ཡིན་ཟེར་ལ། ངག་རྒྱུན་དུ་ཡང་རྒྱལ་པོའི་བླ་རི་དང་ཁྱུང་ནག་དཔོན་པོའི་ལབ་རྩེ་ཟེར་བར་བཤད་ཡོད། 

ཁྱུང་གི་མགོ་ལ་མིའི་ལུས་སམ་ཧོར་ལྷ་བྱང་ཆུབ་རྒྱལ་པོ་ཤིང་བྱ་ཅན་ཞེས་པེ་ཧར་རྒྱལ་པོ་ནི་ཁྱུང་གི་རིགས་ཡིན་པས་ཁྱུང་ཤུལ་ལབ་རྩེ་ཟེར་བ་ཡང་ཡོད་པར་འདུག་ལ། ཨ་མྱེས་བསམ་གཏན་དང། ཨ་མྱེས་བ་ཡན། ཨ་མྱེས་ལྷ་རྩེ། ཨ་མྱེས་རྒྱབ་རྩེ། ཨ་མྱེས་དབོར་དྲིས། ཨ་མྱེས་རི་བཟང་། ཨ་མྱེས་དུང་དཀར། མ་ཅིག་དུང་སྐྱོང་དཀར་མོ་སོགས་ཡུལ་འདིའི་སྲིད་པའི་གནས་བདག་ཆེན་པོ་དག་ཡིན་པར་མ་ཟད། གཡས་རི་དང། ཆོས་བཟང་། སྐྱ་ཡངས། རྟ་ར། རྒྱབ་རྩེ་གོང་ཁ། མགོ་སྒམ། ཐོད་ཉིན། མ་ཎི་སྣ་ཁ། སྟག་ལུང་། བར་རྒྱུས། བྷན་ད། མཁར་ལུང་། དགོ་མང་ཐང་། ཨམ་རིལ། འོད་ཐུམ། དཀར་སྐྱོང་། རྡོ་རགས། ཝ་ལུང་། རྡོ་འོག་སྟེགས། སུ་རུའི་མདོ། དམེར་དྲིས། དབོར་དྲིས་གོང་ཁ། ཡུ་མོ་ཤར། ཧོར་ལམ། བསིལ་ཡིབ། གཤེས་རྒན། ཡར་སྟག་གོང་ཁ། སོས་བུད་སོགས་བྷན་ད་ཧོར་གྱི་སྒོམ་གྲྭའི་ཉེ་འཁོར་གྱི་ས་མང་ཡིན་ཡང་ད་ལྟ་ཕལ་ཆེར་བ་རྒྱ་མིང་གིས་འབོད་ཀྱིན་ཡོད།

ཁྱུང་ཤུའུ། ཚོ་སྨད། གློ་རྒྱལ། ཆུ་ཤུའུ། ཤིང་ཚ་དགུ། ར་ཆུ། ར་རྒྱགས། འབྲོང་ལུང་། ཧོང་ནུའུ། འབྲོང་ཤུལ། ཕན་ཤུལ། སྔོ་ཟ། རྒྱབ་རྩེ་སོགས་ར་ཁྱུང་ཚོ་བ་བཅུ་བཞི་དང་བྷན་ད་ཚོ་བ་གཅིག་ཡོད་པ་དེ་དག་ཐམས་ཅད་མཱ་ཐིས་དགོན་པའི་ལྷ་སྡེ་དང་རྒྱལ་པོ་བླ་རིའི་ཉེ་འཁོར་གྱི་བོད་སྡེ་ཡིན་ཡང་། ད་ལྟ་རྒན་པོ་འགའ་ཡིས་བོད་སྐད་བཤད་པ་ལས་གཞོན་པ་ཚོས་བོད་སྐད་ཡིག་བརྗེད་ཀྱིན་ཡོད་པར་འདུག་ཀྱང་། ཁོང་ཚོར་སྡིག་གཏམ་བཤད་ཚོད་ཅིག་ཁྱོན་ནས་མ་རེད། བོད་ཀྱི་ལོ་རྒྱུས་སྨྲ་བ་བྱིངས་ཀྱི་ཁོང་ཅག་བརྗེད་ཀྱིན་མངའ་བས་སྡིག་གཏམ་གླེང་འདོད་པ་ཡིན་ཙང་། ལོ་རྒྱུས་སྨྲ་བར་ཁས་འཆེ་བ་ཁོང་ཅག་ལ་བཤད་པ་ཤིན་ཏུ་གལ་ལོ།། ད་སྐོར་ཁོང་ཅག་མཉམ་དུ་ཡུ་གུར་དག་ཡོད་ལ། མིང་དེ་ནི་བོད་ཀྱི་ལོ་རྒྱུས་རྙིང་མ་རྣམས་སུ་སོག་སྐད་ལ་ཤ་ར་ཨུརྒེ་ཞེས་པ་གུར་སེར་བོའི་མིང་ཡིན་པས་ཨུརྒེ་སྒྲ་ལོག་སྟེ་ཡུ་གུར་ཟེར་བ་སྣང་ཞེས་བྲིས་འདུག་པར་མ་ཟད། གཞན་ཡང་ཡུ་གུར་ཞེས་པ་ནི་ཡོར་གོར་གྱི་སྒྲ་ཟུར་ཆགས་པ་ཡིན་ལ་སྤྱི་ལོ་གཅིག་དགུ་ང་བཅུ་ང་གསུམ་ཡས་མས་སུ་ཡུས་ཀུའུ་རིགས(裕固族)ཞེས་ཀྲུའུ་ཙུང་ལིས་ཀྱིས་མིང་བསྒྱུར་པ་རེད་འདུག་ཅེས་བརྗོད། ཡུ་གུར་ཡི་གེ་ཞེས་རྡོ་བརྐོས་ཡི་གེ་སོག་ཡིག་གམ་མན་ཆིང་གི་ཡིག་གཟུགས་དང་འདྲ་བ་ཞིག་ད་ལྟ་མཐོང་རྒྱུ་འདུག་པ་ལས་གཞན་ཡུ་གུར་ཡི་གེ་ཞེས་ད་ལྟ་བཀོལ་རྒྱུ་མེད་དོ། །

གནས་འདིར་སྔ་རྗེས་སུ་ཁྱུང་ཚ་དགེ་བཤེས་རབ་བརྟན་དང་སུམ་པ་ཡེ་ཤེས་དཔལ་འབྱོར། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གསེར་ཁྲི་འཇམ་དབྱངས་བསྟན་འཛིན། ཨ་ཆེན་མཁན་པོ། ཁྱུང་ནག་བླ་མ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་པོའི་ཞབས་ཀྱིས་བཅགས་ཤིང་། ཆོས་སྐྱོང་གཉན་པོ་ཡིན་པའི་ལུང་བསྟན་སོགས་གསུངས། ལྷ་རམས་པ་ངག་དབང་ཤེས་རབ། མཱ་ཐིས་དགེ་བཤེས་ངག་དབང་བློ་བཟང་། ཆོས་བཀའ་བ་ཆེན་མོ་ངྷི་ཚ་གྲགས་པ་རྒྱ་མཚོ་ལ་སོགས་པ་ཡུལ་འདི་དང་བར་ཐག་ཉེ་སར་སྐུ་འཁྲུངས་སོ།། སྔོན་ཆད་མཱ་ཐིས་དགོན་པ་ལ་སོགས་པའི་ཡུལ་འདིའི་དགོན་སྡེ་དང་ཚོ་བ་སོ་སོ་ན་གནས་ཆུང་སྐུ་རྟེན་འབབ་རྒྱུ་ཡོད་ལ་གཅིག་སྟོང་དགུ་བརྒྱ་ང་བཅུ་ང་བརྒྱད་ལོའི་བར་གྱི་རྒྱབ་རྩེ་ཚོ་བའི་སྐུ་རྟེན་འབབ་ས་ཨ་མྱེས་སངས་རྒྱས་ཟེར་བ་བདག་གིས་ཀྱང་རིག་མྱོང་། རྟེན་མདུང་ང་བརྒྱད་ལོར་སྤྱི་ཁང་གི་ཐབ་ནང་དུ་བརྫངས་པ་དང་ཁྱིམ་དེར་སྐལ་བཟང་གསེར་བྲིས་མ་ཞིག་ཡོད་པ་ཡང་མེད་བརླག་ཏུ་སོང་ཟེར་རོ། །

ཁོང་ཚོའི་སྡེ་བ་མཐའ་དག་གིས་མཆོད་རྟེན་ཆུང་ཆུང་རེ་བཞེངས་ཡོད་པ་དེ་ནི་མི་བརྗེད་པའི་གཟུངས་འཇུག་ཚང་ལ་མ་ནོར་བ་དེ་ཡིན། གནས་འདི་ལ་སྔོན་མ་ཤིང་གི་མཆོད་རྟེན་ངོ་མཚར་རེ་ཡོད་ཅེས་དཔེ་དེབ་ཁྲོད་ནས་མཐོང་ཡང་དངོས་སུ་མཇལ་བའི་བསྐལ་བ་བྱུང་མ་སོང་། རྗེས་ཕྱོགས་འདི་ལ་ཕེབས་མཁན་ཚོའི་འཚོལ་ཞིབ་གནང་བ་ཤིན་ཏུ་གལ་ལོ།།

འདུ་འཛིའི་གཡང་རྒོད་མང་བའི་དུས་རབས་འདིར།།
མཐའ་རྒྱ་ཆོད་པའི་གཞུང་བཟང་མཇལ་ཆོག་རུང་།།
ཚིག་སྤུ་བཏགས་ནས་དོན་རྒྱ་ཤོར་བ་དང་།།
དོན་རྒྱ་བསམ་ནས་ཚིག་གནད་མ་ཁྲོལ་ལུས།།

༢༠༡༩/༢/༢ཉིན་ལ་བྷ་ཏ་ཧོར་ནས་དཔའ་བོའི་མཛད་རྗེས་དྲན་ཞོར་དུ་བོད་ཀྱི་ཡུལ་དངོས་བརྟག་ཞིབ་ལ་སྤྲོ་བ་འཕེལ་བའི་སྟོང་དཔོན་བསོད་ནམས་ཡར་འཕེལ་གྱིས་བགྱིས་པ་དགེ་བའི་རྒྱུ་རུ་འགྱུར་བར་སྨོན་ནོ།།