– རྗེ་བདག་ཉིད་ཆེན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་ནས་ལོ་དྲུག་བརྒྱ་འགོར་བའི་རྗེས་དྲན་དུ།

དམིགས་བརྩེ་མའི་གསང་བ་ཞེས་པ་འདི་ནི་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་ཡ་གིར་བཞུགས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་རབ་བྱུང་བཙུན་པའི་རིགས་ལ་སངས་རྒྱས་ལ་ཀ་ཁའི་ཚུལ་ལས་མ་འདས་མོད།  རང་ཅག་མི་སྐྱ་ཕོ་མོ་རྣམས་ལ་ཁ་ཏོན་གྱི་གསོས་སུ་འགྱུར་རམ་སྙམ་པའི་ཀུན་སློང་ཡར་ལྡན་དང་བཅས་ཏེ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་ཅུང་ཟད་ཞུ་བ་ལ།          

གཅིག    དམིགས་བརྩེ་མའི་གསོལ་འདེབས།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

གཉིས།  དམིགས་བརྩེ་མའི་གསོལ་འདེབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།

རིགས་གསུམ་ཀུན་འདུས་ཀྱི་ངོ་བོ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པ་མཆོག་དགུང་ལོ་ཞེ་ལྔ་བཞེས་པའི་ལྕགས་སྦྲུལ་ཕྱི་ལོ༡༤༠༡ལོར་བོད་ཀྱི་ཤིང་རྟ་བ་ཆེན་པོ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་།  རྗེ་བདག་ཉིད་ཆེན་པོ།  ལོ་ཆེན་སྐྱབས་མཆོག་དཔལ་བཟང་སྟེ་ཆོས་རྗེ་རྣམ་པ་གསུམ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་གནམ་རྩེ་ལྡེང་གི་གཙུག་ལག་ཁང་དུ་ཞལ་འཛོམས་པའི་ཚེ་དད་གཏོང་ནོར་གྱིས་ཕྱུག་པའི་དཔོན་ཡོན་ཏན་རྒྱ་མཚོས་ལྷག་བསམ་རྣམ་པར་དཀར་བོས་ཞབས་ཏོག་བསྒྲུབས།  སྡེ་སྣོད་འཛིན་པ་དྲུག་བརྒྱ་ལྷག་ལ་ཆོས་རྗེ་རྣམ་གསུམ་གྱིས་དབུ་ཚད་འདུལ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་རྗེ་ཙོང་ཁ་བས་བོད་ཡུལ་དུ་སྔོན་མ་བྱུང་བའི་མཁས་པ་ཆེན་པོ་བླ་མ་རྗེ་བཙུན་རེད་མདའ་བ་ལ་སྙིང་ནས་མི་ཕྱེད་པའི་དད་པ་འཁྲུངས་ཏེ། 

ཇི་སྐད་དུ། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། །གཞོན་ནུ་བློ་གྲོས་ཞབས་ཀྱི་པདྨོར་འདུད། །ཐར་འདོད་བུང་བ་བདག་ཀྱང་བསྐྱབ་ཏུ་གསོལ། །

ཞེས་བསྟོད་གསོལ་ཕུལ་བ་རྗེའི་གསུང་ཐོར་བུ་དང་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་སོགས་སུ་འབྱུང་ལ།  དེར་རྗེ་བཙུན་རེད་མདའ་བས།  བསྟོད་གསོལ་འདི་ངེད་ལ་མི་འོས།  རྗེ་ཁྱེད་ལ་འོས་ཞེས་ཚིག་ཟུར་སྤོས་ཏེ།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་པ་འབུལ་བར་མཛད་པ་ནས་རྗེ་བདག་ཉིད་ཆེན་པོའི་བསྟོད་གསོལ་དུ་གྱུར་བ་ཡིན།  དེ་ནས་དབེན་ས་སྙན་བརྒྱུད་ཀྱི་ལུགས་སུ་དེའི་ཁར།   བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག  །ཅེས་པ་སྣོན་པར་མཛད་པ་ནས་བཟུང་བསྟོད་གསོལ་འདི་བྱུང་བར་མ་ཟད།  དམིགས་བརྩེ་མ་དང་དམིགས་བརྩེ་མའི་གསོལ་འདེབས་ཞེས་ཀུན་ལ་རླུང་ལྟར་གྲགས་པ་ཡིན། དེའི་ཕྱིར་ལོ་སྟེ་དགུང་ལོ་ཞེ་དྲུག་པ་ཆུ་རྟ་ཕྱི་ལོ་༡༤༠༢ལོར་རྭ་སྒྲེང་གི་བྲག་སེངྒེའི་ཞོལ་དུ་དབེན་གནས་བཏབ་སྟེ་བྱང་ཆུབ་ལམ་རིམ་ཆེན་མོ་རྩོམ་པའི་དབུ་འཛུགས་པར་མཛད་པའང་ཞོར་དུ་མཁྱེན་དགོས་པ་ཞིག་ཡིན་ནོ། །

 གསུམ།  དམིགས་བརྩེ་མའི་འགྲེལ་བ།

༡     ཚིག་འགྲེལ།

དམིགས་པ་མེད་པའི་བརྩེ་བ་སྟེ་སྙིང་རྗེའི་ངང་ཚུལ་གཏོང་དཔག་དཀའ་བའི་གཏེར་ཆེན་པོ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང་མཚུངས་པ་དང་།  རྒྱལ་བའི་གསུང་རབ་མདོ་སྔགས་གཉིས་དང་ཁྱད་པར་དུ་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་ཀྱི་གཞུང་ལུགས་ཆེན་པོའི་ཚིག་དོན་མ་ལུས་པ་ལུང་དང་རིགས་པ་དྲི་མ་མེད་པས་ཇི་ལྟ་བ་བཞིན་མཁྱེན་པའི་དབང་བོར་གྱུར་བ་དེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཁྱེན་དཔྱོད་ཇི་ལྟ་བ་དང་།  རྒྱལ་བའི་བསྟན་པ་སྤྱི་དང་བསྟན་འཛིན་དམ་པ་རྣམས་ཀྱི་བཤད་སྒྲུབ་ལ་བར་དུ་གཅོད་པའི་བདུད་དཔུང་མ་ལུས་པ་འཇོམས་པར་མཛད་པ་དེ་གསང་བའི་བདག་པོའི་མཐུ་སྟོབས་དང་གཉིས་སུ་མེད་པ་ཡིན་ལ།  གངས་ཅན་མཁས་པ་ཐམས་ཅད་ལས་སྐུ་གསུང་ཐུགས་དང་མཁས་བཙུན་བཟང་གསུམ་གྱི་ཆ་ཤས་རེ་རེས་ཀྱང་གཞན་གྱིས་བསྒྲུན་དུ་མེད་པའི་གཙུག་གི་རྒྱན་ལྟ་བུ།  ཤར་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པའི་རྗེ་རྒྱལ་བ་བློ་བཟང་གྲགས་པའི་སྐུའི་ཆ་དམའ་ཤོས་ཞབས་ཀྱི་པདྨོ་ལ་རང་གི་ལུས་ཀྱི་ཆ་མཐོ་ཤོས་སྤྱི་བོས་བཏུད་དེ་གསོལ་བ་འདེབས་པ་ཡིན་ནོ། །ཞེས་པའོ། །

༢    དོན་འགྲེལ། 

སྙིང་རྗེ་ལ་དམིགས་ཡུལ་སེམས་ཅན་མི་རྟག་པ་དང་བདེན་མེད་སོགས་ཀྱི་རྣམ་པ་མ་ཤར་བར་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་།  སེམས་ཅན་མི་རྟག་པ་དང་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ལྟ་བུས་ཁྱད་པར་དུ་བྱས་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་དང་།  དམིགས་ཡུལ་སྡུག་བསྔལ་ཅན་གྱི་སེམས་ཅན་རང་བཞིན་གྱིས་སྟོང་བར་ངེས་པའི་དམིགས་མེད་ལ་དམིགས་པའི་སྙིང་རྗེ་སྟེ་གསུམ་ཡོད་པ་ལས་རང་བཞིན་མེད་པའི་སེམས་ཅན་འདི་རྣམས་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་བྱའོ་སྙམ་པའི་ཚུལ་གྱིས་བདེན་འཛིན་གྱི་དམིགས་པའི་གཏད་སོ་མེད་པའི་བརྩེ་བ་སྙིང་རྗེའི་གཏེར་ཆེན་པོ་རུ་གྱུར་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཆོས་མཚུངས་ཤིང་།  ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱ་མཐའ་དག་མངོན་སུམ་དུ་གཟིགས་པ་ལ་འཁྲུལ་བའི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་ཇི་བཞིན་གསལ་བར་མཁྱེན་པའི་དབང་བོ་སྟེ་གཙོ་བོར་གྱུར་བས་རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མེད་ལ།  བདུད་བཞི་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པའི་བདུད་ཀྱི་དཔུང་ཚོགས་ཇི་སྙེད་མ་ལུས་པ་འཇོམས་པར་མཛད་པ་ལ་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་མཛོད་འཛིན་ཅིང་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་དཔལ་གསང་བའི་བདག་པོ་དང་གཉིས་སུ་མེད་པ།   མཁས་བཙུན་བཟང་གསུམ་དང་།  ལྟ་སྒོམ་སྤྱོད་གསུམ།  མཁྱེན་བརྩེ་ནུས་གསུམ་གང་གི་ཆ་ནས་ཀྱང་རིགས་གསུམ་མགོན་པོ་དང་དབྱེར་མ་མཆིས་པའི་གངས་ཅན་བོད་ཀྱི་མཁས་པ་དང་གྲུབ་པ་ཐམས་ཅད་ལ་འགྲན་ཟླར་འོས་པ་གཅིག་ཀྱང་མ་བྱུང་བས་གཙུག་གི་རྒྱན་དུ་གྱུར་བ།   འཕགས་པ་རིགས་གསུམ་མགོན་པོ་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བ།  དེ་ཡང་རི་ཙོང་འདེབས་སའི་ཡུལ་ལམ་ཉོ་ཙོང་མང་པོའི་ཡུལ་སྟེ་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་པ།  དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ་ཞེས་ཞུ་བ་གང་དེའི་ཡོན་ཏན་ཁྱད་པར་ཅན་རྣམས་དྲན་པའི་སྒོ་ནས་སྐུའི་དམའ་ཤོས་ཞབས་ཀྱི་པདྨོ་ལ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་པ་ཡིན་ནོ། །ཞེས་པའོ། །

༣   དཀའ་འགྲེལ།

རྒྱལ་བ་ཐམས་ཅད་ཀྱི་བརྩེ་བ་གཅིག་བསྡུས་ཀྱི་ངོ་བོ་ལྷར་ཤར་བ་སྐུ་རྡོ་རྗེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་།  རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་བསྡུས་ཀྱི་ངོ་བོ་གསུང་རྡོ་རྗེ་རྗེ་བཙུན་འཇམ་པའི་དབྱངས་དང་།  རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ་ཐུགས་རྡོ་རྗེ་གསང་བདག་ཕྱག་ན་རྡོ་རྗེ་ཡིན་པ་ལ།    རྣམ་པ་འཇམ་མགོན་བླ་མ་རྗེ་བློ་བཟང་གྲགས་པ་རུ་གསལ་བཏབ་སྟེ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་།    ཁྱད་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ལས་དང་ཉོན་མོངས་པ།  ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་དུད་ཁུ་དང་སོལ་ཁུ།  རྣག་ཁྲག་དང་ཆུ་སེར།  སྡོམ་དང་སྡིག་སྦྲུལ་སོགས་མི་གཙང་མི་སྡུག་པའི་གཟུགས་ཀྱི་རྣམ་པར་འོག་སྒོ་ནས་ཕྱིར་ཐོན་པ་དང་།  ས་རིམ་པ་དགུའི་འོག་ཏུ་སོང་སྟེ་འཆི་བདག་གཤིན་རྗེ་བགེགས་རིགས་ལན་ཆགས་དང་བཅས་པ་ཚིམ་པར་བྱས།   རང་གི་ལུས་ཤེལ་སྒོང་གཡའ་དག་པ་བཞིན་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དང་རྒྱུད་སྣོད་རུང་དུ་གྱུར་བར་བསམ་དགོས་པ་ཡིན་ནོ། །ཞེས་པའོ། །

བཞི།   དམིགས་བརྩེ་མའི་གསོལ་འདེབས་ཀྱི་སྒྲུབ་སྐོར།

དམིགས་བརྩེ་མའི་གསོལ་འདེབས་འདི་ལ་སྒྲུབ་སྐོར་བདུན་ཡོད་པ་ལས། 

༡   སུམ་སྐོར།   

དམིགས་བརྩེ་མ་སུམ་སྐོར་ལ་སྤྱན་རས་གཟིགས་དང་།  འཇམ་དབྱངས།  རྗེ་བླ་མ་གསུམ་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ།   དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་བཞི་ཡོད།

༢   བཞི་སྐོར། 

དམིགས་བརྩེ་མ་བཞི་སྐོར་ལ་འཕགས་པ་རིགས་གསུམ་མགོན་པོ་དང་རྗེ་བླ་མ་བཞིར་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་ལྔ་ཡོད།

༣    ལྔ་སྐོར།

དམིགས་བརྩེ་མ་ལྔ་སྐོར་ལ་ཐུབ་དབང་།   རིགས་གསུམ།  རྗེ་བླ་མ་ལྔར་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །  དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་དྲུག་ཡོད།

༤    དྲུག་སྐོར།

དམིགས་བརྩེ་མ་དྲུག་སྐོར་ལ་ལོངས་སྐུ་རྡོ་རྗེ་འཆང་།  སྤྲུལ་སྐུ་ཤཱཀྱ་ཐུབ་པ།  རིགས་གསུམ།  རྗེ་བླ་མ་རྣམས་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ།  རིགས་ཀུན་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་བདུན་ཡོད། 

༥    བདུན་སྐོར།

དམིགས་བརྩེ་མ་བདུན་སྐོར་ལ་ཐུབ་དབང་།  རིགས་གསུམ།  མི་གཡོ་བ།  སྒྲོལ་མ།  རྗེ་བླ་མ་རྣམས་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ།   དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །རྨོངས་པའི་འཇིགས་འཕྲོག་རྒྱལ་བ་མི་གཡོ་མགོན། །རྒྱལ་ཀུན་འཕྲིན་ལས་སྒྲུབ་མཛད་སྒྲོལ་མ་ཡུམ། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་བརྒྱད་ཡོད། 

༦    བརྒྱད་སྐོར།

དམིགས་བརྩེ་མ་བརྒྱད་སྐོར་ལ་རྡོ་རྗེ་འཆང་།  ཐུབ་དབང་།  གཤིན་རྗེའི་གཤེད།  རིགས་གསུམ།  སྒྲོལ་མ།  རྗེ་བླ་མ་རྣམས་དབྱེར་མེད་དུ་གསོལ་བ་འདེབས་པ་སྟེ།    རིགས་ཀུན་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །འཇམ་དཔལ་ཁྲི་བའི་ཟློས་གར་གཤིན་རྗེའི་གཤེད། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པར་ཚིག་རྐང་དགུ་ཡོད།                     

༧     དགུ་སྐོར།

དམིགས་བརྩེ་མ་དགུ་སྐོར་ལ་འཇམ་དབྱངས་ཕྱི་ནང་གསང་གསུམ།  སྤྱན་རས་གཟིགས།  རྡོ་རྗེ་ཆོས།  རྒྱལ་བ་རྒྱ་མཚོ།  ཕྱག་རྡོར་གོས་སྔོན།  འབྱུང་འདུལ།   འཁོར་ཆེན་རྣམས་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་ཡིན་ཞེས་པཎ་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་གསུངས་སོ། །  

ལྔ།   དམིགས་བརྩེ་མའི་གསོལ་འདེབས་ཀྱི་ཕྱི་ནང་གསང་སྒྲུབ།

༡    རྗེ་བླ་མའི་ཕྱི་སྒྲུབ།

དེ་ཡང་བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ཀྱི་ནང་ནས་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེའི་གཏེར་ཆེན་པོ་མངའ་བ་ལ་སྤྱན་རས་གཟིགས་དང་།  ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་མཐའ་དག་ལ་དྲི་མ་མེད་པའི་མཁྱེན་རབ་རྒྱས་པ་འཇམ་པའི་དབྱངས།  བདུད་ཀྱི་དཔུང་ཚོགས་ཇི་སྙེད་འཇོམས་པ་ལ་མཐུ་དང་སྟོབས་རྒྱས་པ་གསང་བའི་བདག་པོ་ཡིན་ལ།  བོད་འདིར་སྔོན་བྱོན་མཁས་པ་ཐམས་ཅད་ཀྱི་ནང་ན་མཁྱེན་བརྩེ་ནུས་གསུམ་དང་མཉམ་པ་སུ་ཡང་མེད་པས་གངས་ཅན་མཁས་པ་ཐམས་ཅད་ལས་གཙུག་གི་རྒྱན་དུ་གྱུར་བ་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སྐུ་འཁྲུངས་པའི་རྗེ་རྒྱལ་བ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་ལ་བཏུད་དེ་གསོལ་བ་འདེབས་སོ་བདག་ཀྱང་ཁྱེད་ལྟ་བུའི་མཁས་པའི་ཡོན་ཏན་ཕུལ་དུ་ཕྱིན་པ་ཞིག་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སེམས་པ་དེ་དེ་ཡིན།

༢    རྗེ་བླ་མའི་ནང་སྒྲུབ།

དམིགས་པ་མེད་པའི་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་འགྲོ་ལ་རྟག་ཏུ་གཟིགས་པའི་སྤྱན་རས་གཟིགས་དང་།    བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་མཐའ་དག་ལ་དྲི་མ་མེད་པའི་མཁྱེན་རབ་རྒྱས་པའི་འཇམ་པའི་དབྱངས།   བདུད་བཞིའི་དཔུང་ཚོགས་མ་ལུས་པ་གཞོམ་ནུས་པའི་གསང་བདག་ཕྱག་ན་རྡོ་རྗེ་སྟེ།  དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་སྙིང་རྗེ་དང་།   མཁྱེན་རབ།  མཐུ་སྟོབས་དེ་ལྟ་བུ་དང་ལྡན་པའི་རྗེ་བླ་མ་ལ་གསོལ་བ་འདེབས་སོ་བདག་ཀྱང་སྒྲུབ་པ་ལྷུར་བླངས་ནས་རྟོགས་པའི་ཡོན་ཏན་ཁྱད་པར་བ་ཞིག་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སེམས་པ་དེ་དེ་ཡིན། 

༣    རྗེ་བླ་མའི་གསང་སྒྲུབ།

རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་གཅིག་ཏུ་བསྡུས་པའི་ངོ་བོ་ལྷར་ཤར་བ་ནི་སྤྱན་རས་གཟིགས་དང་།  རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་ངོ་བོ་ལྷར་ཤར་བ་ནི་འཇམ་པའི་དབྱངས་དང་།  རྒྱལ་བ་ཐམས་ཅད་ཀྱི་མཐུ་ནུས་གཅིག་ཏུ་བསྡུས་པའི་ངོ་བོ་ལྷར་ཤར་བ་ནི་དཔལ་གསང་བའི་བདག་པོ་ཡིན་ལ།  རྗེ་བླ་མ་ཡང་དེ་དག་དང་ངོ་བོ་གཅིག་པ་དང་བདག་ཉིད་གཅིག་ཏུ་གྲུབ་ཡོད་པས་ན་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་ཞབས་ལ་མགོ་བོས་རབ་ཏུ་བཏུད་དེ་གསོལ་བ་འདེབས་སོ་བདག་ཀྱང་རྗེ་བླ་མ་ཁྱེད་དང་ལྷག་པའི་ལྷ་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐའ་དག་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སེམས་པ་དང་དམིགས་བརྩེ་མའི་སྒོ་ནས་གསོལ་འདེབས་བརྗོད་པ་དེ་དེ་ཡིན།

དྲུག  དམིགས་བརྩེ་མའི་གསོལ་འདེབས་ཀྱི་མཚན་སྔགས།

༡   སྤྱན་རས་གཟིགས་ཀྱི་མཚན་སྔགས་ནི།   ཨོཾ་མ་ཎི་པདྨེ་ཧཱུཾ།  མཚན་སྔགས་འདི་ཀློག་སྐབས་སེ་གོལ་དགུའི་ཡུན་ཚད་ལ་བཀླག་པས་བཟླས་བརྗོད་ཚད་ལྡན་དང་ཀློག་ཚུལ་ཤིན་ཏུ་དག་པར་གསུངས།

༢   འཇམ་པའི་དབྱངས་ཀྱི་མཚན་སྔགས་ནི།   ཨོཾ་ཨ་ར་པ་ཙ་ན་དྷཱི།   མཚན་སྔགས་འདི་ཀློག་སྐབས་སེ་གོལ་དགུའི་ཡུན་ཚད་ལ་བཀླག་པས་བཟླས་བརྗོད་ཚད་ལྡན་དང་ཀློག་ཚུལ་ཤིན་ཏུ་དག་པར་གསུངས།

༣   གསང་བདག་གི་མཚན་སྔགས་ནི།    ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ།  མཚན་སྔགས་འདི་ཀློག་སྐབས་སེ་གོལ་བཅུའི་ཡུན་ཚད་ལ་བཀླག་པས་བཟླས་བརྗོད་ཚད་ལྡན་དང་ཀློག་ཚུལ་ཤིན་ཏུ་དག་པར་གསུངས།

༤   རྗེ་བླ་མའི་མཚན་སྔགས་ནི།    ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སུ་མ་ཏི་ཀཱིརྟི་སིདྡྷི་ཧཱུཾ་ཧཱུཾ།   མཚན་སྔགས་འདི་ཀློག་སྐབས་སེ་གོལ་ཉེར་གཉིས་ཀྱི་ཡུན་ཚད་ལ་བཀླག་པས་བཟླས་བརྗོད་ཚད་ལྡན་དང་ཀློག་ཚུལ་ཤིན་ཏུ་དག་པར་གསུངས།

བདུན།    དམིགས་བརྩེ་མའི་གསོལ་འདེབས་ཀྱི་བླ་མ་བརྒྱུད་པ།

བླ་མ་བརྒྱུད་པ་དང་པོའི་ལུགས།

རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། དབེན་ས་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། མཁས་གྲུབ་བློ་བཟང་བསྟན་འཛིན་རྒྱ་མཚོ། སྨྲ་བའི་ཉི་མ་ཆོས་ཀྱི་རྒྱ་མཚོ། ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ།སྔགས་འཆང་འཇམ་དབྱངས་བློ་གྲོས། བསོད་ནམས་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་བོ།བསྟན་པའི་སྒྲོན་མེ། རྗེ་གསེར་ཁང་བ། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། གོང་ས་སྐྱབས་མགོན་བརྒྱད་པ་ཆེན་མོ་ཤར་ཚང་བློ་བཟང་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་སྲིད་གསུམ་མཚུངས་པ་མེད་པའི་སྡེ་ལའོ། །

བླ་མ་བརྒྱུད་པ་གཉིས་པའི་ལུགས།

རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་རྒྱལ་བ་བློ་བཟང་གྲགས་པ། རྗེ་ཤེས་རབ་སེང་གེ འདུལ་ནག་པ་དཔལ་ལྡན་བཟང་བོ། དེད་དཔོན་འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་འགྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། མཁས་གྲུབ་རྡོ་རྗེ་བཟང་བོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། མེརྒན་ངག་དབང་བློ་གྲོས། རྗེ་འཇམ་དབྱངས་བཞད་པ། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་བ་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། རྒྱལ་བ་འཇམ་དཔལ་རྒྱ་མཚོ། པཎ་ཆེན་དཔལ་ལྡན་བསྟན་པའི་ཉི་མ། ཐོ་ཡོན་དོན་གྲུབ་རྒྱལ་མཚན། རྗེ་བློ་བཟང་ཆོས་འཕེལ་བསྟན་འཛིན། རྗེ་ཤེས་རབ་རྒྱ་མཚོ། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ཁུན་གྱ་བསྟན་འཛིན་རྒྱ་མཚོ། ཡོངས་འཛིན་བློ་བཟང་དཔལ་ལྡན། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། དཔྱི་ས་དྲུང་ཆེན་བློ་གྲོས་རྒྱ་མཚོ། རྗེ་དགེ་འདུན་བསྟན་འཛིན། གོང་ས་སྐྱབས་མགོན་བརྒྱད་པ་ཆེན་མོ་ཤར་ཚང་བློ་བཟང་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་སྲིད་གསུམ་མཚུངས་པ་མེད་པའི་སྡེ་ལའོ། །

བརྒྱད།    དམིགས་བརྩེ་མའི་གསོལ་འདེབས་ཀྱི་ཕན་ཡོན།

༡   རྗེ་བླ་མ་ཉིད་སྤྱན་རས་གཟིགས་དང་དབྱེར་མེད་དུ་སྒྲུབ་ན་ཡིག་དྲུག་བགྲང་བའི་ཕན་ཡོན་དང་།  འཇམ་པའི་དབྱངས་དང་དབྱེར་མེད་དུ་སྒྲུབ་ན་ཨ་ར་པ་ཙ་བགྲང་བའི་ཕན་ཡོན་དང་།  ཕྱག་རྡོར་དང་དབྱེར་མེད་དུ་སྒྲུབ་ན་བཛྲ་པཱ་ཎི་བགྲང་བའི་ཕན་ཡོན་འབྱུང་བར་གསུངས།

༢   རྗེ་བླ་མའི་སྤྱི་བོའི་འཇམ་དབྱངས་ཀྱི་ཐུགས་ཀར་དྷཱིཿཡིག་གི་མཐར་ཨ་ར་པ་ཙའི་སྔགས་ཕྲེང་བཀོད།  རྗེ་བླ་མའི་མགྲིན་པའི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་མ་བཀོད།   རྗེ་བླ་མའི་ཐུགས་ཀའི་གསང་བདག་གི་ཐུགས་ཀར་ཧཱུཾ་ཡིག་གི་མཐར་བཛྲ་པཱ་ཎི་བཀོད་དེ་སྔགས་བཟླ་བ་དང་འོད་ཟེར་སྤྲོ་བསྡུ་བྱས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བ་དང་།  བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བ།  གདོན་བགེགས་ཀྱི་གནོད་འཚེ་ཞི་བ་སོགས་ནུས་མཐུ་བསམ་གྱིས་མི་ཁྱབ་པར་གསུངས།

༣    རྗེ་བླ་མའི་མཁྱེན་རབ་འཇམ་པའི་དབྱངས་དང་།  བརྩེ་བ་སྤྱན་རས་གཟིགས།  མཐུ་ནུས་གསང་བདག་ཏུ་ཤར་ཏེ་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་བཏབ་ན་རྒྱུད་སྡེ་གོང་འོག་གི་ཟབ་རྒྱས་ཀྱི་ཉམས་ལེན་ཐམས་ཅད་རྫོགས་པར་བྱེད་ཅེས་གསུངས།

༤   ཐོས་བསམ་གྱིས་ཉེར་ལེན་དང་ལྷ་སྒྲུབ་པ་ལྷན་ཅིག་བྱེད་རྐྱེན་བྱས་ནས་དམིགས་བརྩེ་མ་ཚར་རེ་དང་དམིགས་པ་ཚར་རེ་སྦྲགས་ན་སྙིང་རླུང་དང་།  གཟའ་ནད།  རྒྱལ་འགོང་གི་ནད།  ཀླུ་ནད་སོགས་ནད་དྲག་པོ་ཡིན་ཡང་གྲོལ་བར་གསུངས།

༥   རྒྱལ་བ་ཚེ་དཔག་མེད་པ་དང་རྗེ་བླ་མ་གཉིས་དབྱེར་མེད་དུ་སྒོམ་ནས་གསོལ་བ་བཏབ་ན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པ་དང་།  དགེ་འདུན་གྱི་སྡེ་དང་།  བསྟན་པའི་སྦྱིན་བདག   བསྒྲུབ་བྱ་ཕོ་མོ་སུ་དང་གང་ཡིན་ཡང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་བ་དང་།  འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་གསུངས།  

 དགུ   དམིགས་བརྩེ་མའི་གསོལ་འདེབས་ཀྱི་ཕན་ཡོན་ལོ་རྒྱུས་ཀྱིས་སྟོན་པ།

སྔོན་རྗེ་ཤེས་རབ་སེངྒེའི་སློབ་མ་འདུལ་ནག་པ་དཔལ་ལྡན་བཟང་བོ་དང་འདུལ་འཛིན་བློ་གྲོས་སྦས་པ་གཉིས་ལ་འདུལ་དཀར་ནག་ཏུ་གྲགས་པའི་ནང་ཚན་འདུལ་ནག་པ་དེ་སྲད་ཀྱི་ལུང་བའི་ཕུར་བཞུགས་པའི་མདའ་ན་མི་ཚང་སྟོབས་ཆེན་ཞིག་ཡོད་པའི་བུ་རྒྱལ་འགོང་གིས་ཟིན་ནས་གང་གིས་ཀྱང་གླགས་མ་ཁེལ་བ་ན།  ཕྱུགས་རྫི་དེས་ངེད་ཚོའི་ལུང་བའི་ཕུག་འདིར་རེས་འགའ་གཡག་ཆེན་པོ་ཞིག་འདུག   རེས་འགའ་དགེ་སློང་ཞིག་འདུག  དེ་རང་བཞིན་པ་ཞིག་མིན་པ་འདྲ་བས་ཁོང་ལ་ཞུས་ན་ཐབས་རེ་ཡོད་དམ་ཞེས་གྲོས་བཏབ་པ་ལ་བརྟེན་ནས་དེ་དག་གིས་གསོལ་བ་བཏབ་པ་ན།   དང་པོར་ཞལ་གྱིས་མ་བཞེས།  ནན་གྱིས་ཞུས་པས་སྲད་བརྒྱུད་འདེབས་པའི་དུས་ལ་བབ་པའི་སྔ་ལྟས་སུ་གཟིགས་པའི་སྣང་བ་འཆར།  འོ་ན་ངས་ཕན་ནམ་མི་ཕན་བལྟས་ཏེ་ཕན་ན་ཡོང་བས་ཆོག   དང་པོར་ངའི་ལྷམ་དང་ཕྲེང་རྡོག་འདི་རྣམས་ཁྱེར་ལ་རྒྱལ་འགོང་ཞུགས་དུས་ལྷམ་སྟེང་དུ་ཞོག  ཕྲེང་རྡོག་རྣམས་སྐར་ཁུང་དུ་ཞོག་ལ་ཅི་ཟེར་ལྟོས་ཤིག་གསུངས་པ་ལྟར་བྱས་པ་ན།   རྒྱལ་འགོང་དེས་སྐད་ངན་བཏོན་ཏེ་སྟེང་ནས་རི་རབ་ལྷུན་པོས་མནན་བྱུང་།  སྒོ་ཐམས་ཅད་ཁྲོ་བོ་འཇིགས་སུ་རུང་བས་བཀག་འདུག  ད་གང་དུ་འགྲོ་ཞེས་སྡུག་སྐད་བཏོན་པའི་ཚུལ་ཞུས་ཏེ་སྤྱན་དྲངས་ནས་བླ་མས་དམ་ལ་བཏགས་པ་དང་།  དམིགས་བརྩེ་མས་གར་ཁྱབ་ཀྱི་ཕྱོགས་སུ་མི་སྡོད་པའི་དམ་བཅའ་གྱིས།  གལ་ཏེ་མི་བྱེད་ན་ཐལ་བའི་རྡུལ་དུ་བརླག་གོ་ཞེས་གསུངས་པས་རྒྱལ་འགོང་དེས་ཁྱེད་བྱང་ཆུབ་སེམས་དཔའ་ཡིན་པས་རྒྱལ་འགོང་ལའང་ཐུགས་རྗེས་གཟིགས་དགོས།  སྟོད་ཛཱ་ཏིའི་མེ་ཏོག་སྐྱེ་བའི་ས་ནས་ཤར་རྒྱ་མཚོའི་མཐའི་བར་དུ་དམིགས་བརྩེ་མས་མ་ཁྱབ་ས་མི་འདུག་པས་བདག་གང་དུ་འགྲོ་ཞེས་གསོལ་བ་བཏབ་པ་ན།  དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་དམིགས་བརྩེ་མ་བགྲང་མཁན་གར་ཡོད་ཀྱི་སར་གནོད་པ་མི་བྱེད་པའི་དམ་བཅའ་གྱིས་གསུངས་ཏེ་དམ་ལ་བཏགས་པ་ཡིན་པས་རང་རེ་བོད་པ་རྣམས་ལ་སྐུ་རིམ་ཞིག་ལ་འདི་ལས་ལྷག་པ་མེད་ཅེས་གསུངས་པ་ལྟར་མཁྱེན་དགོས་པ་ཡིན་ནོ། །

བཅུ།   དམིགས་བརྩེ་མའི་གསོལ་འདེབས་ལ་སུམ་རྐང་འགོད་པ།  

སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས། ཡི་གེ་བཅུ་གཉིས་པ་སྐྱེ་འགྲོ་ལ་སྤྱིར་རྣམ་གྲངས་བཞི་སྟོང་གོ་དྲུག་ཡོད་པ་ལས་བརྒྱད་པ་ལྔ་བརྒྱ་གྱ་དྲུག་པ་ལག་འགྲོ་ལྟུང་བ་ཞེས་བྱ་བའི་པྲསྟ་ར་ཡིས་མཛེས་པར་སྤྲས་པའི་རེ་ཁཱའི་འཁོར་ལོ་བཞུགས་སོ། །

བཅུ་གཅིག    དམིགས་བརྩེ་མའི་གསང་བ་འབྲི་བའི་དམིགས་ཡུལ།

དམིགས་བརྩེ་མའི་གསང་བ་ཞེས་པའི་རྩོམ་ཡིག་འདི་འབྲི་བའི་དམིགས་ཡུལ་ཅི་ཡིན་ཞེ་ན།  ཁམས་གསུམ་ཆོས་ཀྱི་རྒྱལ་བོ་མཉམ་མེད་བླ་མ་ཙོང་ཁ་བ་ཆེན་པོ་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་(ཕྱི་ལོ༡༣༥༧)ལོར་སྐུ་འཁྲུངས།  དགུང་ལོ་བཅུ་དྲུག་པར་ཕ་ཡུལ་སྤངས་ནས་དབུས་སུ་བྱོན།  དང་པོ་མཚན་ལྡན་གྱི་བླ་མ་དུ་མ་བསྟེན་ནས་རྒྱ་ཆེན་ཐོས་པ་མང་དུ་བཙལ།  བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།  མཐའ་མར་དབེན་པ་བསྟེན་ནས་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པས་རང་དོན་མཐར་ཕྱིན།  གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་ལྟར་རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་པར་མཛད།  དགུང་ལོ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་(ཕྱི་ལོ༡༤༡༩)གི་ལོར་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་དུ་གཤེགས།  དེས་ན་རྗེ་ཐམས་ཅད་མཁྱེན་པ་ཞིང་དུ་གཤེགས་ནས་ད་ལྟའི་རབ་གནས་ས་ཕག་ཕྱི་ལོ༢༠༡༩ལོའི་བར་དུ་ངོ་མཐོང་ལོ་དྲུག་བརྒྱ་ཏག་ཏག་སོང་ཡོད།   དེ་བས་དམིགས་བརྩེ་མའི་གསང་བ་ཞེས་པ་འདི་རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས་ནས་ལོ་དྲུག་བརྒྱ་འགོར་བའི་རྗེས་དྲན་གྱི་ཚུལ་དུ་འབྲི་ཁུལ་བགྱིས་པ་ལགས་སོ།  །