དང་པོ་བྱེ་མཁར་དགོན་དང་དེའི་དཔེ་རྙིང་སྐོར། 

དེ་ཡང་སྤྱི་ལོ་༢༠༠༥ལོའི་ཟླ་༣་ཚེས་༨ལ་སེ་ར་དགོན་པའི་སྐུ་ཞབས་ཆུང་ལྟག་ལགས་དང་། རྒན་ཟླ་བ་བསྟན་འཛིན་ལགས་ངེད་གསུམ་ལྷ་ས་ནས་ཐོན་ཏེ་སྙེ་མོ་བྱེ་མཁར་དུ་དཔེ་རྙིང་སྲུང་སྐྱོབས་ཀྱི་ཆེད་དུ་བསྐྱོད་པ་ཡིན། དགོན་པ་དེའི་མིང་ཆ་ཚང་ལ་བྱེ་མཁར་ཆོས་སྡེ་དགོན་ཞེས་འབོད་ཀྱི་འདུག་ལ། ད་ལྟ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཆོས་རྒྱུད་འཛིན་པ་ཞིག་རེད་འདུག་ལ། དགོན་པ་དེའི་གནའ་བོའི་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་བཤད་རྒྱུ་ཡོད་པ་ནི་གང་ཡང་མི་འདུག [དུས་རབས་བཅུ་དྲུག་པའི་སྟོད་ཙམ་ལ་དགོན་པ་འདིར་བོ་དོང་ཆོས་བརྒྱུད་ཀྱི་བསྟན་པ་བསྐྱངས་ཚུལ་ནི་རྒན་ཟླ་ལགས་ཀྱིས་བྲིས་པ་ལས་གསལ་བས་འདིར་ཡི་གེ་མང་བར་དོགས་ནས་མ་བཀོད]གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་ལས། དེར་ཡང་མ་ཆགས་སྙེ་མོ་བྱེ་མཁར་བཟུང་། ཡུལ་ཁྱིམ་རྫས་ཆ་རོག་བན་སྐྱབས་པས་བསྡུས། །ཉེ་ནས་ཕྱག་ཚང་མྱང་སྨན་འཇམ་དཔལ་བྱས། །དེ་ནས་བོད་བན་བྱེ་མཁར་ནང་ན་མཆིས་པ་ལ། །ཁེང་པོ་དམག་མིའི་རྩ་སྒོར་ཆུ་སྒོར་བཅུག །དེ་ནས་སྙེ་མོ་བྱེ་མཁར་རི་ལོགས་ལ། །ཁེང་པོའི་དམག་མི་གྲོས་བྱེད་མང་པོ་རྣམས། །བོད་བན་གསོད་པའི་མདུན་གྲོས་བྱེད་པ་མཐོང་། ཅེས་པ་སོགས་ནས་མཐར་བདེན་པ་བརྡར་ཏེ་ཆོས་སྐྱོང་བསྐུལ་བས་རི་ལོགས་སུ་མེ་འབར་ནས་ཁེང་པོའི་དམག་མི་རྣམས་བསྒྲལ་བར་གྲགས་པའི་གནས་དེ་ད་ལྟའི་བྱེ་མཁར་ཆོས་སྡེ་དགོན་ཞེས་པ་འདི་ཡིན་འདུག །

དེ་ཡང་གཅིག་ནས་སྙེ་མོ་བྱེ་མཁར་ཞེས་ས་མིང་དང་དགོན་མིང་མ་འགྱུར་བར་ཡོད་པ། གཉིས་ནས་སྔར་གནུབས་ཆེན་བཞུགས་སའི་ལྷ་ཁང་ཆུང་ཆུང་དེ་རྨང་གཞིའི་ཐོག་རྒྱ་བསྐྱེད་བྱས་ཏེ། སྔར་གྱི་ལྷ་ཁང་དེ་ད་ལྟ་གཙང་ཁང་དུ་གྱུར་པའི་ལྷ་ཁང་གསར་རྙིང་གཉིས་ཀྱི་ཁྱད་པར་མངོན་གསལ་དུ་མཐོང་ཐུབ་ལ། གསུམ་ནས་བྱེ་མཁར་ཆོས་སྡེ་དགོན་འདི་ཕྱིས་སུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཆོས་བརྒྱུད་འཛིན་པའི་དགོན་པར་གྱུར་ཡོད་ནའང་། འདིར་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་རྙིང་མའི་དཔེ་རྙིང་དཔེ་དཀོན་སྤྱི་དང་ལྷག་པར་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་རྫོགས་ཆེན་དང་། ཨ་རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའི་རྫོགས་ཆེན་ཨ་རོའི་ལུགས་སོགས་རྙིང་མའི་དཔེ་རྙིང་དཔེ་དཀོན་དང་། ཕྱིས་ཀྱི་བཀའ་གདམས་པའི་དཔེ་རྙིང་དཔེ་དཀོན་མང་པོ་ཞིག་བཞུགས་པ་བཅས་ལ་གཞིགས་ན། བྱེ་མཁར་ཆོས་སྡེ་དགོན་འདི་སྔར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་ཁེང་པོའི་དམག་མི་བསྒྲལ་སའི་སྙེ་མོ་བྱེ་མཁར་ཞེས་པ་དེ་ཡིན་འདུག །ད་ལྟ་གཙང་ཁང་དུ་གྱུར་པ་སྦུག་གི་ལྷ་ཁང་རྙིང་པ་དམར་པོ་འདིའི་ཕྱིའི་འཛུགས་བསྐྲུན་ལ་བལྟས་ན་རྙིང་ཉམས་ཆེན་པོ་ཞིག་ཡོད་རུང་། ནང་གི་ལྷ་སྐུ་གཏོར་ཟིན་པའི་གདན་དང་ཚོན་རིས་ལ་རྙིང་ཉམས་དེ་མེད་པ་ཞིག་མཐོང་བྱུང་། དེས་ན་དེང་རབས་ཀྱི་བརྟག་དཔྱད་ཚད་ལྡན་ཐུབ་པ་ཡིན་ན་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་ཤུལ་ཞིག་མངོན་གྱུར་ཡོང་བ་གདོན་མི་ཟ་སྙམས།

ལྷ་ཁང་དམར་པོ་འདི་རྙིང་པ་རེད་ལ། མཐའ་ཡི་དཀར་པོ་འདི་ཕྱིས་སུ་གསར་བཞེངས་གནང་སྟེ་རྒྱ་བསྐྱེད་པ་ཞིག་རེད་འདུག །

དགོན་པ་དེའི་ནང་བསྟན་པ་སྔ་དར་སྐོར་དང་ཕྱིས་ཀྱི་བཀའ་གདམས་པའི་གསུང་རབ་གཙོ་བོར་གྱུར་པའི་དཔེ་རྙིང་གཞན་དུ་མཐོང་རྒྱུ་མེད་པ་ཧ་ཅང་མང་པོ་ཞིག་ཡོད་རུང་ཆ་ཚང་བ་ནི་ཉུང་། ཡང་དཔེ་རྙིང་མང་པོ་ཞིག་མཆོད་རྟེན་དང་ལྷ་སྐུའི་གཟུངས་ཞུགས་སུ་ཕུལ་བར་ཤོད་ཀྱི་འདུག་ལ། ལྷག་འཕྲོ་རྣམས་ནི་ལྷ་ཁང་ཞིག་གི་ནང་དུ་གོ་རིམ་དང་དབྱེ་བ་སོགས་གང་ཡང་མེད་པར་བསྲེས་ནས་བཞུགས་པ་ལ། དེའི་སྔོན་ཙམ་དུ་དགེན་ཟླ་བ་དང་པདྨ་ཆོས་སྡིངས་དགོན་པའི་སྐུ་ཞབས་འཇིགས་མེད་བསྟན་འཛིན་གྱིས་གཙོ་གཉེར་དང་དགོན་པའི་སྐུ་ཞབས་རྣམས་ཀྱིས་ཀྱང་མཉམ་གཉེར་གང་དྲག་བྱས་ནས་དུས་ཡུན་ཟླ་གཅིག་ཙམ་དང་། ཡང་ད་ལམ་དགོན་པའི་སྐུ་ཞབས་གཉིས་དང་ང་ཚོའི་མི་གསུམ་བཅས་ལས་མི་ལྔའི་གཟའ་འཁོར་གཉིས་ཙམ་གྱི་རིང་གོ་རིམ་སྒྲིག་གང་ཐུབ་བྱས་པ་ཡིན་རུང་ཆ་ཚང་བ་ནི་ཉུང་ཤས་ཙམ་རེད། འོན་ཀྱང་ལྡེབ་སྣ་རིང་ཐུང་དང་ཡིག་གཟུགས་འདྲ་བ་དག་གཙོ་བོར་བྱས་ནས་ཚང་མར་དཔེ་རས་དང་དཔེ་སྒྲོམ་གྱི་མཐུན་རྐྱེན་སྦྱར་ནས་སྲུང་སྐྱོབ་ཞུས་ཡོད

དེ་ཡང་དཔེ་རྙིང་བསྟན་པ་སྔ་དར་སྐོར་གྱི་དཔེ་ཐོ་མཚོན་ཙམ་ཞུས་ན།

མན་ངག་རིག་པའི་ཐིག་པ་པདྨ་སམ་བྷ་བས་མཛད་པ་བེ་རོ་ཙ་ནས་བསྒྱུར་བ་ལྡེབ་༣། སྣང་བྱེད་སྒྲོན་མ་ཞེས་བྱ་བ་བི་མ་མི་ཏྲས་མཛད་པ། སྙན་བརྒྱུད་ཐུགས་ཀྱི་སྙིང་པོ་ཞེས་པ་རྫོགས་ཆེན་གྱི་ཁྲིད་ཡིག་ལེའུ་མང་པོ་ཅན་ཞིག ། རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ། འཕྲུལ་གྱི་མཚོ་པ་ཞེས་མཛད་བྱང་མི་གསལ་བའི་རྫོགས་ཁྲིད་ཞིག །ཤྲྰི་སེངྷའི་གླུ་ཞེས་པ་དང་རྡོ་རྗེ་གླུའི་བསམ་གཏན་ཞེས་པ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་བྲིས་མ་སྤུས་ལེགས་དཔེ་མི་འདྲ་བ་ཁག་གསུམ་ཙམ་ཡོད་ཀྱང་འགྱུར་བྱང་མ་རྙེད། སློབ་དཔོན་སངས་རྒྱས་རིན་པོ་ཆེ་ལས་བརྒྱུད་པ་རིག་པ་རྩལ་གྱི་དབང་བསྐུར་བའི་ཐབས་བཅོ་བརྒྱད་པ་ཞེས་པ། སྲིད་པ་རྒྱུན་བཅད་པའི་མན་ངག་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཡོན་ཏན་རྒྱ་མཚོ་ལ་གནང་བ་ཞེས་པ་ལྡེབ་༡༧། གཤིན་རྗེ་གཤེད་ཀྱི་ཕྲིན་ལས་ཀྱི་སྔོན་དུ་འགྲོ་བ་པདྨ་ནག་པོས་མཛད་པ། ཉི་མ་ཞི་བའི་རྩ་འགྲེལ་རྒྱ་གར་དྷ་ན་དྷ་ལས་མཛད་པ་ལྡེབ་༣༠། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོམ་ཞེས་པ་དང་། གཤིན་རྗེ་འཁོར་ལོའི་འགྲེལ་པ་ཞེས་པ་སོགས་གཤིན་རྗེའི་སྐོར་མང་། མ་མོའི་ཡིག་ཆ་ཟབ་མོ་ཞེས་པ་དང་། མ་མོ་བསམ་གཏན་གྱི་སྒྲོན་མ་རུ་པདྨས་རྣལ་འབྱོར་པ་ལ་གདམས་པ། སློབ་དཔོན་པདྨས་མཛད་པའི་གབ་པ་མངོན་ཕྱུང་། མཁའ་འགྲོ་ལས་ཀྱི་ཕྲེང་བའི་རིམ་པ་རྒྱ་གར་གྱི་སློབ་དཔོན་རོམ་བུ་འགུ་ཡ་ཙན་ཏྲ་དེ་བས་མཛད་པ། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་བེ་རོ་ཙ་ནས་བསྒྱུར་བ་ལྡེབ་༡༢། མ་ཆེན་དྲུག་ཅུ་རྩ་བརྒྱད་ཞེས་པ་མ་མོའི་སྐོར་མང་པོ། མ་མོ་གསང་བའི་ཏནྟྲ་ཨི་དྷ་བྷོ་དེས་མཛད་པ། པད་མ་ཐོད་ཕྲེང་གིས་སྒྱུར་བ་ལྡེབ་༢༠། སེམས་ཀྱི་དམིགས་དྲུག་ལ་བརྟེན་ནས་འགྲོ་བ་དྲུག་གི་སྐྱེ་གནས་སྟོང་པར་བྱེད་པའི་གནད་བསྟན་བ་ལྡེབ་༡༦ སློབ་དཔོན་སངས་རྒྱས་གཉིས་པ། སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ། །ཀླུའི་རྒྱལ་པོ་འཇོག་པོའི་རྣལ་འབྱོར་པ་རྣམས་ལ་གདམས་པ་ཞེས་པ། དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱི་དོ་ཧ་རྡོ་རྗེའི་གླུ་ཞེས་པ། 

ཨ་རོ་ཡེ་ཤེས་ནས་བརྒྱུད་པའི་དཔལ་འབར་འཕྲུལ་གྱི་ཡི་གེ་ཞེས་པ་ལྡེབ་༡༩་ཅན། རྫོགས་པ་ཆེན་པོ་བྱེད་རྩོལ་མྱེད་པའི་ཕྲིན་ལས་ཀྱི་རིམ་པ་ལྡེ་༡༤། སློབ་དཔོན་ཨ་རོའི་ཐུགས་ལ་རང་འབྱུང་ངམ་ཁོང་ཐོན་དུ་ཤར་བ་ཞེས་པའི་རྫོགས་སྐོར་ཞིག །མན་ངག་རིན་ཆེན་སྤུངས་པའི་བཤད་པ་ཞིག་ལྡེབ་གྲངས་མི་གསལ། སྙན་རྒྱུད་ཐུགས་ཀྱི་སྙིང་པོ་ཞེས་པ་རྫོགས་ཆེན་གྱི་ཁྲིད་ཡིག་ཞིག་འདུག་པ་དེ་ནི་ཨ་རོའི་སྙན་རྒྱུད་ཀྱི་ནང་གསེས་ཞིག་ཡིན་པར་སེམས། ཨ་ཏི་རང་གི་འདུག་ཚུལ་སྐུ་གསུམ་ཇ་ལོག་སྣང་གྲགས་ཀྱི་ཆོས་ལ་དཔྱད་དུ་མེད་པར་བསྟན་པ་ཞེས་པ་ལྡེབ་གྲངས་དང་མཛད་བྱང་མ་གསལ་བ། སྒྱུ་འཕྲུལ་དྲ་བ་རྩ་རྒྱུད་གསང་བ་སྙིང་པོ་དང་རྒྱུད་ཕྱི་མའི་ཁོག་དབུབ་རིན་ཆེན་འབར་བའི་གུར་སྒྲོ་ཕུག་པ་ཤཱཀྱ་སེངྒེས་མཛད་པ། གསང་སྙིང་རྩ་བ་ལ་མཆན་གྱིས་འགྲེལ་བའི་དཔེ་སྣ་རིང་ཐུང་མི་འདྲ་པ་གསུམ་ཙམ་སོགས་ཡོད།

བཀའ་གདམས་སྐོར་གྱི་དཔེ་རྙིང་ལ།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་པར་བཤད་པ་བསྡུས་པ་ཤཱཀྱའི་དགེ་སློང་བརྩོན་འགྲུས་སེངྒེས་སྤྱར་བ། ཐེག་པ་ཆེན་པོ་རྒྱུད་བླའི་བསྡུས་དོན་དགེ་སློང་ཆོས་ཀྱི་སློང་སེངྒེས་སྦྱར་བ། སྤྱོད་འཇུག་བསྡུས་དོན་ཤཱཀྱའི་དགེ་སློང་ཆོས་ཀྱི་སེངྒེས་སྦྱར་བ། ཞི་བྱེད་རྒྱུད་པ་ཕྱི་མའི་ཆོས་སྐོར་ལས་ལས་ཚན་ཉི་ཤུ་རྩ་བརྒྱད། ཐེག་པ་ཆེན་པོ་བསྡུས་པའི་བཤད་སྦྱར་སློབ་དཔོན་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ཆོས་རྣམས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པས་མཛད་པ་དཔེ་རྙིང་། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོའི་བཤད་པ་ཞེས་བྱ་བ་ཤཱཀྱའི་དགེ་སློང་དྷརྨ་གཟི་བརྗིད་ཀྱིས་སྤྱར་བ། བླ་མ་རིན་པོ་ཆེ་ལྕེ་སྒོམ་རྫོང་པ་མཁའ་སྐྱོང་གྲགས་པས་མཛད་པའི་མན་ངག་རིན་ཆེན་སྤུངས་པ་སྐབས་དོན་བཅུ་གསུམ་པ་ལྡེབ་༡༨༩། མན་ངག་རིན་ཆེན་སྤུངས་པ་ལས་ཤེས་རབ་སྟོང་པ་ཉིད་ཀྱི་དོན་གསལ་བར་བྱེད་པ་རྫོགས་སོ་ཞེས་པ་ལྡེབ་༥༦ཅན་ཞིག །རིན་ཆེན་སྤུངས་པ་ཞེས་བྱ་བའི་རྫོགས་ཆེན་གྱི་ཆོས་སྐོར་ཞིག །མན་ངག་རིན་ཆེན་སྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ་ཞེས་པ། མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་དཔེ་རྙིང་མཆན་འགྲེལ་ཅན། དྲག་པོ་གསུམ་འདུལ་རྒྱུད་ཀྱི་འགྲེལ་པ་བདུད་རྩིའི་མྱུ་གུ་ཞེས་བྱ་བ་པན་པི་ཏ་པུ་ན་མ་ཏི་དང་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བ། དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཛ་བ་རི་པས་མཛད་པ་བལ་པོའི་མཁན་པོ་པན་ཊི་ཏ་དེ་བ་སུ་ན་མ་ཏི་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོས་བསྒྱུར་བ་དཔེ་རྙིང་སོགས་ནི་མདོར་བསྡུས་ཙམ་ཞིག་གོ ། འདིར་དཔེ་རྙིང་པོད་བརྒྱ་ལྷག་ཙམ་ཞིག་ཡོད་པའི་བརྒྱ་ཆ་དགུ་བཅུ་གོ་དགུ་བྲིས་མ་ཡིན་ལ། བྲིས་གཟུགས་སོགས་ལ་གཞིགས་ན་སྔ་ཤོས་དུས་རབས་བཅུ་པ་ནས་ཕྱི་ཤོས་དུས་རབས་བཅུ་བཞི་པའི་གཡས་གཡོན་ཙམ་དུ་ཡིན་པའི་ཚོད་དཔག་བྱས་པ་ཡིན། འདིར་བྲིས་གཟུགས་མི་འདྲ་བའི་དཔེ་རྙིང་སྣ་ཁ་སུམ་ཅུ་ཙམ་ཞིག་ཡོད་པས་ཡིག་གཟུགས་ཁོ་ནའི་ངོས་ནས་ཀྱང་རིན་ཐང་ཆེན་པོ་འདུག ། 

འདིར་ཤིང་སྤར་གྱི་དཔེ་ནི་འབྲེལ་བ་དོན་གསལ་ཁ་འཐོར་ཞིག་ཡོད་པ་དེ་གཅིག་པུ་ཡིན་ཞིང་། དེ་ནི་ད་ལྟའི་ཆར་ང་ཚོའི་ཤེས་རྟོགས་ཐུབ་པ་ལ་མཚོན་ན་བོད་རང་སར་སྤར་ཤིང་བརྐོས་པ་སྔ་ཤོས་སུ་གྱུར་པ་སྟེ། སྤྱི་ལོ་༡༤༠༧ལ་སྟོད་ལྷོའི་ལྟེ་གནས་ཤེལ་དཀར་དུ་བརྐོས་པ་དེ་རེད་ལ། སྤར་མ་དེའི་དཀྱིལ་དུ་དར་ལུང་བརྒྱུད་སའི་སྒོར་ཐིག་ཀྱང་བརྐོས་ཡོད་པ་སོགས་ཉེ་དུས་ཀྱི་ཤིང་སྤར་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཡང་འདིར་ཡོད་ཀྱི་དཔེ་རྙིང་མང་ཆེ་བ་སྔ་འགྱུར་རྙིང་མའི་སྐོར་ཡིན་རུང་གཏེར་ཆོས་ཀྱི་ཆོས་དཔེ་ནི་གཅིག་ཀྱང་མེད། སྔ་འགྱུར་རྙིང་མའི་ནང་ནས་ཀྱང་ལོ་རྒྱུས་ཐོག་ཆེས་གལ་ཆེ་བའི་མི་སྣ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་ཆོས་སྐོར་དང་། ཨ་རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའི་རྫོགས་སྐོར་རྣམས་མང་། 

གཉིས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྐོར།

ལོ་ཙཱ་བ་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་ནི། ཡབ་གནུབས་རིགས་གསལ་བ་དབང་ཕྱུག་དང༌་ཡུམ་མཆིམས་མོ་བཀྲ་ཤིས་འཚོའི་སྲས་སུ། ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ར་བ་སྤྱི་ལོ་༧༨༤ལ་དབུས་རིའི་སྦྲགས་ཀྱི་ཕུར་སྐུ་འཁྲུངས། སྐྱ་མིང་རྡོ་རྗེ་ཁྲི་གཙུག་དང་ཆོས་མིང་སངས་རྒྱས་ཡེ་ཤེས། གསང་མཚན་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས། དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། དགུང་ལོ་དགུ་པར་མཁན་ཆེན་ཞི་འཚོ་ལས་རབ་ཏུ་བྱུང་། རྒྱ་གར་གྱི་མཁན་པོ་བྷ་སུ་དྷ་ར་བསམ་ཡས་སུ་ལོ་གསུམ་བཞུགས་རིང་གསེར་སྲང་གསུམ་ཕུལ་ནས་ཆོས་ཞུས། དེ་ནས་དགུང་ལོ་༡༣་པ་མེ་བྱི་ལ་བལ་ཡུལ་དུ་ཐོག་མར་ཕེབས་པ་ནས་བཟུང་རྒྱ་བལ་ཡུལ་དུ་ལན་བདུན་ཕེབས་པར་གྲགས། སློབ་དཔོན་ཤྲཱི་སིདྷ། བི་མ་ལ་མི་ཏྲ། ཀ་མ་ལ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། དྷ་ན་སཾ་སྐྲྀ་ཏ། སོ་ཀྱ་དེ་བ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། དྷརྨ་བོ་དྷི། དྷརྨ་རཱ་ཛ། གཙུག་ལག་དཔལ་དགེ །བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང༌། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་སོགས་བརྟེན་ནས་གསན་བསམ་མཛད་པས་སྙན་གྲགས་ཆེ་བའི་ལོ་ཙཱ་བ་གསང་སྔགས་ཀྱི་རིག་པ་འཛིན་པ་ཞིག་ཏུ་གྱུར།

དེ་ནས་དགུང་ལོ་དྲུག་ཅུ་རེ་གཅིག་པ་ཤིང་ཕོ་བྱི་བ་སྤྱི་ལོ༨༤༤ལ་ཁེང་ལོག་བར་པ་བྱུང་བ་སྟེ། དེ་ཡང་། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྦྲགས་ལ་ནག་པོའི་རྩེ་མོ་རུ། །ཉེས་འབྱེད་རླུང་གི་འཁོར་ལོ་བསྐོར། །སྦྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླགས། །ཞེས་པ་ལྟར་གཤིན་རྗེ་གཤེད་ཀྱི་དྲག་སྔགས་ཀྱིས་སྦྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླགས་པའི་རྐྱེན་གྱིས་རིགས་སྲས་གཉིས་ཀྱི་སྐུ་སྲོག་ཀྱང་ཤོར། སྦྲགས་སུ་གནས་མ་ཆགས་པར་གནུབས་ཡུལ་རོང་ལ་བྲོས་བྱོལ་གྱིས་ཕེབས། དེར་ཡང་མ་ཆགས་ཏེ་སྙེ་མོ་བྱེ་མཁར་བཟུང་། ཞེས་པ་ལྟར་སྙེ་མོ་བྱེ་མཁར་ནས་ཁེང་པོའི་དམག་མི་རྣམས་མཐུ་ཡིས་ཚར་བཅད་པར་གྲགས། ཡང་དེའི་འཕྲོ་ལས། ལྷ་སྲས་མངའ་ཐང་ཆེ་བས་སྤྱན་དྲངས་ཆོས་བཙུགས་ནས། །བསམ་ཡས་བྱང་ཆུབ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། །སླད་ནས་ཡར་འབྲོག་སྒང་འགྲིམ་གནུབས་ཡུལ་རོང་དུ་བྱོན། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བར་བྱ་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པར་བྱ་བའི་ཕྱིར། །ལས་ཀྱིས་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བ་ལེགས་པའི་སྒྲོན་མ་དང་། །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་བཞིར། །དམ་ཆོས་གཞུང་བཞིན་བཀའ་ལ་བརྟེན་ཏེ་ལོ་བདུན་བར་དུ་བཤད། །ཅེས་སློབ་བརྒྱུད་བསྐྱངས།

ཁོང་གཤེགས་པའི་དུས་ཚོད་ཞིབ་ཕྲ་མི་གསལ་ཡང་གུ་ཀྲ་ཆོས་འབྱུང་ལས། །གནུབས་ཀྱི་བན་ཆུང་སངས་རྒྱས་ངས། །ལོ་ནི་བརྒྱ་དང་སུམ་ཅུར་ལོན། །ཞེས་གསུང་པ་ལྟར་ན་བརྒྱ་དང་སུམ་ཅུ་ལྷག་ཙམ་ཞིག་བཞུགས་པའི་དབང་དུ་བཏང་ན། རབ་བྱུང་གོང་གི་ཤིང་ཕོ་བྱི་བ་སྤྱི་ལོ་༧༨༤ལ་སྐུ་འཁྲུངས་ནས་ཆུ་བྱ་༩༡༣གཡས་གཡོན་བར་བཞུགས་པ་ཡིན་ན། མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་སྐུ་འཁྲུངས་པ་ལ་ད་དུང་ལོ༣༤ཙམ་ཡོད། དེས་ན་ཁོང་ནི་དུས་རབས་མི་འདྲ་བ་གཉིས་བརྒྱུད་པ་མ་ཟད་སྔ་འགྱུར་གྱི་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་ཐེག་དགུའི་ཟབ་ཆོས་སྤྱི་དང་། ཁྱད་པར་དུ་དྲག་སྔགས་ཀྱི་ཆོས་སྐོར་རྣམས་ཁོང་བརྒྱུད་ནས་བོད་ལ་ཐོག་མར་དར་བ་ཞིག་ཡིན་པས། བོད་བརྒྱུད་ཆོས་ལུགས་ལོ་རྒྱུས་ཐོག་ཁོང་ནི་གལ་ཆེའི་མི་སྣ་ཞིག་ཡིན་པས་འཁྲུངས་འདས་ལ་མཚོན་ན། གནུབས་ཀྱི་བཀའ་ཤོག་ཆེན་མོ་ལས། །ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། ཅེས་འཁྲུངས་ལོ་ཤིང་བྱིར་གསུང་པ་ལྟར་སྔ་ན་སྤྱི་ལོ༡༨༤ལ་ཡིན་དགོས་པ་དང་ཕྱི་ན་སྤྱི་ལོ༨༤༤ལ་ཡིན་པ་ལས་འགྲོ་ས་མེད། རང་རྣམ་བཀའ་ཤོག་ཆེན་མོའི་ལས། །ལོ་དགུ་ལོན་ནས་དཔལ་གྱི་བསམ་ཡས་སུ། །རྒྱ་གར་ཡུལ་ནས་བ་སུ་དྷ་ར་བྱོན། །རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནས་བདག་གིས་བ་སུ་དྷ་ར་ལ། །གསེར་སྲང་གསུམ་ཙམ་ཕུལ་ནས་ལོ་གསུམ་སྤྱན་སྔར་བསྡད། །ཅེས་དང་། ངོ་མཐོང་བཅུ་གསུམ་མེ་ཕོ་བྱི་བའི་ལོ་ལ་བལ་བོར་ཕྱིན། །ཞེས་དང་། ཡང་། རྡོ་རྗེ་གདན་ནས་རྒྱལ་པོའི་བཀའ་བྱུང་ནས། ཁྱོད་ནི་བོད་ཀྱི་བན་ཆུང་ཆོས་བྱེད་དེ། །བོད་ཀྱི་བཀའ་ཁྲིམས་ཉམས་པས་ཆོས་བྱེད་ཡོང་མི་བཙུན། །ཙོ་ར་ཇག་རྐུན་མང་བས་དྲག་སྔགས་བསྟན། །དེ་ཕྱིར་བོད་ཀྱི་བན་ཆུང་སངས་རྒྱས་ཁྱོད། །བསྟན་པ་བསྲུང་བའི་དྲག་སྔགས་མང་དུ་འཆོང་། །ཞེས་བཀའ་གནང་ཚུལ་སོགས་ལ་བལྟས་ན་༧༨༤ལ་སྐུ་འཁྲུངས་ཏེ། ཁོང་རྒྱ་གར་དུ་བཞུགས་རིང་དུ་བོད་ཀྱི་བཀའ་ཁྲིམས་ཉམས་པ་ལྟ་བུ་ཞིག་གསལ་ཡོད། །

དེ་ནས་བན་ཆུང་བདག་འདྲ་སངས་རྒྱས་ཀྱིས། །རྒྱ་གར་མཁས་པ་བཅུ་གསུམ་ཞལ་ཡང་མཐོང༌། །ཤྲཱི་སེངྷའི་ཞལ་མཐོང་སྒོམ་སྒྲུབ་མན་ངག་གནང༌། །ཀ་མ་ཤི་ལ་ལ་སོགས་མཁས་པ་བཅུ་བཞི་ཡི། །ཞལ་མཐོང་མན་ངག་དཔག་མེད་དུ་མ་གནང༌། །ཞེས་གསུངས་ཀྱང་རེ་རེ་ནས་མཚན་སྨོས་མེད། དེ་ནས་རྒྱ་གར་བལ་ཡུལ་རུ་མཚམས་སུ། །སློབ་དཔོན་པདྨ་རྒྱལ་པོའི་སྤྱན་སྔར་མཆིས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས།།རྒྱ་གར་བལ་ཡུལ་རུ་མཚམས་ཀྱི། །རྡོ་རྗེ་རྩེ་ལྔ་དགྲ་འདུན་བྲག་ཕུག་ཏུ། །ཡང་དག་ཐུགས་ཀྱི་གཏེར་སྒོ་ཕྱེ། །ཏིང་འཛིན་ཐུགས་ཀྱི་འོད་ཟེར་འཕྲོས། །གསང་སྔགས་ཆོས་རྣམས་རྩ་བ་རུ། །ཀུན་འདུས་རྩ་བའི་རྒྱུད་དྲུག་དང༌། །མན་ངག་གབ་པའི་གཏེར་དྲུག་དང༌། །གསང་སྔགས་སྦས་པའི་འཆོང་དྲུག་དང༌། །ཕུར་པ་ཀུན་གྱི་གཞིར་གྱུར་པའི། །སྒྲུབ་ཐབས་རྩ་བ་སྡེ་དྲུག་དང༌། །རིན་ཆེན་གསང་སྡེ་བཅོ་བརྒྱད་གནང༌། ཞེས་པ་སོགས་ཆོས་མང་པོ་གནང་ཚུལ་གསལ། བོད་དུ་སློབ་དཔོན་རིན་པོ་ཆེ་ལྷོ་ནུབ་སྲིན་ཡུལ་དུ་ཕེབས་ཅེས་རྒྱ་མཚོ་ནང་དུ་རྡོ་འཕངས་པ་ལྟ་བུ་ཞིག་ཏུ་བཤད་རུང་། གནུབས་ཀྱི་རྒྱ་གར་བལ་ཡུལ་རུ་མཚམས་ཞེས་བའི་གནས་སུ་མཇལ་ཏེ་ཆོས་མང་པོ་གསན་ཡོད། དེ་ནས་དྲུག་ཅུ་རེ་གཅིག་བྱི་ལོ་ལ། །བདག་གི་སྐག་ལ་བབས་ནས་ཁེང་ལོག་བར་པ་བྱུང༌། །སྒྲགས་སུ་མ་ཆགས་གནུབས་ཡུལ་རོང་དུ་བྲོས། །ཞེས་པ་སྟེ་ཤིང་བྱི་ཕྱི་མ་སྤྱི་ལོ་༨༤༤་ལ་ཁེལ་བས་རྒྱལ་པོ་དར་མ་བཀྲོངས་ཚར་ཙམ་གྱི་དུས་ལ་ཁེང་ལོག་བར་པ་བྱུང༌བ་ཡིན་ན་ཁེང་ལོག་དང་པོ་ནམ་བྱུང་བ་རེད། ཡང་ཤིང་བྱི་ཕྱི་མ་སྤྱི་ལོ་༨༤༤་སྐུ་འཁྲུངས་པའི་དབང་དུ་བཏང་ན་ཁེང་ལོག་བར་པ་བྱུང༌བའི་དྲུག་ཅུ་རེ་གཅིག་བྱི་ལོ་དེ་༩༠༤ལ་ཁེལ་གྱི་ཡོད་པའང་དཔྱད་གཞི་ཞིག་རེད།

དེ་རྗེས་སྙེ་མོ་བྱེ་མཁར་ནས་ཁེང་ལོག་ཚར་བཅད་རྗེས། ལྷ་སྲས་མངའ་ཐང་ཆེ་བས་སྤྱན་དྲངས་ཆོས་བཙུགས་ནས། །བསམ་ཡས་བྱང་ཆུབ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། །སླད་ནས་ཡང་འབྲོག་སྒང་འགྲིམ་གནུབས་ཡུལ་རོང་དུ་བྱོན། །ཞེས་དང་། ཁོང་གི་ཆོས་གསན་སའི་བླ་མ་ནི་ཨུ་རྒྱན་པདྨ་དང༌། ཤྲཱི་སིངྷ། བི་མ་ལ་མི་ཏྲ། ཧཱུཾ་ཀ་ར། སོཀྱ་དེ་ཝ། རོམ་བུ་གུ་ཧྱ་དེ་ཝ་ཙནྟྲ། ཤིནྟཾ་གརྦྷ། དྷརྨ་བོ་དྷི། བ་སུ་དྷ་ར། གཉག་ཛྙཱ་ན་ཀུ་མཱ་ར་བཅས་ཡིན་པར་བསྟན་ཡོད། ད་སྔོན་ཁོང་གི་བསྒྱུར་ཆོས་ཚན་པ་༤༩། བརྩམས་ཆོས་ཚན་པ་༢༣་བཅས་མཐོང་བ་དང་། ལྷག་པར་རང་རྣམ་བཀའ་ཤོག་རྒྱ་བོ་ཆེའི་དཔེ་བྲིས་སྤར་མི་འདྲ་བ་གཉིས་ཡོད་པ་སོགས་ལས་གསལ་བ་ལྟར་ན། ཁོང་ཐད་ཀར་རྒྱལ་པོ་དར་མ་དང་འབྲེལ་བ་བྱུང་བའི་སྐད་ཆ་མེད་རུང་། ཕྱིས་ཀྱི་ལོ་རྒྱུས་དང་བླ་སྒྲུབ་དེ་ཚོའི་ནང་སྒྲུང་སྙན་པོ་གང་མང་ཞིག་བྲིས་ཡོད་རེད། འཁྲུངས་ལོ་ཤིང་བྱི་ཕྱི་མ་སྤྱི་ལོ་༨༤༤་ཡིན་པའི་དབང་དུ་བཏང་ན་སྔ་འགྱུར་རྙིང་མའི་དབང་ལུང་གི་བརྒྱུད་ཡིག་དང་མཚུངས་ཆེ་བ་མ་ཟད། འགོས་ལོས་ཀྱང་སྤྱི་ལོའི་དུས་རབས་བཅུ་པའི་ནང་གནུབས་ཀྱི་འགྲོ་དོན་ཆེ་བའི་སྒང་ཡིན་ཚུལ་དང་། ཟུར་ཤྰཀྱ་འབྱུང་དང་ཁོང་གཉིས་བར་ལ་མི་ཐོག་ཅིག་ལས་འགྱང་མེད་པར་བཤད་པ་སོགས་དང་མཐུན་ཆེ་བ་སོགས་མདོར་བསྡུས་ཙམ་མོ།

གསུམ་པ་སྔ་འགྱུར་རྙིང་མའི་ཐེག་པ་རིམ་དགུའི་སྐོར། 

དེ་ཡང་རྙིང་མའི་རྫོགས་ཆེན་ནི་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐབས་སུ་རྒྱ་གར་ནས་བོད་དུ་དར་བ་དང་། ཐེག་པ་རིམ་དགུའི་ལུགས་སྲོལ་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འདུས་མདོ་བོད་དུ་སྤེལ་བ་ནས་དར་རྒྱས་བྱུང་བ་ཞིག་རེད། སྤྱིར་རྙིང་རྒྱུད་སྒྱུ་འཕྲུལ་གསང་རྙིང་གི་ལུགས་ལྟར་ན་ཐེག་པ་ལྔ་རུ་འདོད་པ་དང་། འདུས་པ་མདོའི་ལུགས་ལ་ཐེག་པ་དགུ་དང་། གཞན་ཡང་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་གསུམ་ལས་ཀྱང་། ཐེག་པ་རིམ་དགུའི་རྣམ་བཞག་ཞལ་བཞེས་གནང་རུང་འདུས་པ་མདོའི་གཞུང་ནང་བཞིན་རྒྱས་བཤད་གནང་མེད། མདོ་དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་ཐོས། རང་རྒྱལ། བྱང་སེམས་གསུམ་དང༌། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་བསྐྱེད་པ་མ་ཧཱ་ཡོ་ག ། རྫོགས་ཨ་ནུ་ཡོ་ག །ཡོངས་སུ་རྫོགས་པ་ཨ་ཏི་ཡོ་ག་དང་གསུམ་སྟེ་ཐེག་པ་དགུ་རུ་བསྟན་ནས་དེ་དག་གི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་ནས་དབང་དང་དམ་ཚིག་གི་སྲུང་མཚམས། གནས་སྐབས་ཐེག་པ་སོ་སོའི་རང་ལམ་གྱི་འབྲས་བུའི་རྣམ་གཞག་དང་། མཐར་འབྲས་ཐེག་པ་གཅིག་ཏུ་གཞོལ་ཚུལ་སོགས་རྒྱས་པར་བསྟན་པའི་གཞུང་མདོ་འགྲེལ་མུན་པའི་གོ་ཆ་ཞེས་པ་དེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས་ནས་བཟུང་བོད་དུ་སྔ་འགྱུར་བའི་ཐེག་པ་རིམ་དགུའི་བཞེད་སྲོལ་དེ་རྒྱ་ཁྱབ་ཏུ་ཕྱིན་པ་ཞིག་ཡིན་འདུག །

སྤྱིར་སྔ་འགྱུར་རྙིང་མའི་མདོ་སྒྱུ་སེམས་གསུམ་གྱི་ཡ་གྱལ་དུ་གྱུར་པའི་འདུས་པ་མདོའི་སྐོར་ནི་ཨ་ནུ་ཡོ་གའི་སྐོར་གྱི་རྒྱུད་ལུང་ཉེར་གཅིག  མདོ་བཅུ། ལུང་གི་ཡི་གེ་བདུན་ཅུ་ཡོད་པ་ལས། གལ་ཆེ་བ་རྩ་བའི་མདོ་བཞི། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་སོགས་ཕལ་ཆེ་བ་རྣམས་ཁྲི་སྲོང་ཡབ་སྲས་ཀྱི་སྐུ་དུས་སུ་བསྒྱུར་བ་དཔེར་ན། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་དང་། ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོའི་མདོ་གཉིས་དྲི་མེད་བཤེས་གཉེན་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་དང་། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་བེ་རོ་ཙ་ནའི་འགྱུར་སོགས་རྒྱ་གཞུང་དང་། མདོའི་བཀའ་འགྲེལ་མི་ཤེས་མདུད་འགྲོལ་ཞེས་པ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པ་སོགས་བོད་འགྲེལ་གྱིས་སྤེལ་བའི་རྒྱུན་ཡོད་རུང་། ཡོངས་གྲགས་ཁྱབ་བརྡལ་དུ་སྤེལ་བ་ནི་གནུབས་སངས་རྒྱས་ཡེ་ཤེས་ཡིན་པར་རྒྱལ་དབང་ལྔ་པ་ཆེན་པོ་སོགས་མཁས་དབང་མང་པོས་བཞེད། དེས་ན་གནུབས་སངས་རྒྱས་ཡེ་ཤེས་ལ་འདུས་མདོའི་སྐོར་ཇི་ལྟར་བརྒྱུད་ཚུལ་བླ་བརྒྱུད་རྣམ་ཐར་ལས། ཕྱག་ན་རྡོ་རྗེ། ལི་ཙ་བཱི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ  ཨུ་པ་རཱ་ཛ། ནས་ཨིནྡྲ་བོ་དྷི། རྒྱལ་པོ་སིངྷ་པུ་ཏྲ། ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཝ་ཧསྟི། དེས་ཤཱཀྱ་རྣམ་གསུམ་སྟེ་ཤཱཀྱ་སེང་གེ །ཤཱཀྱ་པྲ་བྷཱ། ཤཱཀྱ་མུ་དྲ། དྷ་ན་རཀྵི་ཏ། ཧཱུཾ་མཛད་རྡོ་རྗེ། སྠི་ར་མ་ཏི། བདེ་བ་གསལ་མཛད། དེས་མ་གྷ་དྷའི་མདོ་མཁན་དྷརྨ་བོ་དྷི་དང་། ཤྲཱི་ན་ལེནྡཱར་མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷ་ར་དང་རྒྱ་གར་བ་གཙུག་ལག་དཔལ་དགེ་རྣམས་ལ་བཤད། དེ་ནས་དྷརྨ་བོ་དྷི་དང་། དྷརྨ་རཱ་ཛ། བ་སུ་དྷ་ར་གསུམ་གྱིས་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་བཤད། དེ་ནས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ཀྱིས་མདོ་མཁན་དྷརྨ་བོ་དྷི་དང༌། དྷ་ན་རཀྵི་ཏ་བྲུ་ཤའི་ཡུལ་དུ་སྤྱན་དྲངས་ཏེ་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་བོད་སྐད་དུ་བསྒྱུར་བར་གྲགས། དེ་རྣམས་ལས་གནུབས་སངས་རྒྱས་ཡེ་ཤེས་ལ་བརྒྱུད་དེ་སྤེལ་བར་བཤད། ལོ་ཙཱ་བ་ཆེ་བཙན་སྐྱེས་ནི། ཡུལ་ཡར་ལུངས་སུ་སྐུ་འཁྲུངས་པ་རྒྱ་གར་དང་བྲུ་ཤ་བོད་ཡིག་སྟེ་སྐད་རིགས་གསུམ་ལ་བྱང་བ་ཞིག །ཕྱིས་སུ་བྲུ་ཤའི་ཡུལ་དུ་མཛད་ཕྲིན་ལས་བསྐྱངས་པས་བྲུ་ཤའི་སློབ་དཔོན་དུ་གྲགས། ཁོང་རིམ་གཉིས་ཀྱི་ལམ་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་གྲགས་ཀྱང་ད་ལྟའི་ཆར་རྣམ་ཐར་ལོ་རྒྱུས་ཁ་གསལ་མ་རྙེད། 

བཞི་པ་རྒྱ་དཀར་ནག་གི་ཆོས་སྤེལ་སློབ་དཔོན་རྣམས་ཀྱི་རྩོད་པ། 

རྒྱ་ནག་གི་བསམ་གཏན་པ་ཧ་ཤང་མ་ཧྰ་ཡ་ན་དང་ཀ་མ་ལ་ཤི་ལའི་བར་གྱི་རྩོད་པའི་སྐོར་ལ། རྦ་བཞེད་དང་ཉང་ཆོས་འབྱུང་སོགས་ལས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་མ་ཟད། ཕྱིས་ཀྱི་ལྟ་གྲུབ་འཛིན་པ་རྣམས་ཀྱིས་རང་ཉིད་ཀ་མ་ལ་ཤི་ལའི་ལུགས་དང་མཐུན་ཚུལ་དང་། རྒྱ་ནག་གི་བསམ་གཏན་པའི་སྒོམ་ལ་རྒྱུ་མཚན་ཡོད་མེད་ཅི་རིག་གིས་སྐྱོན་བརྗོད་བྱས་པ་མང་བ་དང་། ཡང་ཀློང་ཆེན་རབས་འབྱམས་དང་ཇོ་ནང་ཏ་ར་ན་ཐ་ཀ་ཐོག་ཚེ་དབང་མཆོག་གྲུབ་སོགས་རྒྱ་ནག་གི་བསམ་གཏན་པ་ལ་གདེངས་འཇོག་གནང་མི་ཡང་ཉུང་ཤས་ཞིག་སྟེ་ལུགས་གཉིས་བྱུང་བའི་དོན་དངོས་ཤེས་འདོད་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས་གཞུང་ལ་ལྟ་རྒྱུ་ཤིན་ཏུ་གལ་ཆེན་ཞིག་སྟེ། ཁོང་གི་གསུང་བསམ་གཏན་མིག་སྒྲོན་དུ་སློབ་དཔོན་གཉིས་ཀའི་དགོངས་བཞེད་ལ་ས་བཅད་རེ་རེ་བཞག་ནས་བྲིས་ཡོད་པ་ནི་ཧ་ཅང་རིན་ཐང་ཆེན་པོ་ཞིག་རེད། ད་དུང་ཁོང་གི་གསུང་མན་ངག་ལྟ་བའི་རྫོང་འཕྲེང་ལས་ཀྱང་གལ་ཆེའི་གནད་དོན་མང་པོ་ཤེས་ནུས་པ་སོགས་ཁོང་གི་གསུང་རྣམས་ཤིན་ཏུ་རིན་ཐང་ཆེན་པོ་ཆགས་ཡོད། འོན་ཀྱང་ད་ལྟའི་ཆར་བསམ་གཏན་མིག་སྒྲོན་གྱི་དཔེ་གཅིག་རང་ལས་མེད་ཅིང་དེ་ལ་དོགས་གཞི་མང་པོ་ཞིག་ཡོད་པའི་རྐྱེན་གྱིས། དཔེ་བསྡུར་བྱ་སའི་མ་དཔེ་གཞན་པ་ཞིག་རྙེད་པའི་རེ་བ་བྱེད་ཀྱི་ཡོད། 

ལྔ་པ་ལྷ་སྲས་དར་མ་དང་གནུབས་ཆེན་འབྲེལ་བའི་སྐོར། 

གནུབས་སངས་རྒྱས་ཡེ་ཤེས་ནི་དུས་སྐབས་དེའི་མི་སྣ་གལ་ཆེན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད་ལ། བོད་ཀྱི་ལོ་རྒྱུས་རྣམས་སུ་བཤད་པ་ལྟར་ན་དར་མས་བསྟན་པ་བསྣུབས་པ་མ་བཟོད་པར་དྲགས་སྔགས་སྦྱང་ནས། རྒྱལ་པོ་བསྒྲལ་བར་དགོངས་པའི་ཚེ་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་པ་ཐོས་ནས་དྲག་སྔགས་རྣམས་གཏེར་དུ་སྦས་པར་བཤད་པ་དང་། ཡང་རྒྱལ་པོ་དར་མ་ལ་རྫུ་འཕྲུལ་བསྟན་ནས་དངང་དུ་བཅུག་པར་རྒྱལ་པོས་སྔགས་པའི་རིགས་ལ་གནོད་པ་མི་བྱེད་པའི་དམ་བཅའ་ཕུལ་བར་བཤད་པ། གནུབས་ཀྱིས་ངས་རྫུ་འཕྲུལ་གྱིས་རྒྱལ་པོ་དངང་དུ་བཅུག་ཡོད། ད་ཁྱེད་རང་སོང་ནས་སྒྲོལ་ཤོག་ཞེས་ལྷ་ལུང་དཔལ་རྡོར་ལ་ལབ་རབ་སོགས་བཤད་ཚུལ་སྣ་ཚོགས་ཞིག་མཐོང་རྒྱུ་ཡོད་པ་དང་། ཡང་ལྷ་ལུང་དཔལ་རྡོར་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་ཚུལ་དང་། དེས་རྒྱལ་པོ་དར་མ་བསྒྲལ་བ་ནི་བསྟན་པའི་མཛད་རྗེས་རླབས་ཆེན་ཡིན་རབས་སྒྲོག་པ་ནི་མགོ་བོ་བཅད་ནས་མཇུག་མའི་རྒྱན། །སྨྱོན་པ་མིན་པ་སུ་ཡིས་བྱ། །ཞེས་པ་ལྟར་གལ་སྲིད་སྐད་ཆ་འདི་ཚོ་བདེན་སྲིད་ན། སྟོན་པ་སངས་རྒྱས་ནས་བཟུང་བར་མ་ཆད་པར་དགེ་སྦྱོང་གི་ཆོས་བཞིའི་དམ་བཅའ་མ་དོར་བ། མཁན་ཆེན་བྱང་ཆུབ་སེམས་དཔའི་རྒྱལ་ཚབ་ཞིག་གིས་བོད་ཀྱི་རྒྱལ་པོ་བསད་པ་ནི་བསམ་ཡུལ་ལས་འདས་པ་སྟེ། སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་བཤད་ན་ཞབས་འདྲེན་དེ་ལས་ཆེ་བ་ཞིག་མེད་པ་ནི་བཤད་མ་དགོས་པ་རེད་ལ། དེ་ལྟར་ན་ཆོས་འཇིག་རྟེན་གྱི་བྱ་བཞག་ཡོད་ཚད་ཆོས་དཔོན་དག་གིས་གཉེར་བའི་སྲོལ་འདི་ལྷ་ལུང་དཔལ་རྡོར་གྱི་ཤུལ་བཞག་ཡིན་ནམ་ཅི།

ལོ་རྒྱུས་དེ་ཚོ་བདེན་ན་བོད་རྒྱལ་ལྷ་ལུང་པས་བསད་པ་ལས་གནུབས་ཀྱིས་བསད་པ་ཡིན་ན་མི་ལ་སྐད་ཆ་བཤད་བདེ་བ་སྟེ། སྟོན་པའི་རྒྱལ་ཚབ་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་ཞིག་གིས་རྒྱལ་པོ་བསད་པ་མ་ཡིན་པར། ཁྱིམ་སྔགས་པ་ཞིག་གིས་བསད་པའི་ཁྱད་པར་ཙམ་ལས་མཇུག་འབྲས་ནི་གཅིག་སྟེ་གཉིས་ཀས་སྤྱི་ཚོགས་ལ་འགན་མི་ཁུར་བ་འདྲ། འོན་ཀྱང་ད་ཡོད་གནུབས་ཀྱི་གསུང་རབ་སྤྱི་དང་དྲགས་ཀྱི་ཆོས་སྐོར་མང་པོ་མཐོང་བ་རྣམས་སུ་དེའི་སྐོར་གྱི་ཚིག་གཅིག་མ་རྙེད་པ་དང་། ལྷག་པར་དུ་གནུབས་ཀྱི་རང་རྣམས་བཀའ་ཤོག་རྒྱ་བོ་ཆེ་ལས་སྐུ་འཁྲུངས་ནས་བཟུང་ཐོས་བསམ་གནང་ཚུལ། རྒྱ་བལ་བྲུ་ཤའི་ཡུལ་ནས་ཆོས་གསན་པ་དང་བསྒྱུར་བ། ལྷག་དོན་དྲག་སྔགས་ཀྱི་ཟབ་ཆོས་མང་པོ་བསྒྱུར་སྤེལ་གནང་ཚུལ། ཁེང་ལོག་སྐབས་སུ་དྲག་སྔགས་ཀྱིས་ཁེང་པོ་རྣམས་ཚར་བཅད་ཚུལ་གསལ་བ་དང་། དེའི་རྗེས་ལྷ་སྲས་ཀྱི་གདན་འདྲེན་ཞུས་པ་བརྒྱུད་ཆོས་སྤེལ་ཚུལ་སོགས་དེ་སྐབས་ཀྱི་གནས་ཚུལ་མང་པོ་གསལ་ནའང་། རྒྱལ་པོ་དར་མས་ཆོས་བསྣུབས་པ་དང་ཁོང་བཀྲོངས་ཚུལ་མི་གསལ་བ་འདི་ཡང་གནད་དོན་ཞིག་རེད། དེས་ན་ཁོང་གི་རང་རྣམས་གཙོ་བོར་གྱུར་པའི་གསུང་རྣམས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད། 

དྲུག་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་སྐོར། 

ད་སྔོན་བོད་ཀྱི་དགོན་སྡེ་དང་དཔེ་མཛོད་ཁང་རྣམས་སུ་མཐོང་ཐོས་དཀོན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་གསུང་མང་པོ་ཞིག་བྱེ་མཁར་དགོན་ནས་ཐོན་ཡོད། ཨ་རོ་ཡེ་ཤེས་འབྱུང་གནས་དུས་རབས་དགུ་པའི་མཇུག་ནས་བཅུ་པའི་ནང་ཙམ་ལ་བྱོན་པ་ཞིག་ཡིན་རུང་ལོ་རྒྱུས་ཆོས་འབྱུང་ཁག་ཏུ་སྤྲུལ་པའི་མི་ཡིན་ཚུལ་ཙམ་ལས་དངོས་དོན་ལོ་རྒྱུས་མི་གསལ། ཇོ་བོ་རྗེས་བོད་རྩོམ་མང་པོ་གཟིགས་པའི་ནང་ནས་ཨ་རོའི་ཐེག་ཆེན་རྣལ་འབྱོར་ལ་བསྔགས་བརྗོད་ཆེ་བ་ཞིག་གནང་མ་མྱོང་སྐད། ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་ཨ་རོ་སྙན་རྒྱུད་ཀྱི་བརྒྱུད་པ་ལྟར་ན་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ལོ་ཡེ་ཤེས་གཞོན་ནུ། སྤྲུལ་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས། ཡང་ན་གཡུ་སྒྲ་སྙིང་པོ། ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་པ་ལྟར་ཁོང་ཡང་བོད་བཙན་པོའི་སྐབས་ནས་བཟུང་སིལ་བུའི་བར་གྱི་ཤེས་རིག་རྒྱུན་མཐུད་པའི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ཕྱིས་སུ་ཁོང་ཁམས་འདན་ཁོག་ཏུ་ཇོ་བོ་སེ་བཙུན་དང་མཉམ་དུ་བསྟན་པ་སྤེལ་ཚུལ་དང་། ཡང་ཨ་རོ་སྙན་བརྒྱུད་འདི་ཡང་རྒྱ་ནག་བསམ་གཏན་པའི་ལྟ་བ་དང་འདྲེས་ཚུལ་སོགས་བཤད་སྲོལ་སྣ་ཚོགས་ཞིག་ཡོད། ཁོང་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་ཞིག་ཡིན་པས་གསུང་རྣམས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།

ཞེས་སྤྱི་ལོ༢༠༠༥ལོའི་ཟླ་༣པའི་ཚེས་༨་ནས་བཟུང་ཚེས་༢༣་ལ་སྙེ་མོ་མཁར་དུ་བྲིས་པ་ཞིག་ཡིན་ཞིང་། དེའི་རྗེས་འདི་དང་མཉམ་དུ་རྩོམ་ཟིན་མང་པོ་ཞིག་ལོ་བཅོ་ལྔ་ཙམ་གྱི་རིང་མ་རྙེད་པར་བོར་བརླགས་ཤོར་བ་རྣམས། ཉེ་ཆར་གློག་རྡུལ་ཡིག་ཆ་གཞན་པ་ཞིག་གི་བར་ནས་མང་ཆེ་བ་རྙེད་སོན་བྱུང་བ་ལ། ཚིག་དོན་གཉིས་ཆར་ནས་མ་བདེ་བ་འགའ་ཤས་མཐོང་རུང་ལོ་༡༥གོང་གི་སེམས་ཁམས་དང་བྱང་ཚད་ལ་བརྩི་བཀུར་ཞུས་ཏེ་མ་བཅོས་པར་བཞག་ཡོད། འདིར་བརྗོད་བྱ་གཙོ་བོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་སྙེ་མོ་བྱེ་མཁར་ཆོས་སྡེ་དགོན་གྱི་ཆ་འཕྲིན་མཁོ་འདོན་ཞུ་ཁུལ་ཡིན་རུང་། ཞར་དུ་དགོས་མེད་ཀྱི་གཏམ་ཉོག་མང་པོ་ཞིག་འདྲེས་ཤོར་བར་གང་ཟག་སུ་འདྲ་ཞིག་གི་ཐུགས་ལ་མ་བདེ་བ་བྱུང་ན་དགོངས་དག་དང་བཟོད་གསོལ་ཞུ་རྒྱུ་བཅས། སྤྱི་ལོ་༢༠༡༩ལོའི་ཟླ་༦པའི་ཚེས་༢༡་གི་དགོང་མོའི་ཆ་ལ་ཀརྨ་བདེ་ལེགས་ཀྱིས་ཕུལ་བའོ། །